ནམ་མཁའ།
སྐུ་ངོ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་འདེབས་འཛུགས་བྱས་བའི་ཆབ་སྲིད་གླེང་མོལ་གྱི་ཤེས་བྱའི་ལྡུམ་ར་ཞིག་ཡོད། ཕྲན་ཀྱང་ཤེས་བྱའི་ལྡུམ་ར་དེའི་ནང་གི་ཡིད་དབང་འཕྲོག་པའི་མེ་ཏོག་སྣ་བརྒྱ་བཞད་པ་ལ་ལོངས་སུ་སྤྱོད་མཁན་གྱི་སྦྲང་མ་ཆུང་ཆུང་ཞིག་ཡིན། སྐུ་ངོ་ལགས་ཀྱིས་ཤེས་བྱའི་ལྡུམ་ར་དེའི་ནང་དུ། གསར་དུ་བཞད་པའི་འདབ་མ་སྟོང་ལྡན་གྱི་མེ་ཏོག་པད་མ་དཀར་པོ་ཞིག་སྟེ། ཡིད་སེམས་འགུལ་བའི་འཕྲུལ་དེབ་གངས་ཅན་ལྗོངས་སུ་སངས་རྒྱས་བྱོན་པ་ཟེར་བ་དེ་གདན་འདྲེན་ཞུས་སོང་། གཤོག་རྩལ་གཉོམ་ཡང་མེ་ཏོག་སྣ་བརྒྱ་ལོངས་སུ་སྤྱོད་མཁན་གྱི་སྦྲང་མ་ཞིག་ལ་མཚོན་ནས་བཤད་ན། གནམ་འཕངས་གཅོད་པའི་གཤོག་རྩལ་མེད་ན་ཡང་། མཐའ་སྐོར་གྱི་མེ་ཏོག་གི་སྦྲང་རྩི་ལ་རོལ་འདོད་པ་ནི་ཆོས་ཉིད་ལྟ་བུ་ཞིག་ཡིན་པས། གསར་དུ་བཞད་མ་ཐག་པའི་མེ་ཏོག་པད་མ་ལྟ་བུའི་དེབ་དེ་རེག་ཨེ་ཐུབ་ལ་འབད་བརྩོན་བྱས་ཀྱང་། དེ་རིང་བར་དུ་རེག་མ་སོང་པས་ཕྲན་གྱིས་འདིར་སྐུ་ངོ་མཆོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
དེ་རིང་འདིར་དེབ་འདི་བཀླགས་པའི་འཆར་སྣང་མ་བྲིས་སྔོན་དུ། དེབ་འདིའི་རྩོམ་པ་པོ་སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཐོག་མར་མཇལ་བའི་རྒྱུད་རིམ་ཐུང་ངུ་ཞིག་ཞུ་འདོད་བྱུང་། ང་རང་བོད་ནས་གདན་ས་ལ་ཐོག་མར་སླེབས་པའི་ལོ་དེར། དགེ་བཤེས་ཐུབ་བསྟན་སྦྱིན་པས་ལྷ་རམས་པའི་དམ་བཅའ་འཇོག་གི་འདུག ངས་བརྗེད་ནོར་ཤོར་མེད་ཚེ་ངའི་འཛིན་གྲྭ་གཅིག་པའི་ཆོས་གྲོགས་ཞིག་གིས་སྐུ་མདུན་གྱི་དབྱིན་ཅིའི་གསུང་བསྒྱུར་རེད། ད་ལོ་ཁོས་དགེ་བཤེས་ལྷ་རམས་འཕར་མའི་དམ་བཅའ་འཇོག་གི་ཡོད་པ་རེད་ཟེར། སྐབས་དེར་ཕྲན་གྱིས་ལྷ་རམས་འཕར་མ་ཟེར་བའི་ཐ་སྙད་དེ་ཐོས་པ་ཐོག་མ་ཡིན་སྟབས། དོན་དག་ཡག་པོ་ཞིག་གོ་མེད་པ་གསལ་བོར་དྲན་གྱི་འདུག
