སྐྱོ་བྲག་དགའ་དབང་།
དམ་པའི་ཆོས་ཉམས་སུ་ལེན་པའི་སྐལ་བ་དང་ལྡན་པའི་གང་ཟག་དག་གིས། གྲུབ་པའི་གཙུག་རྒྱན་རྗེ་བཙུན་མི་ལ་རས་པས་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཧི་མ་ལ་ཡའི་རི་རྒྱུད་ན་ཡོད་པ་དག་ཏུ་སྒྲུབ་པ་ཉམས་ལེན་བྱེད་པ་ཞིག་བྱུང་ན། དབེན་ལ་མཐུན་རྐྱེན་འཛོམས་པ་དང་། བརྒྱུད་པའི་བྱིན་རླབས་འཇུག་པའི་ཞལ་བཞེས་ཡོད་ཕྱིར། ཡུལ་དུས་དང་སྟུན་པའི་སྒྲུབ་གནས་ངོ་སྤྲོད་བྱ་ཐབས། གློག་བརྙན་དང་། པར་དེབ་བཟོ་བའི་རྒྱུ་ཆ་འཚོལ་སྒྲུབ་ཆེད།
འབའ་རོམ་བཀའ་བརྒྱུད་པའི་ཆོས་ཀྱི་ཞིང་ས་ཡུལ་སྐྱོ་བྲག་གི་མཁན་པོ་དཔའ་བརྟན་བལ་ཡུལ་དུ་ཡོང་བ་ན། ཆུ་དབར་དགོན་གྱི་མཁན་རྒན་ཕྲིན་ལས་ཆོས་འཕེལ་ལགས་ཀྱིས། གཉའ་ནང་ལ་བཞད་པ་རྡོ་རྗེ། ཆུ་དབར་ལ་མཐོང་བ་དོན་ལྡན། ལ་ཕྱི་ལ་ང་འདྲ་མ་སྟེ། རྗེ་མི་ལའི་སྐུ་བརྙན་འགངས་ཆེན་གསུམ་ཡོད་པའི་ངོ་སྤྲོད་གནང་བ་བཞིན་མཁན་པོ་དཔའ་བརྟན་ལ་མི་ལའི་སྐུ་བརྙན་མཐོང་བ་དོན་ལྡན་མཇལ་སྐལ་བྱུང་ཤག །
སྐུ་འདིའི་ལོ་རྒྱུས་ལ། ལ་ཕྱིའི་རྡོར་འཛིན་དོན་གྲུབ་དཔལ་ལྡན་གྱིས། ལ་ཕྱིའི་གནས་ཀྱི་བྱུང་བ་དྭངས་གསལ་ཤེལ་གྱི་མེ་ལོང་དུ། སྒྲུབ་སྡེ་འདིའི་རྟེན་གྱི་གཙོ་བོ་ནི། བླ་མ་ལྷ་ཁང་དུ། རྗེ་བཙུན་བཞད་པ་རྡོ་རྗེ་མྱ་ངན་ལས་འདས་པའི་པུར་ཐལ་དང་། ཞལ་བཞུགས་ཀྱི་ཤངས་མཚལ་འཇིམ་པ་དང་བསྲེས་ནས་རྗེ་བཙུན་རས་ཆུང་པས་བཞེངས་པའི་སྐུ་བརྙན་མཐོང་བ་དོན་ལྡན་ཞེས་བྱིན་རླབས་ཤིན་ཏུ་ཆེ་བ་དང་། ཞེས་བྲིས་གདའ་ལ། ཁོ་ཚོས་འགྲེལ་བཤད་བྱེད་པ་ནའང་དེ་ག་རང་བཤད་ཡོང་གི་གདའ།བོད་ལ་དུས་འགྱུར་བྱུང་སྐབས། ཡུལ་མིས་བལ་ཡུལ་དུ་ཁུར་ཡོང་སྟེ་ཁྱིམ་ཚང་དུ་ལོ་གཉིས་གསུམ་ཞིག་ཉར་རྗེས་དགོན་པ་ལ་རང་འཇགས་ཕུལ་བ་ཡིན་སྐད་རེད།
དིང་སང་ནི་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་རྒྱབ་ལོགས། ཏྀན་ཙུ་ལོ་སྟེ་སུམ་ཐབ་ཏུ་འབོད་པའི་ས་ཆ་དེའི་རླངས་འཁོར་ལམ་ཆེན་ཟུར་ན། བོད་ལ་དུས་འགྱུར་བྱུང་རྗེས་གསར་བཞེངས་གནང་བའི་སྒོ་བྱང་ལ། སྟོད་ལ་ཕྱི་རོང་ཤར་ཆུ་དབར་དགའ་ལྡན་འགྲོ་ཕན་གླིང་གྲྭ་ཚང་། ཞེས་བྲིས་པའི་དགེ་ལུགས་དགོན་པ་ཆུང་ངུ་ཞིག་འདུག་པ་དེའི་ལྷ་ཁང་ཕུགས་ཀྱི་ཀུན་དགའ་ར་བའི་ནང་དུ་བཞུགས་སུ་གསོལ་གདའ།
