གཡག་རྫི།
༡༽ གནས་ལུགས་དང་མཐུན་མིན་ཇི་ལྟར་ཡང་ནམ་རྒྱུན་ང་རང་གི་དྲན་ཚུལ་ལམ་སེམས་ལ་འཆར་སྡོད་པ་ཞིག་ནི་བོད་བརྒྱུད་ནང་བསྟན་དར་བའི་བརྒྱུད་རིམ་ཁྲོད་དུ་སྐྱེས་ཆེན་དམ་པ་བསམ་གྱིས་ཁྱབ་པ་གནམ་གྱིས་ས་བཀབ་པ་ལྟ་བུ་ཆེས་མང་པོ་ཞིག་བྱུང་བའི་ནང་ནས་རྗེ་ཙོང་ཁ་པའི་སྙིང་སྟོབས་དང་ཕྲིན་ལས་ནི་དམིགས་བསལ་བ་ཞིག་ཏུ་མཇལ་གྱི་ཡོད། རྒྱུ་མཚན་རྗེ་ཙོང་ཁ་པ་ཆེན་པོ་འཇིག་རྟེན་དུ་བྱོན་པའི་དུས་ནི་བོད་ཀྱི་ས་ཁུལ་ཁག་ཏུ་སངས་རྒྱས་ཆོས་ལུགས་དར་བ་ཙམ་དུ་མ་ཟད་རྩ་བ་ཚུགས་ཤིང་ཡལ་ག་རྒྱས་ཏེ་འབྲས་བུ་སྨིན་ནས་ཡོད་པ་དང་། ལྷག་པར་རྙིང་མ་དང་། བཀའ་གདམས། བཀའ་བརྒྱུད། ས་སྐྱ་སོགས་ནང་ཁུལ་གྱི་གྲུབ་མཐའ་དང་ཆོས་བརྒྱུད་ཁག་སོ་སོར་གྱེས་ཏེ་ལྟ་གྲུབ་སྨྲ་བ་དང་། གཞུང་ལུགས་རྩོམ་པའི་མཁས་པ་རུ་འཛིངས་ནས་ཡོད་པའི་དུས་ཚོད་ཅིག་ལ་ཁེལ་ཡོད་པ་དང་། ཞེ་ས་མ་ཞུས་ན་ས་ཐག་རིང་མདོ་སྨད་ཙོང་ཁའི་ཡུལ་ནས་བྱིས་པ་ལོ་བཅུ་དྲུག་ཅན་གྱི་ཨ་སྐྱོ་བ་ཞིག་སྟོད་དབུས་གཙང་ཁུལ་དུ་ཡོང་ནས་ཐོག་མར་སློབ་གཉེར་བྱས་ཤིང་རིམ་གྱིས་དགེ་ལུགས་པ་ཞེས་པའི་གྲུབ་མཐའ་བྱེ་བྲག་པ་འབུར་དུ་ཐོན་པ་ཞིག་བཙུགས་པ་དང་། སློབ་མ་མཁས་པ་མང་པོ་བསྐྱེད་བསྲིངས་བྱས་ཏེ་མཐར་བོད་ས་སྟོད་སྨད་ཀུན་ཏུ་ཁོང་རང་གི་ཆོས་ལུགས་ཀྱིས་ཁྱབ་པར་བྱས་པ་དེ་འདྲ་ནི་གང་ཟག་རང་ག་བ་ཞིག་གིས་འཇོན་རྒྱུ་ཞིག་མ་རེད་འདོད།
༢༽ ཕྱི་ལོ་༢༠༡༩སྟེ་བོད་རབ་བྱུང་བཅུ་བདུན་པའི་ས་ཕག་ལོ་ནི་རྗེ་ཙོང་ཁ་པ་ཆེན་པོ་མཆོག་སྐུ་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་བོ་དྲུག་བརྒྱ་འཁོར་བའི་ལོ་ཡིན་པས་དགེ་ལུགས་པ་ཡོངས་རྫོགས་ཀྱིས་ལོ་དེར་”རྒྱལ་སྤྱིའི་ཙོང་ཁ་པའི་ལོ་”ཞེས་ལོ་ཧྲིལ་བོར་རྗེ་ཙོང་ཁ་པའི་ལྟ་གྲུབ་སོགས་གཞུང་ཆེན་ཁག་ལ་བགྲོ་གླེང་དང་། རྩོམ་ཡིག་འགྲན་བསྡུར། གཞུང་ཆེན་ཁག་གི་རྩ་འགྲེལ་བློ་རྒྱུགས། སྐུ་བརྙན་དང་གསུང་རབ་འབྲི་བཞེངས། རིག་གཞུང་དར་སྤེལ། རིན་མེད་ཆོས་སྦྱིན་སོགས་ཀྱིས་མཚོན་པའི་ལས་ཀ་སྣ་མང་ཞིག་གི་སྒོ་ནས་བསྲུང་བརྩི་དམིགས་བསལ་བ་ཞིག་བྱས། བྱ་འགུལ་དེའི་ཆ་ཤས་སུ་སྐུའི་གསུང་སྒྱུར་བ་དགེ་བཤེས་གླང་རི་བ་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཨིན་ཡིག་ཐོག་ལ་བརྩམས་གནང་བའི་རྗེ་ཙོང་ཁ་པའི་རྣམ་ཐར་གསར་བསྒྲིགས་ཤིག་ཡོད་པ་ལོ་དེར་ཐོས། དེ་མ་ཐག་དཔེ་ཆ་དེ་མཇལ་འདོད་པའི་འདུན་པ་ལྡོག་ཏུ་མེད་པ་ཞིག་ངང་གིས་སྐྱེས་ན་ཡང་བོད་ཡིག་ཁོ་ན་ལས་གཞན་པའི་ཡིག་རིགས་གཅིག་ཀྱང་མི་ཤེས་པ་ང་དང་ང་ལྟ་བུ་ལ་མཚོན་ན་དེ་ནི་རེ་སྨོན་ཙམ་ལས་ཅི་ཡང་མ་རེད། འོན་ཀྱང་དེ་ལྟ་བུའི་འདུན་པ་ཞིག་ངའི་སེམས་ལ་ཡོང་དགོས་དོན་ནི་བོད་ཡིག་ནང་ཡོད་པའི་རྗེ་ཙོང་ཁ་པའི་རྣམ་ཐར་མང་དག་ཅིག་ཡོད་པས་ཡི་གེས་མི་ཕོངས་ནའང་། མཚན་སྙན་ཅན་གྱི་མཁས་པ་ཁོང་གིས་དེང་རབས་ཀྱི་འགྲོ་ལུགས་ལྟར་བྱས་ནས་རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གསར་བསྒྲིགས་གནང་འདུག་ཟེར་དུས་ཅི་འདྲ་ཞིག་ཡོད་དམ་སྙམ་ནས་ཧེབ་ལངས་པ་ཙམ་རེད།
རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འཛམ་གླིང་ཧྲིལ་བོར་ཁྱབ་གདལ་དུ་ཕྱིན་ནས་ཐེམ་སྤངས་བཀའ་རྒྱས་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཚད་བཀག་བཟོས་ཤིང་། རྒྱང་རིང་དུ་འགྲུལ་བཞུད་བྱེད་པ་ལྟ་ཞོག །ཐ་ན་ཁྱིམ་མཚེས་གྲོང་རོགས་ཚོའི་ནང་དུ་འགྲོ་བ་ལའང་རང་རོགས་གཉིས་ཀ་སྐྲག་ཅིང་སོ་སོའི་ས་ལ་འཁུམས་ནས་འདུག་དགོས་པའི་དུས་ཤིག་ཚེས། དེ་ལྟར་དཀའ་ངལ་དང་ཉེན་ཁའི་འོག་དུས་ཚོད་རིམ་གྱིས་འདས་ཏེ་ལོ་གཉིས་ལྷག་འགོར་བའི་རྗེས་ཅུང་ཙམ་གུ་ཡངས་པའི་སྐབས་ཏེ་ཕྱི་ལོ་ ༢༠༢༢ ལོར་རྗེ་ཙོང་ཁ་པའི་རྣམ་ཐར་གསར་བསྒྲིགས་དེ་བོད་ཡིག་ཏུ་བསྒྱུར་ཅིང་དཔར་སྐྲུན་བྱས་ཟིན་པའི་འཕྲིན་ཞིག་དྲ་ལམ་ནས་མཐོང་། ཐག་ཉེ་རིང་གི་ངོ་ཤེས་གྲོགས་པོ་འགའ་ལ་དེབ་དེ་རག་ཐབས་གནང་རོགས་ཞེས་རེ་སྐུལ་ཞུས་པ་ཡིན།
༣༽ ཕྱི་ལོ་༢༠༢༣ ཟླ་ ༡ ཚེས་ ༡ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཡོད་དུས། ལས་རོགས་གྲོགས་ཨ་འདུས་སྐལ་བཟང་རྒྱ་མཚོས་གློ་བུར་དུ་རྗེ་ཙོང་ཁ་པའི་རྣམ་ཐར་གསར་བསྒྲིགས་དེ་ག་ཤེད་ཅིག་ནས་བསྣམས་ཡོང་སྟེ་ང་ལ་གནང་སོང་། དེ་མ་ཐག་དགའ་སྣང་གི་ཚོར་བ་དམིགས་བསལ་བ་ཞིག་བྱུང་མོད། འོན་ཀྱང་རྒྱུན་དུ་རྣམ་གཡེང་དང་སྙོམས་ལས་ཀྱི་དབང་དུ་སོང་ཞིང་། ཕྱི་བཤོལ་དང་སྒྱིད་ལུག་ལ་གོམས་པའི་ང་ལ་མཚོན་ན་དུས་ཚོད་དེར་འདུ་འཛི་ཆེ་ཞིང་། ལས་བྲེལ་དང་འགྲུལ་བཞུད་སོགས་རྐྱ་འཐབ་པའི་ཁ་བར་ནས་དཔེ་ཀློག་གི་འདུན་པ་ཙམ་པོ་དེ་ཡང་བག་ལ་ཞ་སྟེ་རེ་ཞིག་གཏིང་བརྗེད་དུ་སོང་བ་འདྲ་བོར་ཆགས། ཡུན་རིང་རེ་སྒུག་བྱས་ཤིང་ད་སོ་མར་ལག་ཏུ་རག་པའི་དཔེ་དེབ་གལ་ཆེན་དེ་རྒྱབ་ཁུག་ཏུ་ཁུར་ཞོར་སྔས་མགོར་འཇོག་ཞོར་བྱས་ནས་ཡུན་རིང་པོར་ཁ་ཙམ་ཡང་ཕྱེ་རྒྱུའི་བསྐལ་པའམ་ཁོམ་སྐབས་མ་བྱུང་། མཐར་ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢༠ ཉིན་གཞི་ནས་ཀློག་འགོ་བརྩམས།
༤༽ ངའི་མི་ཚེའི་ནང་རྗེ་ཙོང་ཁ་པའི་མཚན་ནི་ཆུང་བྱིས་པའི་དུས་ནས་ཐོས་མྱོང་བ་དང་། རྗེས་སུ་ཁོང་གི་གསུང་རབ་ལས་<<ལེགས་བཤད་གསེར་ཕྲེང་>>དང་། <<དབུ་མ་དགོངས་པ་རབ་གསལ་>>སོགས་གཞུང་ལུགས་འགའ་རེ་ཡང་མཇལ་རྒྱུའི་བསྐལ་པ་བྱུང་། རྣམ་ཐར་ཞིག་ཐོག་མར་མཇལ་བ་ནི་རྗེ་ཙོང་ཁ་པ་རང་ཉིད་ཀྱིས་བརྩམས་གནང་བའི་<<རྟོགས་བརྗོད་འདུན་ལེགས་མ་>>མཁས་པ་སྒོ་ཤེས་རབ་རྒྱ་མཚོ་མཆོག་གིས་འཆད་ཁྲིད་གནང་བ་དེ་རྩེ་སྐྱེས་དགེ་འདུན་དཀོན་མཆོག་ཟེར་བ་ཞིག་གིས་སྒྲ་ཕབ་བྱས་ཤིང་དེབ་གཟུགས་སུ་བཅོས་པ་<<སྐྱེས་ཆེན་གྱི་བཞུད་ལམ་>>ཞེས་པ་དེ་བཀླགས་མྱོང་བ་དང་། ད་རེབ་འདི་མཇལ་བ་ཐེངས་གཉིས་པ་ཡིན།
༥༽ རྣམ་ཐར་འདིའི་མཚན་བྱང་ལ། “<<རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གསར་བསྒྲིགས་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་བྱོན་པ།>>” ཞེས་བྲིས་གནང་འདུག །དབུ་ལ་གླེང་བརྗོད་དང་། དཀྱུས་ལ་ལེའུ་བཅུ་དྲུག །མཇུག་བསྔུའི་གཏམ། ད་དུང་ཟུར་བརྗོད་ལྟ་བུར་ལོ་དུས་རེའུ་མིག་དང་། ལུང་འདྲེན་དཔེ་ཐོ། དཔར་བྱང་སྨོན་ཚིག་བཅས་ཀྱིས་གྲུབ་པ་ཤོག་ངོས་ལྔ་བརྒྱ་སུམ་ཅུ་ལྷག་ཙམ་ཡོད་པའི་དཔེ་དེབ་འབྲིང་ཙམ་ཞིག་འདུག །ལེའུ་རེ་རེའི་ནང་གི་དོན་ཚན་རྣམས་ས་བཅད་དུ་བགོས་འདུག་པས་ལྟ་བདེ་བ་དང་སེམས་ལ་འཛིན་བདེ་བར་ཕན་ཐོགས་འདུག་ལ། ཡིག་འབྲུའི་རྩིང་ཞིབ་དང་ཐིག་ཕྲེང་གི་བར་ཐག །འབེབས་ཆེ་ཆུང་སོགས་ཀྱིས་ཀྱང་ཀློག་བདེ་བར་གཞོག་འདེགས་ཡག་པོ་བྱས་འདུག །ལུང་རྣམས་གང་ནས་དྲངས་པའི་ཁུངས་དང་། ལྡེབས་ངོས་ཤོག་གྲངས་སོགས་འོག་མཆན་དུ་བཀོད་ནས་འཚོལ་བདེ་བ་དང་ལྟ་བདེ་བ་བཟོས་འདུག །