གང་ལྟར་ཡང་། འབྲུ་དྲུག་སྙེ་མ་བཞིན་ཞི་ཞིང་དུལ་བའི་གྲྭ་བ་གཉོམ་ཆུང་སྐུ་ཤ་ཡང་ཅུང་སྐམ་པོ་ཅན་ཞིག་ཏུ་མཐོང་སོང་པ་མ་ཟད། རྟགས་གསལ་གཏོང་མཁན་གྱི་རིག་པ་སྨྲ་བ་ཚོར་ལན་འདེབས་དུས་ཡང་ང་རྒྱལ་མེད་པའི་རིག་པ་རྣོ་མྱུར་ཟུང་ལྡན་ཅན་ཞིག་ཏུ་མཐོང་། སྐབས་དེར་ཕྲན་གྱིས་ཀྱང་དགེ་བཤེས་ཁོང་ལ་རྟེན་འབྲེལ་ཙམ་གྱི་ཆེད་དུ། ཕར་ཕྱིན་གྱི་སེམས་བསྐྱེད་སྐབས་ཀྱི་གསེར་ཕྲེང་དང་རྣམ་བཤད་སྙིང་རྒྱན་གྱི་ཚིག་ཟིན་ལ་མི་མཐུན་པ་ཞིག་གཞིར་བཟུང་སྟེ་རྟགས་གསལ་ཐུང་ངུ་ཞིག་བཏང་པ་ཡིན། ཕྲན་གྱིས་དེ་རིང་ཡང་ད་རུང་གསལ་བོར་དྲན་པ་ཞིག་ལ། དགེ་བཤེས་ལགས་ཀྱིས་མགོ་ཡི་ཞྭ་མོ་ཕུད་དེ་ཕྲན་གྱི་གདོང་པ་ལ་གསལ་བོར་ཞིག་གཟིགས་སོང་བ་དྲན་གྱི་འདུག དེ་རིང་འདིར་ཁ་ཕྱིར་འཁོར་ནས་བསམ་བློ་ཞིག་བཏང་ན། ཕྲན་གྱིས་ཨ་མདོའི་སྐད་དམ་པོ་རྒྱབ་ཡོད་སྟབས་མིན་ནམ་སྙམ། ངའི་མི་ཚེ་ནང་དུ་དགེ་བཤེས་ལྷ་རམས་གཏོང་མཁན་ཞིག་ལ། རྟགས་གསལ་བཏང་བ་ཐོག་མ་ཡིན་སྟབས། ཕྲན་ས་གནས་གང་དུ་སོང་ཡང་སྐབས་དེའི་ཚོར་བ་དེ་བརྗེད་མེད་དུ་གྱུར་ཞིང་། གང་ལྟར་ཡང་། དགེ་བཤེས་ལགས་ཀྱིས་གང་ཞིག་སྦྱངས་བའི་ཆོས་དེ་སེམས་སུ་འདྲེས་ཡོད་པའི་ཚོར་བ་ཞིག་སྤྲད་སོང་པས། འདིར་ཡོ་རུབ་ལ་སླེབས་ནས་གྲོགས་པོ་མང་པོ་ཞིག་ལ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ང་རྒྱལ་མེད་པའི་མཁས་དབང་ཞིག་ཡིན་ཞེས་ཐེངས་མང་བཤད་མྱོང་། སྐབས་རེ་དགེ་བཤེས་ལྷ་རམས་ཀྱི་དམ་བཅའ་འཇོག་མཁན་གྱི་གྲྭ་བ་ཁ་ཤས་དེ་ལྟ་བུ་མ་ཡིན་པར། ལྒང་བུའི་ནང་དུ་དབུགས་རྒྱབ་པ་ལྟ་བུའི་མགོ་བོ་ཡར་བཀྱག་ཞིང་སྐད་གསེང་མཐོན་པོ་ཡོད་མཁན་ཡང་མཇལ་མྱོང་ཡོད།