སྐུའི་ཆེ་ཆུང་མི་ཚད་ཙམ་པ་ལ། སྐུ་ཤ་རྒྱགས་པ། ཞལ་སྒོར་མོ། སྤྱན་ཧུར་རེ་བ་ཞིག་ཡོད་པའི་སྐུ་ལུས་གོས་ཆེན་ཟླ་གམ་གྱིས་བཏུམས་པས་ཕྱག་ཞབས་ཀྱི་འཇོག་སྟངས་གང་ཡིན་མ་ངེས་ཀྱང་།དབུ་ལ་རྒྱ་གསེར་གོས་ཆེན་གྱི་ཞྭ་མོ་ལེབ་མོའི་ཞྭ་ཁར་སྟོང་སྐུད་ནག་པོའི་ཁ་ཚར་བཏགས་པ་ཞིག་གསོལ་བས་གདོང་གི་ཤངས་རྩེའི་ཡན་ཁེབ་པ་སྟེ་ཞྭ་གོས་གཉིས་པོ་ནི་གསར་ཚེམ་རེད་ཤག །
ད་རུང་དགོན་པ་འདི་ལ་ཁྲོ་ལིའི་གཙང་སྨྱོན་གྱི་སྐུ་མི་ཚད་མ་གསུང་བྱོན་དང་། གྲུབ་ཐོབ་དབུས་སྨྱོན་གྱི་སྐུ་གསུང་བྱོན་མ། མི་ལའི་རྣམ་ཐར་འབུར་བརྐོས་སོགས་རྟེན་རྙིང་ངོ་མཚར་ཅན་འགའ་བཞུགས་གདའ་བས། ང་ཚོས་རྡོ་རྗེ་འཆང་ཐུང་མའི་གསོལ་འདེབས་དང་།བླ་སྒྲུབ་ཀྱི་ཚོགས་མཆོད་ཕུལ་ཏེ། སྒོམ་ཐུན་ལ་འདུག་པ་དང་། ཕྱག་ཆེན་སྨོན་ལམ་འདོན་པ་སོགས་གང་འདོད་བྱས་པ་ཡིན།
གཞན་མི་ལ་རས་པའི་རིང་བསྲེལ་དང་ན་བཟའ་སོགས་རྟེན་བྱིན་ཅན་ཁ་ཤས་ཡོད་པ་ནི། མི་ལའི་འདས་མཆོད་ཀྱི་ཉིན་མོ་སྟེ། བོད་ཟླ་གསུམ་པའི་ཚེས་པ་བཅུ་བཞིའི་ཉིན། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་མི་ལ་རས་པའི་བླ་སྒྲུབ་ཆོ་གའི་སྒོ་ནས་ཚོགས་མཆོད་ཕུལ་ཅིང་།མི་དམངས་ལ་ཉིན་གང་མཇལ་ཁ་གནང་སྲོལ་ཡོད་པ་ཙམ་སྟེ། ལོ་གཅིག་ལ་ཐེངས་གཅིག་གི་མཇལ་ཁ་ཡིན་པར་གསུང་གི་གདའ་འོ། །
བོད་ཀྱི་ལོ་རྒྱུས་རྩ་ཆེན་འདི་དག་ཐུགས་སྣང་དང་ཆེད་བསྒྲགས་གནང་བར་བཀྲིན་ཆེ། བོད་འབངས་ཚོས་ལོ་རྒྱུས་འདི་དག་ལ་ཉར་ཚགས་དང་ཐུགས་སྣང་ལོས་དགོས། རིང་མིན་མཇལ་ཐུབ་པར་སྨོན་ནོ།།
ལ་ཕྱིའི་སྐུ་མཐོང་བ་དོན་ལྡན་མཇལ་བ་སྐལ་བ་བཟང་།
་་་་་་་ གཉའ་ནང་ལ་བཞད་པ་རྡོ་རྗེ། ཆུ་དབར་ལ་མཐོང་བ་དོན་ལྡན། ལ་ཕྱི་ལ་ང་འདྲ་མ་སྟེ། རྗེ་མི་ལའི་སྐུ་བརྙན་འགངས་ཆེན་གསུམ་ཡོད་་་་་་་