༦༽ གོང་དུ་བརྗོད་པ་ལྟར་རྣམ་ཐར་འདི་དང་པོར་ཨིན་ཡིག་གི་ཐོག་བྲིས་ཤིང་དཔར་སྐྲུན་བྱས་པ་དང་། རྗེས་སུ་བོད་བསྒྱུར་བྱས་པ་ཞིག་ཡིན་པར་གསལ། དེ་ལ་ཨིན་ཡིག་གི་ལམ་ནས་རྣམ་ཐར་དེ་འདྲ་ཞིག་རྩོམ་དགོས་པའི་དམིགས་ཡུལ་ནི། “དེང་རབས་ཀྱི་དཔེ་དེབ་ཀློག་པ་པོ་ཆོས་དད་དང་ནང་པ་ལ་དད་ཞེན་ཡོད་པ་གཞིར་བཞག་པ་ཞིག་མིན་པར། གཙོ་བོ་ཚན་རིག་དང་དེང་རབས་ཀྱི་ལྟ་གྲུབ་དང་སྤྱི་ཚོགས་རིག་པ་སོགས་ཀྱི་བརྒྱུད་ལམ་ནས། སྣོད་བཅུད་ཀྱི་འཇིག་རྟེན་གྱི་རྣམ་གཞག་ལ་ལྟ་ཕྱོགས་ཅན་རྣམས་ཀྱི་ཆེད་དུ་བྲིས།” ཞེས་རྩོམ་པ་པོ་ཉིད་ཀྱིས་དེབ་འདིའི་གླེང་བརྗོད་ནང་བྲིས་གནང་འདུག །དེ་བཞིན་དུ་བོད་ཡིག་གི་ལམ་ནས་རྣམ་ཐར་འདི་བྲིས་པའི་དམིགས་ཡུལ་ཡང་། “གང་ལྟར་གཞན་གྱིས་རྒྱུད་སྐུལ་བྱུང་བ་དང་། རང་ཉིད་ནས་ཀྱང་རྣམ་ཐར་གསར་བསྒྲིགས་འདི་ལྟ་བུ་ཞིག་ལ་བརྟེན་ནས། བོད་ཡིག་ཀློག་པ་པོ་རྣམས་ལ་རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གྱི་སྐོར་ལ་བློ་སྐྱེད་གསར་པའང་རེ་གཉིས་འཐོབ་སྲིད་པའང་འོང་སྙམ་པ་དང་། བོད་རིགས་གཞོན་སྐྱེས་རྣམས་ནས་ཀྱང་བོད་ཡིག་རང་གི་ཐོག་ནས་འཇམ་མགོན་བླ་མའི་མཛད་པ་རྣམ་ཐར་དང་། ལྟ་གྲུབ། སྒོམ་གྱི་ཉམས་བཞེས་དང་། རྟོགས་པའི་གོ་འཕང་ཇི་ལྟར་བརྙེས་ཚུལ་སོགས་ཀྱི་སྐོར་ལ། བོད་ཡིག་གི་འབྲི་རྩོམ་གོ་བདེ་ལྷུག་པོ་ཞིག་གི་སྟེང་ནས་ཉམས་སུ་མྱོང་རྒྱུའི་གོ་སྐབས་འོང་སྲིད་པ། ཁྱད་པར་དུ་འདིས་དཔེ་མཚོན་བྱས་ཏེ་མ་འོངས་པར་བོད་ཀྱི་མཁས་པ་ཤིན་ཏུ་གྲགས་ཅན་ཁག་དང་། རྒྱལ་རབས་ལོ་རྒྱུས་ཀྱི་སྟེང་ནས་གལ་འགངས་ཅན་གྱི་མི་སྣ་དག་གི་མཛད་རྣམ་ཡང་དེང་རབས་ཀྱི་ལོ་རྒྱུས་འབྲི་བའི་སྲོལ་དུ་ལྷུག་པོར་འབྲི་རྩོམ་བགྱི་བའང་འོང་སྲིད་སྙམ་པ་སོགས་ཀྱིས། བོད་ཡིག་ནང་དུའང་འཇམ་མགོན་བླ་མའི་རྣམ་ཐར་གསར་བསྒྲིགས་ཤིག་བྱུང་ན་དགེ་མཚན་ལྡན་པར་མཐོང་།”ཞེས་བརྗོད་འདུག །འོན་ཀྱང་ཨིན་ཡིག་ནང་གང་ཡོད་པ་དེ་ག་རང་ཐད་ཀར་བོད་ཡིག་ཏུ་བསྒྱུར་བ་ཞིག་ཀྱང་མིན་པར་སྣང་སྟེ། “ཨིན་ཡིག་གི་རྣམ་ཐར་དེ་ཐད་སྒྱུར་བྱ་རྒྱུ་དེ་ཁོ་བོའི་བློ་ལ་བབས་པོ་རང་མ་བྱུང་།” ཞེས་དང་། “བོད་ཨིན་གཉིས་ཀྱི་དབར་ཁྱད་པར་ཆེ་བ་གཅིག་ནི། ཨིན་ཡིག་གི་རྣམ་ཐར་དུ་གཞུང་གི་སྔོན་འགྲོའི་སྤྱི་བཤད་དེ་དེང་རབས་ནུབ་ཕྱོགས་པའི་སྲོལ་བཞིན་སྔོན་གླེང་ངོ་སྤྲོད་དུ་བཞག་པ་ལས་ལེའུའི་གྲངས་སུ་བཅུག་མེད་ལ། འདིར་བོད་དཔེར་ནི་དེ་ལེའུ་དང་པོར་བྱས་ཡོད་པས། ལེའུའི་ཨང་གྲངས་ལ་གཅིག་གིས་མང་བའི་ཁྱད་པར་ཡོད།” ཅེས་པ་ལྟ་བུས་མཚོན་ནུས། རྣམ་ཐར་གསར་བསྒྲིགས་འདི་ཇི་ལྟར་བརྩམས་པའི་ཚུལ་ལ། “རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གྱི་ཡིག་ཆ་ཤིན་ཏུ་མང་ལ། ཁོ་བོས་ད་བར་ངོས་བཟུང་ཐུབ་པ་ལ་ཆ་བཞག་ན། ཁག་མི་འདྲ་བ་གྲངས་བཞི་བཅུ་བརྒལ་བ་བཞུགས་པ་ལས།” ཞེས་དང་། “རྣམ་པ་གཅིག་ཏུ་ན། ཁོ་བོས་རྣམ་ཐར་གསར་བསྒྲིགས་དེའི་ཆེད་དུ་ལོ་མང་རིང་འཇམ་མགོན་བླ་མའི་རྣམ་ཐར་མཇལ་དུ་ཡོད་དོ་ཅོག་ཞིབ་ཏུ་བཀླགས་པ་དང་། དེ་བཞིན་དུ་རྗེ་བླ་མའི་གསུང་རབ་སྤྱི་དང་ཁྱད་པར་དུ་གསུང་ཐོར་བུར་བཞུགས་པའི་འཕྲིན་ཡིག་མཐའ་དག་ཞིབ་ཏུ་བཀླགས་ཏེ་དེ་རྣམས་གང་ལ་གནང་སའི་མི་སྣ་རྣམས་ངོས་འཛིན་རྩད་ཞིབ་བྱས་ཡོད་ལ། ལྷག་པར་དུ་རྗེ་བླ་མ་དང་རྗེ་བཙུན་རེད་མདའ་བ་ཆེན་པོ་གཉིས་ཀྱི་བླ་སློབ་ཀྱི་འབྲེལ་བའི་སྐོར་དེ་ཤིན་ཏུ་གལ་ཆེ་བས། དོན་གནས་དེའི་ཐོག་བླ་སློབ་གཉིས་ཀའི་རྣམ་ཐར་དང་ཕན་ཚུན་དུ་གནང་བའི་སྤྲིངས་ཡིག་སོགས་ལ་ཞིབ་ཏུ་དཔྱད་པ་དང་། རྗེ་བླ་མས་མཉམ་མེད་བཀའ་བརྒྱུད་པའི་བླ་མ་ཕག་གྲུའི་སྡེ་སྲིད་གྲགས་པ་བྱང་ཆུབ་དང་། འབྲི་གུང་ཆོས་ཀྱི་རྒྱལ་པོ་གཉིས་ལས་ཆོས་གསན་པར་མ་ཟད་ཐུགས་འདྲིས་ཤིན་ཏུ་ཆེ་བར་མཛད་ཡོད་ལ།” ཞེས་དང་། “དེའི་དུས་ཀྱི་བཀའ་བརྒྱུད་ཀྱི་བླ་མའི་རྣམ་ཐར་ཁག་དང་། སྤྱན་སྔ་བསོད་ནམས་རྒྱལ་མཚན་ཏེ་ལྷ་གཟིགས་རས་པའི་<<བཀའ་བརྒྱུད་ཆོས་འབྱུང་>> <<ལྷོ་རུང་ཆོས་འབྱུང་>> <<ཀམ་ཚང་བླ་མའི་རྣམ་ཐར་>>སོགས་ཡིག་ཆ་ཁག་ལ་དམིགས་བསལ་ཞིབ་འཇུག་བགྱིས་ཡོད།” ཅེས་དང་། “རྣམ་ཐར་གསར་བསྒྲིགས་འདིའི་ནང་རྗེ་ཙོང་ཁ་ཆེན་པོའི་མཛད་པ་ཆེ་ཁག་དང་། གཞུང་གྲགས་ཆེན་རྣམས་བརྩམས་པའི་དུས་རིམ་སོགས་ཀྱི་སྤྱིའི་སྒྲོམ་ནི། རྗེ་བླ་མའི་རྣམ་ཐར་ཆ་ཚང་ལས་སྔ་ཤོས་སུ་གྱུར་ཅིང་གནའ་དུས་སུ་རྗེའི་རྣམ་ཐར་ཆེན་མོར་གྲགས་པ་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་<<རྣམ་ཐར་དད་པའི་འཇུག་ངོགས་>>རྩ་བར་བཟུང་ལ། དེར་མ་གསལ་བའམ། གསལ་ཡང་ཅུང་དོགས་གཞི་ཅན་གྱི་དུས་རིམ་རྣམས་ནི། རྗེ་བླ་མ་རང་ཉིད་ཀྱིས་གཞུང་རང་དུ་ཕན་ཚུན་ཞལ་འཕངས་ཐོན་པ་དང་། ཕྱིས་ཀྱི་ཡིག་ཆ་གཞན་གུང་བསྒྲིགས་ཏེ་བསྡུར་ཞིབ་ཀྱིས་ཡིད་ཆེས་འཕེར་བར་གཏན་འབེབས་བྱས་ཡོད།” ཅེས་དང་། “ལོ་རྒྱུས་ཀྱི་ཡིག་ཆ་མང་པོ་ཞིག་གུང་བསྒྲིགས་པ་དང་། རྗེ་བླ་མའི་གསུང་རབ་ཆེ་ཁག་དང་སྤྲིངས་ཡིག་རྣམས་ཀྱི་མཇུག་བྱང་དུའང་གནས་དུས་གང་དུ་མཛད་པ་རྣམས་ངོས་བཟུང་སྟེ། དེ་རྣམས་བརྩམས་པའི་དུས་རིམ་ཡང་གཏན་ལ་ཕབ་པ་བཅས།” ཞེས་སོགས་ཀྱིས་རྣམ་ཐར་འདི་མ་བརྩམས་གོང་གི་ཉེར་བསྡོགས་དང་། དངོས་གཞི་ཇི་ལྟར་བརྩམས་ཚུལ། ལོ་རྒྱུས་ཀྱི་བརྒྱུད་རིམ་དང་བྱུང་འཕེལ་གྱི་དུས་ཚིགས་སོགས་ཡིད་ཆེས་འཕེར་བའི་ཁུངས་གང་ལ་གཏུགས་པ་དང་། ཡིག་ཆ་རྣམས་གུང་བསྒྲིགས་ཏེ་ཞིབ་འཇུག་གི་ལམ་ནས་ཇི་ལྟར་གཏན་འབེབས་བྱས་པ་བཅས་གསལ་བོར་བརྗོད་འདུག་སྙམ།
༧༽ “སྔོན་བྱོན་དམ་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན།”ཞེས་པ་ལྟར་རྣམ་ཐར་ནི་བླ་མ་དང་སངས་རྒྱས་སོགས་སུ་ཞིག་བརྗོད་བྱར་བྱས་ནའང་དེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སོགས་ལེགས་པའི་ཆ་འབའ་ཞིག་བརྗོད་པའི་སྒོ་ནས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་དད་པ་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་གོང་དུ་འཕེལ་བར་བྱ་བའི་ཕྱིར་བརྩམས་པ་ཞིག་ཡིན་དགོས་པར་བཤད་པ་བཞིན། རྣམ་ཐར་འདིའི་བརྗོད་བྱའི་གཙོ་བོའང་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚེའི་སྟོད་སྨད་བར་གསུམ་གྱི་ལོ་རྒྱུས་ཏེ། རབ་བྱུང་དྲུག་པའི་མེ་བྱའི་ཟླ་བ་བཅུ་པ། ཕྱི་ལོ་༡༣༥༧ ལོར་བོད་མཐོ་སྒང་ཤར་ཕྱོགས་མདོ་སྨད་ཙོང་ཁའི་ཡུལ་དུ་སྐྱེས་པའི་བྱིས་པ་ཞིག་གི་མི་ཚེའི་འཚར་ལོངས་སོགས་ཀྱི་བརྒྱུད་རིམ་གཙོ་བོར་བྱས་འདུག །དེ་ཡང་ཁྱེའུ་ཙོང་ཁ་པའི་བྱིས་དུས་ཀྱི་འཚོ་བ་ནས་བྱ་ཁྱུང་དགོན་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་ཟེར་བའི་བླ་མ་ཞིག་དང་མཇལ་བ་དང་དེའི་མདུན་ནས་དགུང་ལོ་བཅུ་དྲུག་ལ་མ་སོན་བར་གྱི་གནས་སྟངས། དེ་ནས་དབུས་ལ་ཕེབས་པ་ནས་དབུས་གཙང་གི་གདན་ས་ཆེན་པོ་འབྲི་གུང་མཐིལ་དང་། གསང་ཕུ། སྙེ་ཐང་། སྣར་ཐང་སོགས་སུ་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་དང་རྗེ་བཙུན་རེད་མདའ་བ་སོགས་མཁས་པ་སུ་དང་སུའི་མདུན་ནས་མདོ་སྔགས་རིག་གནས་སོགས་གཞུང་ཆེན་ཅི་ཞིག་ཐོས་བསམ་སློབ་གཉེར་མཛད་པ་ནས་མཐར་རྣམ་དཔྱོད་ཀྱི་རྩལ་རྫོགས་ཏེ་གྲྭ་སྐོར་སོགས་མཛད་ཚུལ། འོལ་ཁ་སོགས་དབེན་གནས་རི་ཁྲོད་རྣམས་སུ་སྒྲུབ་པ་ཉམས་ལེན་ལ་གཙོ་བོར་མཛད་ཚུལ་ནས་ཐུགས་རྒྱུད་ལ་ཉམས་རྟོགས་འཁྲུངས་ཏེ་ཡི་དམ་གྱི་ལྷས་ཞལ་གཟིགས་ལུང་བསྟན་ཅི་གནང་། ཐག་རིང་ཕ་ཡུལ་ནས་མ་དྲིན་མོ་ཆེའི་འཕྲིན་ཡིག་གལ་ཆེན་ཞིག་འབྱོར་བར་ཙོང་ཁ་པས་བསམ་གཞིགས་དང་འཆར་གཞི་ཅི་ཞིག་མཛད་པ་ནས་མཐར་སེམས་ཐག་གང་དུ་བཅད་པ། ས་གནས་གང་དུ་མདོ་སྔགས་ཀྱི་གཞུང་ཆེན་གང་བརྩམས་པ་ནས་བརྩམས་པའི་དུས་ཚོད་དང་དགོས་པ་བརྩམས་ཆོས་ཀྱི་ནང་དོན་དང་ཁྱད་ཆོས་ཅི་ཡོད། སྐབས་དེའི་དབུས་གཙང་གཙོ་བོར་གྱུར་པའི་བོད་ལ་དར་བའི་སངས་རྒྱས་ཀྱི་བསྟན་པའི་གནས་བབ་སྤྱི་དང་ལྷག་པར་དུ་བོད་ཀྱི་མཁས་པའི་ལྟ་སྒོམ་གྱི་ཕྱོགས་ལ་དོགས་སློང་ཅི་མཛད་ནས་མཐར་ཙོང་ཁ་པ་རང་ཉིད་ཀྱིས་རྩལ་དུ་བཏོན་པའི་མདོ་སྔགས་གཉིས་ཀྱི་ལྟ་གྲུབ་ལ་ཁྱད་ཆོས་ཅི་ཡོད། རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད་པ་སོགས་རྗེ་ཙོང་ཁ་པས་མཛད་པ་གཙོ་བོ་ཅི་ཞིག་བསྐྱངས་པ། དགའ་ལྡན་དགོན་པ་ཕྱག་བཏབ་པ་ནས་མཐར་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་སྐུ་ཚེའི་ལོ་རྒྱུས་དང་། དེ་དང་འབྲེལ་ནས་རྗེ་ཙོང་ཁ་པའི་དངོས་སློབ་དང་ཡང་སློབ་སོགས་ཀྱིས་བརྩམས་པའི་ཁོང་གི་རྣམ་ཐར་གྱི་འཕེལ་རིམ་དང་། མཛད་པ་ཕྲིན་ལས་ཀྱི་ཁྱབ་ཚད། དེས་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་ཅི་ཐེབས་སོགས་ཞིབ་ཏུ་བརྗོད་འདུག །
༨༽ རྗེ་ཙོང་ཁ་པའི་རྣམ་ཐར་དང་བསྡེབས་ནས་ཆོས་ལུགས་ཀྱི་བྱུང་རིམ་དང་དེ་དང་འབྲེལ་ཡོད་ཀྱི་ས་གནས་དང་དགོན་སྡེ། མི་སྣ། ལྟ་གྲུབ་སོགས་ངོ་སྤྲོད་བྱས་འདུག་པ་བོད་དུ་ནང་བསྟན་ཆོས་ལུགས་ཀྱི་འཕེལ་རིམ་བརྗོད་པའི་སྐབས་སུ་བཙན་པོའི་སྐབས་སུ་ནང་བསྟན་ཐོག་མར་དབུ་བརྙས་ཚུལ་དང་། དེ་ནས་རིམ་པས་བཀའ་གདམས་དང་། རྙིང་མ། བཀའ་བརྒྱུད། ས་སྐྱ་སོགས་ཀྱི་གྲུབ་མཐའ་བྱུང་བ་སོགས་བོད་བརྒྱུད་ནང་བསྟན་གྱི་བྱུང་བ་དང་འཕེལ་རིམ། དེ་དང་འབྲེལ་ནས་དབུས་གཙང་གི་གདན་ས་ཆེན་པོ་ཁག་ངོས་འཛིན་དང་དེར་བྱོན་པའི་མཁས་པ་ཆེན་པོ་རྔོག་ལོ་ཙྰ་བ་བློ་ལྡན་ཤེས་རབ་དང་། ཕྱྭ་བ་ཆོས་ཀྱི་སེངྒེ་། ས་པཎ་སོགས་ཀྱི་ཁྱད་ཆོས་བརྗོད་པའི་སྒོ་ནས་མི་སྣ་ངོ་སྤྲོད་སོགས་བྱས་འདུག་པ་དཔེར་ན། “གསང་ཕུ་ནས་ལོ་རྒྱུས་ཀྱི་ཐོག་ལ་ཤིན་ཏུ་གལ་ཆེ་བའི་བོད་ཀྱི་མཁས་པ་གྲགས་ཆེན་དུ་མ་བྱུང་བ་ལས་གཉིས་འབུར་འདོན་དུ་ངོས་འཛིན་དགོས་པ་ནི། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་(༡༠༥༩-༡༡༠༩)དང་། རིགས་པའི་དབང་ཕྱུག་ཕྱྭ་བ་ཆོས་ཀྱི་སེངྒེ་(༡༡༠༩-༦༩)རྣམ་གཉིས་ཡིན། རྔོག་ལོ་ཆེན་པོ་ནི་བོད་དུ་གཞུང་ཆེན་མོའི་སློབ་གཉེར་གྱི་ལམ་ལུགས་སྲོལ་གཏོད་པ་པོའི་ཤིང་རྟ་ཆེན་པོར་འཇོག་དགོས་ཏེ།” ཞེས་དང་། “ཕྱྭ་བ་