༧གོང་ས༧མཆོག་དགའ་ལྡན་དུ་ཕེབས་པའི་སྐབས་ཞིག་ལ། དེང་སང་ཨེ་ཊ་ལེར་བཞུགས་པའི་དགའ་བྱང་རྒྱ་རོང་ཁང་ཚན་གྱི་དགེ་བཤེས་ལྷ་རམས་པ་དགེ་འདུན་མཐར་ཕྱིན་དང་། ཁོང་གཉིས་ཀྱིས་དགའ་ལྡན་བླ་སྤྱིའི་རྡོ་སྐས་སྟེང་ན་ཁ་བརྡ་བྱེད་བཞིན་པ་ཞིག་མཐོང་མྱོང་། དེ་མིན་དགེ་བཤེས་ཐུབ་བསྟན་སྦྱིན་པ་དངོས་སུ་མཇལ་མྱོང་མེད་པས། དགེ་བཤེས་མཆོག་ལ་ཆ་མེད་རྒྱུས་མེད་ཞིག་ཡིན་མོད། འོན་ཀྱང་དེ་རིང་ཁོང་གིས་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་གསར་སྒྲིག་ལ་མཇལ་བས། དགེ་བཤེས་ལགས་སྐད་ཡིག་གཉིས་ལ་མཁས་པ་ཙམ་མ་ཡིན་པར། ནང་དོན་རིག་པའི་གཞུང་ཆེན་གྱི་རྒྱ་མཚོར་རིག་པའི་རྩལ་གྱིས་རྐྱལ་ཏེ་རྒྱ་མཚོའི་ཕ་རོལ་དུ་སླེབས་ཡོད་པ་ཤེས་ཐུབ་པས། དེབ་འདི་བཀླགས་པའི་འཆར་སྣང་ཞིག་འབྲི་འདོད་སྐྱེས་སོང་།
སྐབས་སུ་བབས་པའི་བརྗོད་བྱ་ལ་ཁ་ཕྱོགས་ཏེ་དེབ་འདིའི་འགྲུལ་བཞུད་ཐུང་ངུ་ཞིག་གླེང་ན། ནུབ་ཕྱོགས་ལུང་པའི་རྩོམ་རིག་གི་ཕྱོགས་ནས་བཤད་སྲོལ་ཞིག་ལ། གལ་སྲིད་ཁྱེད་རང་གིས་རྩོམ་ཞིག་འབྲི་ན། ཐོག་མར་ཀློག་མཁན་ལ་བསམ་བློ་གཏོང་དགོས་ཟེར་བ་འདི་རེད། དེས་རྐྱེན་དགེ་བཤེས་ལགས་ཀྱིས་བརྩམས་པའི་དེབ་འདི་ལ་གོང་གི་ཚིག་འདིའི་ཆ་རྐྱེན་ཆ་ཚང་བའི་ཚོར་བ་ཁྱེད་རང་ལ་སྟེར་ཐུབ་པ་མ་ཟད། དེབ་འདིའི་མགོ་རུ་བོད་ཀྱི་བཙན་པོ་གང་གི་སྐབས་སུ་ནང་ཆོས་དར་ཚུལ་ལ་ཡང་དཔྱད་པ་གནང་སྟེ། ལོ་ཚིགས་སོགས་གསལ་བོ་བཀོད་ཡོད་སྟབས། བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཚོ་ལ་ཡང་ཕན་པའི་སྒྲོམ་གཞི་ཞིག་བཏང་འདུག་སྙམ། ཕྲན་གྱིས་མི་ཚེ་ནང་མཇལ་བའི་རྗེ་ཙོང་ཁ་བའི་རྣམ་ཐར་ནི། མཁས་གྲུབ་རྗེ་ཡིས་མཛད་པའི་རྣམ་ཐར་དད་པའི་འཇུག་ངོགས་མ་གཏོགས་མེད་སྟབས། ད་ཐེངས་དགེ་བཤེས་ལགས་ཀྱིས་བརྩམས་གནང་བའི་དེབ་འདིའི་ནང་རྣམ་ཐར་མི་འདྲ་བ་མང་པོ་ཞིག་ཕྱོགས་སྒྲིགས་བྱས་པ་འདིས་གང་ཞིག་མཐོང་ཐུབ་ཟེར་ན། རྗེ་ཙོང་ཁ་བའི་དངོས་སློབ་ཚོས་བྲིས་པ་དང་བརྒྱུད་སློབ་ཚོས་བྲིས་བའི་བར་གྱི་ཁྱད་ཆོས་ཡང་མཐོང་ཐུབ།
ལྷག་པར་དུ་ཡང་། ཆུ་མགོ་གངས་ལ་གཏུགས་པ་ལྟར། རྗེ་ཙོང་ཁ་བས་མཛད་པའི་མདོ་སྔགས་གཉིས་ཀྱི་བསྟན་བཅོས་རྣམས་ཁུང་གང་ལ་གཏུགས་པ་སོགས་གསལ་བོར་བཀོད་ཡོད། དཔེར་ན། སྔོན་འགྲོའི་སྤྱི་བཤད་དུ་སྡོམ་ཚིག་ནང་དུ་བྲིས་པ་འདི་ལྟར། ཁོང་གིས་འཕགས་པ་ཀླུ་སྒྲུབ་ཀྱི་ཟབ་མོ་སྟོང་ཉིད་ཀྱི་ལྟ་བ་དཔལ་ལྡན་ཟླ་བ་གྲགས་པས་བཀྲལ་བའི་གཞུང་ལུགས་གཙོ་བོར་བཟུང་ནས་དཔྱིས་ཕྱིན་པར་གཏན་ལ་ཕབ་ཅིང་། དེ་ཡང་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་གཉིས་ཀྱིས་གཏན་ལ་ཕབ་པའི་ཚད་མའི་རིགས་ལམ་དང་ཟུང་དུ་སྦྲེལ་ཏེ་བོད་ཀྱི་དབུ་མའི་ལྟ་གྲུབ་ཀྱི་ལམ་སྲོལ་གསར་པ་ཞིག་སྲོལ་གཏོད་ཞེས་གསུངས་བའི་ཚིག་འདིའི་ནང་དུ། གང་ཞིག་ཤེས་ཐུབ་ཟེར་ན། རྗེ་ཙོང་ཁ་བས་དབུ་མའི་ལམ་གཏན་ལ་འབེབས་བྱེད་ཀྱི་རིག་པ་དེ་ཡང་རྒྱ་གར་གྱི་པཎ་ཆེན་སློབ་དཔོན་ཕྱོགས་གླང་དང་དཔལ་ལྡན་ཆོས་གྲགས་གཉིས་ཀྱི་ཚད་མའི་གཞུང་ལུགས་ལ་རྟེན་ནས་གཏན་ལ་ཕབ་ཚུལ་གསུངས་ཡོད། དེ་མིན་རང་ལྟ་མཆོག་འཛིན་པ་སྐོར་ཞིག་གིས་རྗེ་ཙོང་ཁ་བས་གངས་ཅན་ལྗོངས་སུ་དབུ་མ་ཐལ་འགྱུར་བའི་ལྟ་བ་གཏན་ལ་ཕབ་སྟངས་དེ་ལ་དགག་པ་རྒྱབ་སྟེ། རྗེ་ཙོང་ཁ་བས་ཁོ་རང་ཉིད་ཀྱིས་དབུ་མའི་ལྟ་བ་ཞིག་གསར་བཏོད་བྱས་པ་རེད་ཅེས་བཤད་ཡོད།
དེ་ལྟ་ན་ཡང་། རྗེ་ཙོང་ཁ་བའི་ཡར་སྔོན་དུ་གངས་ཅན་ལྗོངས་སུ་གྲགས་པའི་དབུ་མའི་ལྟ་བ་མི་འདྲ་བ་གསུམ་ཡོད་པ་གསལ་བོར་བྲིས་ཡོད། ལུགས་དང་པོ་དཔེར་ན། ཞང་ཐང་སག་པའི་ལུགས་ཟེར་བའི་དབུ་མའི་ལྟ་བ་གཞན་ངོར་ཁོ་ནར་དགག་སྒྲུབ་བྱེད་པའི་ལུགས་ཏེ། ཆོས་རྣམས་ཀྱི་ཡིན་ལུགས་ནི། ཡོད་པ་མ་ཡིན། མེད་པའང་མ་ཡིན། ཡོད་མེད་གཉིས་ཀ་མ་ཡིན། ཡོད་མེད་གཉིས་ཀ་མ་ཡིན་པའང་མ་ཡིནཞེས། ཡོད་མེད་ཕྱོགས་བཞི་ཀ་འགོག་པའི་ལུགས་ཞིག་སྟེ། ཞང་ཐང་སག་པའི་རང་ལུགས་འདི་ནི་གཏད་སོ་མེད་པའི་བྱེ་མའི་འཆིང་བུ་ཞིག་དང་མཚུངས། གཉིས་པ་ནི། ཀུན་མཁྱེན་དོལ་བོ་ལྟ་བུའི་ཇོ་ནང་བའི་ལུགས་ཀྱི་གཞན་སྟོང་དང་རང་སྟོང་གི་ལྟ་བ་དེ་བཀོད་ཡོད། གསུམ་པ་ནི། སློབ་དཔོན་ཕྱྭ་པ་ཆོས་ཀྱི་སེང་གེ་ཡི་ལུགས་སྟེ། དབུ་མ་རང་རྒྱུད་པའི་ལུགས་དེ་བཀོད་ཡོད། འདི་དག་རེ་རེ་མཐོང་དུས་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་མཐོང་རྒྱ་ཆེན་པོ་ཡོད་པ་མ་ཟད། རིག་པ་རྣོ་མྱུར་ཟབ་གསུམ་ཧ་ལས་པ་ཞིག་ཡོད་པ་མཐོང་ཐུབ།
གང་ལྟར་ཡང་། རྗེ་ཙོང་ཁ་བའི་ཡར་སྔོན་དུ་གྲགས་ཆེ་བའི་དབུ་མའི་ལྟ་བ་འདི་གསུམ་གྱི་སྐོར་ལ་ང་རང་ཉིད་ཀྱིས་བསམ་ཚུལ་ཐུང་ངུ་ཞིག་ཞུ་འདོད་བྱུང་། དེ་ཡང་རང་གི་བསམ་ཚུལ་མ་ཞུས་སྔོན་དུ་གལ་བོ་ཆེ་ལ་ནན་ཏན་ལྟར་ཞུ་འདོད་པ་ཞིག་ནི། རྗེ་ཙོང་ཁ་བའི་ཡར་སྔོན་དུ་གྲགས་ཆེ་བའི་དབུ་མ་ཐལ་འགྱུར་བའི་ལྟ་བ་ཡིན་པར་རློམ་པ་རྣམས་ལ་དམའ་འབེབས་བྱས་པ་མ་ཡིན་པར་དོགས་སློང་བྱས་པ་ཡིན་སྟབས། ཀློག་མཁན་ཚང་མར་དགོངས་འགལ་མེད་པར་ཞུ།
དང་པོ་ཞང་ཐང་སག་པའི་ལུགས་ཏེ། གཞན་ངོར་ཁོ་ནར་དགག་སྒྲུབ་བྱས་ཞིང་། དེ་ཡང་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་སྟེ། གཞན་ངོར་ཁོ་ནར་དགག་སྒྲུབ་བྱས་པ་འདི་ལྟ་སྟེ། ཡོད་པ་ཡང་མ་ཡིན་མེད་པ་མ་ཡིན། ཡོད་མེད་གཉིས་ཀ་མ་ཡིན་པའང་མ་ཡིན་ཞེས་ཡོད་མེད་སོགས་ཕྱོགས་བཞི་ཀ་འགོག་ཅིང་། རང་གི་ལུགས་ལ་འདི་ཡིན་དང་འདི་མིན་ཞེས་དབུ་མའི་ལྟ་བ་ཞིག་གཏད་སོ་གང་ཡང་མེད་པར་བྱེ་མའི་འཆིང་བུ་བཞིན་དུ་གྱུར་ཡོད་པ་མ་ཟད། རྣལ་འབྱོར་པས་སྒོམ་ཉམས་ལེན་སྐབས་སུ་ཡང་། བློ་ཡིས་ཅི་ཡང་མི་རྟོག་པར་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་འབའ་ཞིག་དང་། ཟབ་མོ་སྟོང་པ་ཉིད་ཀྱི་སྒོམ་པའི་ཚེ་ཡང་ཡིད་ཀྱི་འཇུག་པ་ཐམས་ཅད་བཀག་སྟེ་ཅི་ཡང་ཡིད་ལ་མི་བྱེད་ཅིང་མི་རྟོག་པ་ཙམ་གྱིས་གནས་པ་ཞིག་ལ་ཁས་ལེན་པ་འདི་ནི། ང་རང་ཉིད་ཀྱི་བསམ་ཚུལ་ལྟར་ན། རྒྱ་ནག་ཧྭ་ཤང་གི་ལྟ་བའི་ཤན་ཞུགས་འདུག་སྙམ་པས། སྐབས་དེ་དུས་ཡང་ད་རུང་ཧྭ་ཤང་གི་ཅི་ཡང་མེད་པའི་ལྟ་བ་དེ་བོད་དུ་འདུག་བསམ་པའི་དོགས་པ་སྐྱེས།
གཉིས་པ། ང་རང་ཉིད་ཀྱིས་ཇོ་ནང་གི་གཞུང་ལུགས་ལ་མཇལ་མྱོང་མེད་སྟབས། ཇོ་ནང་གི་དབུ་མའི་ལྟ་བ་རང་སྟོང་དང་གཞན་སྟོང་གི་ལྟ་བའི་སྐོར་ལ་དོགས་སློང་བྱེད་པ་ནི་མི་འོས་ཞིང་འཕྱ་དམོད་ཀྱི་ཡུལ་གྱུར་ཡོད་པ་ཞིག་ཡིན་མོད། འོན་ཀྱང་འདིར་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་བཀོད་པ་འདི་གཞིར་བྱས་ཏེ་དོགས་སློང་བྱེད་ཀྱི་ཡིན། ཀུན་མཁྱེན་དོལ་བུ་བའི་ལུགས་ཀྱི་དབུ་མ་རང་སྟོང་དང་གཞན་སྟོང་གཉིས་སུ་བརྗོད་པ་དེ་རེད།
ཇོ་ནང་བའི་ལུགས་ཀྱི་རང་སྟོང་ནི། རྒྱུ་འབྲས་སོགས་ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པ་དེ་ལ་རང་སྟོང་དང་། གཞན་སྟོང་ནི། ཀུན་རྫོབ་པའི་ཆོས་རྣམས་ཀྱིས་སྟོང་པ་དེ་ལ་གཞན་སྟོང་དུ་ཁས་ལེན་པར་སྙམ་ལ། དེ་ཡང་གཞན་སྟོང་དོན་དམ་པའི་བདེན་པ་དེ་ནི། རྟག་པ། ཐེར་ཟུག