ཆོས་ཀྱི་སེངྒེའི་མཁས་སྙན་ནི། བོད་དུ་ཚད་མ་རིག་པའི་ལྟ་གྲུབ་གསར་དུ་སྤེལ་བ་དང་། བསྡུས་གྲྭའི་རིགས་ལམ་རྩལ་དུ་བཏོན་ཏེ། ཐལ་དང་ཕྱིར་ལ་སོགས་ཐ་སྙད་གསར་བསྒྲིགས་ཀྱི་སྟེང་ནས་བོད་ལུགས་ཀྱི་ཐུན་མོང་མ་ཡིན་པའི་རྩོད་པའི་སྲོལ་ཕྱེ་བའང་མཛད་པས།” ཞེས་བྲིས་འདུག་ལ། “ད་དུང་སྐབས་དེའི་མི་སྣ་ཤིན་ཏུ་གལ་ཆེ་བ་ཞིག་ནི། འཇམ་མགོན་ས་སྐྱ་པཎྜི་ཏ་ཀན་དགའ་རྒྱལ་མཚན་(༡༢༩༠-༡༢༥༡)ཡིན་ལ། ཁོང་ལ་ཡོངས་གྲགས་སུ་འཇམ་མགོན་ས་སྐྱ་པཎྜི་ཏའམ་བསྡུས་མཚན་ལ་ས་པཎ་ཞེས་ཀྱང་ཟེར། ཅི་སྟེ་གོང་དུ་སྨྲས་པ་བཞིན་རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་བོད་ཀྱི་མཚན་ཉིད་རིག་པའི་སྲོལ་འབྱེད་ཀྱི་མེས་པོ་ཡིན་ན། འཇམ་མགོན་ས་པཎ་ནི་བོད་ཀྱི་ཆེས་མཐོའི་རྩོམ་རིག་གི་མེས་པོ་རུ་ངེས་པར་དུ་ངོས་འཛིན་བྱེད་དགོས་པ་ཞིག་ཡིན། ཁོང་ནི་བོད་དུ་རིག་གནས་ལ་ཆེ་བ་ལྔ་དང་ཆུང་བ་ལྔ་རུ་གཏན་འབེབས་མཛད་མཁན་ཐོག་མ་དེ་ཡིན་ལ།” ཞེས་དང་། “ཁྱད་པར་དུ་ས་སྐྱ་ལེགས་བཤད་དུ་གྲགས་པའི་བསྟན་བཅོས་<<ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་>>སོགས་མཛད་དེ། ལེགས་བཤད་ལུགས་ཀྱི་བསྟན་བཅོས་ཞེས་པའི་བོད་ཀྱི་རྩོམ་རིག་གི་སྡེ་ཚན་ཟུར་ཁག་ཅིག་རང་རྐང་གིས་གསར་གཏོད་གནང་ཡོད།” ཅེས་པ་ལྟ་བུ་མཁས་པ་སོ་སོའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་གསར་གཏོད་ཅི་ཞིག་གནང་བ་སོགས་ཀྱི་སྒོ་ནས་ངོ་སྤྲོད་བྱས་འདུག །འབྲི་གུང་དགོན་པ་ནི་ཕྱི་ལོ་ ༡༡༧༩ ལོར། འབྲི་གུང་བཀའ་བརྒྱུད་སྲོལ་གཏོད་པ་པོ་སྐྱོབ་པ་འཇིག་རྟེན་མགོན་པོས་(༡༡༤༣-༡༢༡༧)ཕྱག་བཏབ་པ་ཞིག་ཡིན་ཅིང་། དེ་ནི་ཡུལ་ལྗོངས་ཀྱི་བཀོད་པ་རབ་ཏུ་མཛེས་པའི་རི་རྒྱུད་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་ཧྥིཊ་ ༡༣༦༠༠ ཙམ་ཡོད་པ། མདུན་དུ་གཞོ་རོང་གཙང་པོ་རྒྱུ་བའི་ཡུལ་ཀློང་རྒྱ་ཆེན་པོ་མཐོང་སའི་རི་སུལ་ཞིག་ཏུ་ཆགས་ཡོད། གཤམ་གྱི་ཡུལ་ཀླུང་དེ་ནས་སྐྱིད་ཆུའི་བྱང་ཤར་གྱི་ཆུ་ལག་གཙོ་བོ་དེ་ལྷོ་ནུབ་ཏུ་རྒྱུ་ཞིང་རིམ་པས་གྲོང་ཁྱེར་ལྷ་སའི་ཕྱོགས་སུ་བཞུར་ཏེ། མཐར་ཡར་ཀླུང་གཙང་པོ་སྟེ་ལྷོ་ཨེ་ཤི་ཡའི་ནང་བྷྲ་མ་པུ་ཏྲ་(Brahmaputra)ཞེས་ཡོངས་སུ་གྲགས་པའི་ཆུ་ཆེན་དེ་དང་འདྲེས་ནས་རྒྱུ། དེ་ལྟ་བུའི་རི་རྒྱུད་རིང་ཙམ་གྱི་རི་མཐོན་པོ་ཞིག་གི་ལྡེབས་ལ་ཆགས་པའི་འབྲི་གུང་མཐིལ་ནི། ལྷ་ས་ནས་མེ་ལེ་བདུན་ཅུ་དོན་ལྔ་ཙམ་གྱི་བྱང་ཤར་ཁུལ་དུ་ཡོད་ཅིང་དེང་སྐབས་མལ་གྲོ་གུང་དཀར་གྱི་རྫོང་ཁོངས་སུ་གཏོགས། ཞེས་དང་། ཡང་“སྙེ་ཐང་བདེ་བ་ཅན་ནི། ཕྱི་ལོ་ ༡༢༠༩ ལོར་བཀའ་གདམས་པའི་དགེ་བཤེས་རྒྱ་ཕྱིང་རུ་བས་ཕྱག་བཏབ་ཅིང་། ལྷ་སའི་ལྷོ་ནུབ་ཀྱི་ཆར་ད་ལྟའི་ཆུ་ཤུར་རྫོང་གི་ཁོངས་སུ་ཆགས་ཡོད་ལ། དེ་ནི་དབུས་ཀྱི་གདན་ས་ཆེན་པོ་དྲུག་ཅེས་གྲགས་པའི་ནང་ནས་གཅིག་ཡིན།” ཞེས་སོགས་གདན་ས་དང་ཆོས་སྡེ་སོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་། ས་གནས་གང་དུ་ཡོད་པ་སོགས་གསལ་བོར་བྲིས་འདུག །ཡང་། “དེ་ལ་གྲྭ་བསྐོར་ཞེས་པ་ནི། དགོན་པའམ། འདུས་སྡེའི་བླ་མ་དག་ལ་ཞུས་ནས། དགོན་པ་དེའི་མཁས་པ་རྣམས་ཀྱིས་གཙོས་པའི་འདུས་སྡེ་འཚོགས་པའི་ནང་དུ་བསྡད་ནས། དགོན་པ་དེའི་མཁས་པ་རྣམས་རིམ་བཞིན་རིགས་ལམ་གཏོང་བ་ལ་གང་དྲིས་པའི་ལན་འདེབས་པ་དེ་ལ་ཟེར།” ལྟ་བུ་དང་། འཇམ་པའི་དབྱངས་ཞེས་པ་སུ་ཞིག་ཡིན་ཞེས་པའི་སྐབས་སུ། “ཕར་ཕྱིན་ཐེག་པ་མདོ་ལུགས་ཀྱི་དབང་དུ་བྱས་ནས་བཤད་ན། རྗེ་བཙུན་འཇམ་པའི་དབྱངས་ནི། ཉེ་བའི་སྲས་བརྒྱད་ཅེས། སྟོན་པ་བཅོམ་ལྡན་འདས་ཀྱི་སློབ་མའི་གྲས་ལྷའི་རྣམ་ཅན་གྱི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞིག་ལ་ངོས་འཛིན་དགོས་ཏེ།” ཞེས་དང་། “གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་ནི། རྗེ་བཙུན་འཇམ་པའི་དབྱངས་དང་། བྱམས་པ། སྤྱན་རས་གཟིགས། རྗེ་བཙུན་སྒྲོལ་མ་ལ་སོགས་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས་པའི་ཡི་དམ་དུ་བྱ་དགོས། དེ་ཡང་ཞིབ་ཏུ་བརྟགས་ན་གསང་སྔགས་ཀྱི་དབང་དུ་བྱས་དུས། རྗེ་བཙུན་འཇམ་པའི་དབྱངས་ལྟ་བུ་ནི། གང་ཟག་བྱེ་བྲག་པ་ཞིག་མི་བཟུང་བར། སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་བམ་ཐུགས་མཁྱེན་པའི་ངོ་བོ་གཅིག་ཏུ་འདུས་ཏེ་ལྷའི་རྣམ་པར་ཤར་བ་ཞིག་ཡིན་པས།” ཞེས་མདོ་སྔགས་སོ་སོའི་ལུགས་ཀྱི་ངོས་འཛིན་ཚུལ་མི་འདྲ་བའི་ཁྱད་པར་བྲིས་འདུག །ཡང་། “ས་ཕག་ལོའི་བོད་ཀྱི་ལོ་གསར་དེ། ཕྱི་ལོ་ ༡༤༡༩ ལོའི་ཟླ་ ༢ ཚེས་ ༤ ལ་ཁེལ་ཡོ་ལ།” ཞེས་པ་ལྟ་བུས་མཚོན་དཀའ་མོ་མང་པོ་ཞིག་སླ་མོ་སླ་མོ་བྱས་འདུག་པས་གོ་བདེ་བ་དང་ཀློག་སྤྲོ་བའི་འབྲི་ཐབས་འདི་འདྲ་བ་ལ་དེང་རབས་ཀྱི་འབྲི་ལུགས་ཟེར་བ་མིན་ནམ་སྙམ་པ་མང་པོ་འདུག །
༩༽ དེ་ལྟར་རྗེ་ཙོང་ཁ་པ་(༡༣༥༧-༡༤༡༩)ནི་དུས་རབས་བཅུ་པའི་ནང་དུ་འཁྲུངས་པའི་བོད་ཀྱི་བླ་མ་ཞིག་ཡིན་པ་དང་། ཁོང་གི་རྣམ་ཐར་རམ་ལོ་རྒྱུས་ནི་བོད་ཀྱི་བླ་མ་གཞན་པ་དག་གི་རྣམ་ཐར་དང་འདྲ་བར་དམ་པའི་ཚུལ་དགུ་སོགས་ཀྱི་སྒོ་ནས་བརྗོད་པའི་དཔེ་ཆ་ཞིག་རེད། དེ་གལ་ཆེན་ཞིག་ཡིན་མིན་དང་བཀླག་དགོས་མི་དགོས་ནི་རང་རང་གིས་བལྟ་རྒྱུ་ཞིག་ལས་ཀུན་ལ་གཅིག་མཚུངས་ཤིག་ཡིན་མི་དཔེ། འོན་ཀྱང་དཔེ་དེབ་འདི་ཀློག་པ་ནི་ཙོང་ཁ་པའི་ལོ་རྒྱུས་ཁོ་ན་བཀླགས་པ་ཙམ་མ་ཡིན་པར་བོད་ཀྱི་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་དང་ས་ཕྱོགས་ཡུལ་ལྗོངས་ཀྱི་བཀོད་པ། ཆོས་ལུགས་ཀྱི་འགོ་ཁུངས་དང་རིག་གནས་ཀྱི་རྒྱབ་ལྗོངས། ཤེས་རིག་གི་འཕེལ་རིམ་དང་ཆབ་སྲིད་ཀྱི་འགྱུར་ལྡོག །དད་མོས་ཀྱི་ཁ་ཕྱོགས་དང་སློབ་གསོའི་གནས་བབ། ཡུལ་ལུང་གི་གོམས་གཤིས་དང་སྤྱི་ཚོགས་ཀྱི་འཚོ་གནས་སོགས་བོད་ཀྱི་སྣོད་བཅུད་གཉིས་ཀའི་ཕྱོགས་མང་པོ་ཞིག་མིག་མདུན་དུ་འདྲུད་འོང་བ་དང་སེམས་ངོར་འཆར་འོང་བ་ཞིག་རེད་འདུག་ཅེས་སྨྲ་ན་འདོད།
རྗོད་བྱེད་ཀྱི་ཆ་ནས་ཀྱང་བརྗོད་བྱ་གང་ལ་གནས་ལུགས་དང་མཐུན་པའི་སྒོ་ནས་སྐབས་དང་བསྟུན་ཏེ་རྒྱས་བསྡུས་འཚམ་ཞིང་མང་ཉུང་རན་པའི་ཚིག་སྦྱོར་བེད་སྤྱད་ནས་གསེད་བཀྲོལ་བྱས་ཡོད་པ་དང་། སྙན་ངག་དང་མངོན་བརྗོད་སོགས་ཀྱིས་བཅིངས་ཆེ་ནས་ཆེད་ལས་པ་ཞིག་མིན་ན་མི་དཀྱུས་མ་རྣམས་ཀྱིས་མི་གོ་བ་ལྟ་བུ་མ་ཡིན་པ་ཁ་གསལ་ལ་སུས་ཀྱང་གོ་སླ་བའི་ཁྱད་ཆོས་ལྡན། ཡང་ཡུལ་ལུང་གི་སྐད་སོགས་ལ་བསྟུན་དྲགས་པ་ཕལ་ཚིག་གི་ལམ་ནས་བརྗོད་དེ་གུས་བཀུར་དང་ཞེ་ས་མེད་པ་ལྟ་བུ་མ་ཡིན་པ། ཡ་རབས་དམ་པའི་ལུགས་ལྟར་བརྗོད་བྱ་གང་དང་གང་ཐད་ཀ་ཐད་ཀར་ཞེ་ས་དང་གུས་ཚིག་གི་སྒོ་ནས་བརྗོད་པར་བསྟན་བཅོས་ལ་གྲགས་པའི་བརྡ་དང་ཐ་སྙད་སོགས་བཀོལ་ནས་གནའ་བོའི་རྩོམ་ལུགས་ཀྱི་དྲི་མ་དང་མ་བྲལ་བའང་གནང་འདུག་སྙམ། གཞན་ཞིག་གི་ཡོན་ཏན་བརྗོད་པའི་ཞོར་དུ་གཞན་ཕྱོགས་ཀྱི་གང་ཟག་དང་གཞུང་ལུགས་ལྟ་གྲུབ་སོགས་ལ་ཟུར་ཟ་དང་དམའ་འབེབས་སོགས་མ་བྱས་པར་རང་གིས་གང་བརྗོད་དགོས་པ་དེ་དམིགས་ཡུལ་དུ་བཟུང་ནས་དེ་ཉིད་ཀྱི་ངོ་བོ་དང་། རྣམ་པ། ཁྱད་ཆོས་སོགས་རྩལ་ཏུ་བཏོན་ནས་བྲིས་གནང་འདུག་པས་ཆོས་ལུགས་དད་མོས་ཀྱི་ཆ་ནས་དང་བ་འདྲེན་ཐུབ་པ་ཞིག་ཡིན་པ་མ་ཟད། ལོ་རྒྱུས་ཀྱི་གལ་འགང་དང་། སྤྱི་ཚོགས་ཀྱི་དགོས་མཁོ་བཅས་གང་གི་ངོས་ནས་བསམས་ནའང་ཆེས་རིན་ཐང་ལྡན་པ་ཞིག་བརྩམས་འདུག་ཨང་སྙམ་པ་བྱུང་།
༡༠༽ སྤྱི་ཚོགས་འདིར་དཔེ་དེབ་ཀློག་མཁན་ལས་རྩོམ་མཁན་མང་ཞིང་། དཔེ་དེབ་ཀྱི་གྲངས་ཀ་མང་ཡང་མི་རྣམས་ལ་དཔེ་ཀློག་གི་ཡི་ག་ཆད་དེ་ཤེས་རིག་གི་འདུན་པ་ལྡོག་ནས་ཡོད་པའི་དེ་རིང་། གང་དུ་སོང་ཡང་ཆེ་ཆུང་མི་གཅིག་ཅིང་སྲབ་མཐུག་མི་འདྲ་བའི་དཔེ་དེབ་སྣ་ཚོགས་ཤིག་མིག་མདུན་དུ་མངོན་ཡོང་ཞིང་ལག་སྣེར་ཐོགས་འོང་ན་ཡང་། རྒྱབ་ཤ་ལ་འོད་འཚེར་ཞིང་ཁ་བྱང་ལ་འཇའ་ཤར་བའི་དཔེ་དེབ་མང་དག་ཅིག་ནི་ཀློག་གིན་ཀློག་གིན་རྗོད་བྱེད་ཀྱི་ཉམས་འགྱུར་དང་བརྗོད་བྱའི་རིན་ཐང་གང་ཐད་ནས་ཇེ་ཡང་ནས་ཇེ་ཡང་དུ་འགྱུར་འགྲོ། ཡང་དེབ་རྒན་ལ་ལ་ཞིག་ཚིག་ཚོགས་ཀྱི་ལོ་མ་སྟུག་པ་ཙམ་ལས་དོན་གྱི་འབྲས་བུ་དབེན་པས་ན་མིང་དུ་དཔག་བསམ་གྱི་ཤིང་ཞེས་བཏགས་ཡོད་ན་ཡང་དོན་ལ་ཆུ་ཤིང་གི་སྡོང་པོ་ཞིག་ལས་ཅི་ཡང་མིན་པའི་ཚོད་རེད་དྲན་པ་ཡང་ཡོད། དེ་ལྟ་བུའི་དུས་འདིར་ཚིག་དོན་གཉིས་ཀྱི་ཆ་ནས་ལྗིད་ཏིག་ཏིག་གི་དཔེ་དེབ་གལ་བོ་ཆེ་འདི་ལྟ་བུ་ཞིག་མཇལ་རྒྱུ་བྱུང་བ་ནི་ཇི་འདྲའི་སྐལ་བ་བཟང་བ་ལ་ཨང་སྙམ་པ་བྱུང་། དབུགས་ཐེངས་གཅིག་གིས་བཀླགས་བཞག་པ་ཡིན་ཟེར་བ་ལྟ་བུ་དང་། ཇ་ཡུན་གཅིག་ལ་མགོ་ནས་མཇུག་བར་བཏོན་ཡིན་ཟེར་བ་འདྲ་བོ་བྱུང་མ་སོང་མོད། མདོར་ན་”སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ནི། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་རིང་པོའི་ནང་དུ། སྔོན་བྱུང་མ་མྱོང་བའི་ངོ་མཚར་རྨད་བྱུང་གི་སྐྱེས་བུ་དམ་པ་ཁྱད་དུ་འཕགས་པ་ཞིག་ཡིན་པ་ལ། གཟུ་བོར་གནས་པའི་བློས་གཞིགས་ན། རང་ཉིད་རྗེ་ཙོང་ཁ་པ་ཆེན་པོའི་རྗེས་འཇུག་དགེ་ལྡན་པར་གཏོགས་མིན་ལ་མ་ལྟོས་པར། བོད་རིགས་ཤིག་ཡིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཞིག་ཡིན་པའི་ཆ་ནས་ཡིད་སྨོན་དང་དགའ་བ་སྒོམ་པའི་གནས་སུ་གྱུར་པ་ལ་བསྙོན་དུ་མེད་དོ་ཞེས་ཁོ་བོས་སྨྲའོ། །”ཞེས་རྣམ་ཐར་འདིར་གསུངས་པ་ཡིད་ལ་བཞག་ནས། འགྲོ་འཆག་ཉལ་འདུག་གི་ཞར་དང་ཞོར་ལ་ག་ལེར་བཀླགས་ཏེ་མཐར་ཕྱི་ལོ། ༢༠༢༣ ཟླ་ ༠༥ ནང་གཞི་ནས་བཀླགས་གྲུབ། དཔེ་དེབ་ཀྱི་མཇུག་བྱང་ཀློག་དུས་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་ཆ་ནས་ཅུང་ཙམ་ཐུང་སོང་སྣང་ཤར་ཞིང་། ད་དུང་མུ་མཐུད་ནས་ཡོད་ན་སྙམ་པའི་ཚོར་བ་ཞིག་སྟེར། གཞན་ཡང་སྔོན་བྱོན་བོད་ཀྱི་མཁས་པ་དག་གི་རྣམ་ཐར་ལོ་རྒྱུས་རྣམས་འདི་ལྟར་བྲིས་ཡོད་ན་ཅི་མ་རུང་སྙམ་པ་དང་། རྗེས་སོར་རྣམ་ཐར་དང་ལོ་རྒྱུས་འབྲི་བ་པོ་དག་གིས་འདི་ལྟ་བུ་བྱས་ནས་འབྲི་རྒྱུ་བྱུང་ན་ཨང་སྙམ་པ་ཞིག་ཀྱང་སེམས་ལ་ངང་གིས་སྐྱེས། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༧ ཉིན་གྲུབ།