བརྟན་པའི་ཡེ་ཤེས་ཀྱི་ངོ་བོ་གཏན་དུ་བ་ཡིན་ཅིང་ཞེས་བཀོད་འདུག་པ་དང་། དེ་ལྟ་བུའི་ཆོས་དབྱིངས་ཡེ་ཤེས་འདི་ནི། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མངའ་བའི་བདེ་གཤེགས་སྙིང་པོ་ཡིན་པར་ཡང་བཞེད་ཞེས་བཀོད་པ་སོགས་ལ་གཞིགས་ནས་བཤད་ན། ཕལ་ཆེར་ཇོ་ནང་བའི་ལུགས་འདི་ནི་སེམས་ཙམ་པའི་ལུགས་དང་འདྲ་བོ་ཞིག་འདུག་པས། ཇོ་ནང་བའི་དབུ་མའི་ལྟ་བ་མཐར་ཐུག་སྟེ་གཞན་སྟོང་གི་ལྟ་བ་འདི་ནི་སེམས་ཙམ་པའི་ལྟ་བ་རེད་པའི་སྙམ་པའི་དོགས་པ་བྱུང་། དེ་རིང་འདིའི་ཞོར་དུ་བཤད་འདོད་པ་ཞིག་ལ། ང་རང་བརྗེད་ནོར་ཤོར་མེད་ཚེ། རྒྱལ་སྲས་ལག་ལེན་སོ་བདུན་མ་རྩོམ་མཁན་རྒྱལ་སྲས་དངུལ་ཆུ་ཐོག་མེད་ཀྱི་དབུ་མའི་ལྟ་བ་དེ་ཡང་སེམས་ཙམ་པའི་ལྟ་བ་མིན་ནམ་སྙམ་པ་ཞིག་བྱུང་། ཕྲན་གྱི་བློ་ངོར་རུ་རྒྱལ་སྲས་ལག་ལེན་སོ་བདུན་མ་མི་འདུག་པས། དེ་རིང་འདིར་ཚིག་བཅད་དེའི་ཁུངས་འགོད་ཐུབ་མ་སོང་།
ཡིན་ན་ཡང་། ཇོ་ནང་པ་ཚོས་ཇོ་ནང་གི་དབུ་མ་གཞན་སྟོང་གི་སྐོར་ལ་འགྲེལ་བཤད་རྒྱགས་སྟངས་མི་འདྲ་བ་ཞིག་ཡོད་ངེས་རེད། དེས་རྐྱེན་ཕྲན་གྱིས་དོགས་སློང་འདིས་ཇོ་ནང་བའི་རང་ལུགས་དྲི་མ་མེད་པར་འཛིན་མཁན་གྱི་མཁས་དབང་རྣམ་པར་ཕོགས་ཐུག་མི་འགྲོ་བའི་རེ་བ་སྙིང་ནས་ཞུ་བཞིན་ཡོད།
གསུམ་པ། ང་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་རིག་པ་སྨྲ་བ་ཚོར་བཀའ་དྲིན་བླ་མེད་དུ་མཆིས་བའི་སློབ་དཔོན་ཕྱྭ་བ་ཆོས་ཀྱི་སེང་གེ་ཡིས་གཏན་ལ་ཕབ་པའི་དབུ་མའི་ལྟ་བ་ནི། དབུ་མ་རང་རྒྱུད་པའི་ལྟ་བ་ཡིན་པ་འདིར་གསལ་བཀོད་བྱས་འདུག་པས། དོགས་སློང་ཞིག་བྱེད་དགོས་དོན་མི་འདུག་སྙམ་སོང་།
འདིར་གལ་བོ་ཆེ་ལ་ནན་ཏན་ལྟར་ཞུ་འདོད་པ་ཞིག་ལ། མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཨེ་ཊ་ལེ་རོམ་ནས་རྙེད་པའི་ཡེ་ཤུའི་ཆོས་ལུགས་པ་ཞིག་གིས་བྲིས་བའི་གནས་ཚུལ་གསར་བ་ཞིག་སྟེ། སྤྱི་ལོ༡༨༤༠ལོར་སྐུ་འབུམ་དགོན་པར་ཆེད་མངགས་ཞིབ་དཔྱོད་བྱེད་དུ་ཡོང་བའི་ཡེ་ཤུ་གྲྭ་བ་༼huc and gabert༽གཉིས་ཀྱིས་བྲིས་བའི་སྐུ་འབུམ་གསེར་སྡོང་ཆེན་མོའི་ནང་གི་ཙན་དན་ལྗོན་པའི་སྟེང་དུ་ཡོད་པའི་རང་བྱོན་གྱི་ཡིག་གཟུགས་དེ་རེད། མ་གཞི་ཡེ་ཤུ་གྲྭ་བ་དེ་གཉིས་བོད་ནང་དུ་ཡེ་ཤུའི་ཆོས་ལུགས་སྤེལ་དུ་ཡོང་མཁན་ཞིག་ཡིན་སྟབས། བོད་ཀྱི་གྲྭ་བ་ཚོས་བཤད་པའི་ངག་རྒྱུན་ལ་ཡིད་ཆེས་མེད་པ་མ་ཟད། བོད་ཀྱི་གྲྭ་བ་ཚོས་བཤད་པའི་ངག་རྒྱུན་གྱི་གཏམ་དེའི་རྫུན་བཏོལ་བར་འབད་བརྩོན་བྱས་ཏེ། ཆེད་མངག་སྐུ་འབུམ་དགོན་པ་རུ་ཡོང་སྟེ། མངོན་སུམ་གྱིས་མཐོང་བའི་གནས་ཚུལ་རྣམས་བཀོད་པ་འདི་ལྟར།
དངོས་འབྲེལ་ལོ་མ་རེ་རེའི་སྟེང་དུ་ལེགས་པར་གྲུབ་པའི་བོད་ཡིག་གི་གཟུགས་ཡོད་པ་དངོས་སུ་མཐོང་བས། ངེད་ཅག་ཅི་ཡང་བརྗོད་མི་ཤེས་པར་ཡ་མཚར་ཏེ་ཤིན་ཏུ་ཧ་ལས་བྱུང་། དང་ཐོག་ང་ཚོའི་བསམ་པར། འདི་ཕལ་ཆེར་གྲྭ་བ་ཚོས་གཡོ་རྫུས་བྱས་པ་ཞིག་ཡིན་གྱི་རེད་སྙམ་པའི་དོགས་པ་བྱུང་ཡང་། ངེད་གཉིས་ཀྱིས་ཞིབ་ཏུ་བརྟག་དཔྱད་བྱེད་དུས་གཡོ་རྫུན་གྱི་རྣམ་པ་ཕྲ་མོ་ཙམ་ཡང་རྙེད་ཐུབ་མ་བྱུང་་ཞེས་བཀོད་ཡོད། གནས་ཚུལ་གྱི་གཏམ་གསར་འདིས། རྒྱ་དམར་གུང་བྲན་ཏང་གིས་ཀླད་པ་ཀྲུས་ཏེ། རྒྱ་དམར་གྱི་དམར་ཆུང་དམག་མི་བོད་རིགས་མི་ཉུང་བ་ཞིག་ཡོད་པ་ཚོའི་ཁ་ལ་རྒྱ་ཀྲམ་དམར་པོ་རྒྱབ་ཡོད།
གང་ལྟར་ཡང་འདིའི་མཚམས་ནས་བཟུང་། ཙོང་ཁ་བའི་རྣམ་ཐར་གསར་སྒྲིག་གི་དེབ་རེག་ཟིན་པས། མུ་མཐུད་ཀློག་བཞིན་ཡོད་པས་ཆ་ཚང་བཀླགས་ཚར་རྗེས་མུ་འབྲི་ཞིག་བྱེད་འདོད་བྱུང་།
སྨྲས་པ།
ཐུབ་བསྟན་པད་མོ་བཞད་པའི་དགའ་ཚལ་ནས།།
སྦྲང་རྩི་དོན་གཉེར་རྐང་དྲུག་ཚོགས་རྣམས་ལ།།
གེ་སར་སྦྱིན་པའི་ཤེས་རབ་འདབ་བརྒྱ་ཅན།།
སྐད་གཉིས་སྨྲ་བ་མཆོག་ལ་གུས་བའི་འདུད།།
༢༠༢༣ལོའི་ཟླ་བ༨ཚེས༧ལ་ཡོ་རུབ་ནས་ནམ་མཁས་བྲིས།