ཀླུ་སྨྱོན་སྣ་ཚོགས་རང་གྲོལ།
རྗེ་ཙོང་ཁ་པ་དགའ་ལྡན་དུ་གཤེགས་ནས་བགྲང་བྱ་དྲུག་བརྒྱ་འཁོར་བའི་རྗེས་དྲན་ཆེད་རྩོམ།
གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པ་ཆེན་པོར་རྗེས་དྲན་ཞུ་བའི་ལས་རིམ་སྣ་མང་ཞིག་སྤེལ་བཞིན་པའི་དུས་འདིར། བདག་གིས་རང་གི་དཔེ་ཁྲིའི་སྟེང་དུ་ཡོད་པའི་མཁས་གྲུབ་རྗེས་མཛད་པའི་རྗེ་བླ་མའི་རྣམ་ཐར་དད་པའི་འཇུག་ངོགས་དང་འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་རྗེའི་རྣམ་ཐར་ཆེན་མོ་སོགས་སུ་གསལ་བ་ལྟར། དགུང་ལོ་གསུམ་པར་ཆོས་རྗེ་ཀརྨ་པ་རོལ་བའི་རྡོ་རྗེས་དགེ་བསྙེན་གྱི་སྡོམ་པ་བསྩལ། ལོ་དེ་རང་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་པའི་གསུང་གིས་བསྐུལ་ཏེ་ཁོང་གི་དགེ་ཕྲུག་ཏུ་ཕུལ། འདིའི་སྐོར་ལ་དད་པའི་འཇུག་ངོགས་སུ། དེ་ལྟ་བུའི་གཞོན་ནུ་དེ་ཉིད་དགུང་ལོ་གསུམ་བཞེས་པའི་ཚེ། ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་པ་དེ་ཉིད། རྗེ་འདིའི་ཡབ་ཀྱིས་གདན་དྲངས་པ་ཞིག་གི་དུས་ན། ཁོང་པས་ཡབ་ལ་རྟ་དང་ལུག་ལ་སོགས་པའི་ཟང་ཟིང་གི་གནང་སྦྱིན་དཔག་ཏུ་མེད་པ་མཛད་ནས། ཁྱོད་ཀྱི་བུ་འདི་ང་ལ་ཕུལ་ཞིག་ཅེས་བཀའ་གནང་བ་ཡབ་ཀྱིས་ཀྱང་དང་དུ་བླངས་ཏེ་སྤྲོ་དགའ་དང་བཅས་པས་ཕུལ། དེ་ནས་དགུང་ལོ་བདུན་དུ་ཉེ་བར་བབ་པ་ན། ཆོས་རྗེ་དེའི་ཞབས་དྲུང་དུ་ཕེབས་པར་མཛད་དེ། 1(ལུང་འདྲེན་ཨང་རྟགས།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། p7 ཞེས་བྱུང་བ་འདིས་རྗེ་ཉིད་ཆོས་རྗེ་དོན་རིན་པའི་དགེ་ཕྲུག་ཏུ་ཕེབས་དུས་དགུང་ལོ་བདུན་ལ་སོན་པར་བསྟན་ཅིང་། རྒྱལ་དབང་ཆོས་རྗེས་བརྩམས་པའི་རྗེའི་རྣམ་ཐར་ཆེན་མོའི་ཚིག་ཟིན་ལ། རྗེ་ཉིད་དགུང་ལོ་གསུམ་བཞེས་པ་ས་མོ་ལུག་གི་ལོ་ལ་ཕུལ། དེ་ནས་བཟུང་སྟེ་དབུས་གཙང་ལ་མ་བྱོན་བར་དུ་ཆོས་རྗེ་དེ་ཉིད་ཀྱི་ཞབས་དྲུང་རང་དུ་བཞུགས་པར་སྣང་།
2 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། p109 ཞེས་དགུང་ལོ་གསུམ་པ་ས་མོ་ལུག་ལོར་ཁོང་གི་ཡབ་ཀྱིས་རྗེ་དོན་རིན་པར་དགེ་ཕྲུག་ཏུ་ཕུལ་བ་ནས་བཟུང་སྟེ་ཞབས་དྲུང་དུ་ཕེབས་པ་ལྟ་བུར་ཡང་གོ་ཆོག་མོད། ཐུན་མོང་སྣང་ངོར་བྱིས་པ་ལོ་གསུམ་པ་ཞིག་རང་གི་ཕ་མར་ཁ་འབྲལ་རྒྱུ་ནི་ཧ་ཅང་བཟོད་དཀའ་བ་ཞིག་ཡིན་པས། ཕལ་ཆེར་དགུང་ལོ་གསུམ་པར་ཆོས་རྗེ་དོན་རིན་པའི་དགེ་ཕྲུག་ཏུ་འབུལ་རྒྱུ་ཁས་བླངས་ཏེ་དགུང་ལོ་བདུན་ལ་སོན་དུས་ཁོང་བཞུགས་སའི་བྲག་བྱ་ཁྱུང་དུ་ཕེབས་པ་ཞིག་ཡིན་ངེས་རེད།
རྗེ་འདིའི་འཁྲུངས་ཡུལ་དེང་སང་གི་སྐུ་འབུམ་དགོན་པ་ཡོད་ས་འདི་ཡང་ལོ་ངོ་དྲུག་བརྒྱའི་སྔོན་རོལ་ཏུ་དེང་སང་གི་ཟང་ཟིང་འདུ་འཛི་ཆེ་བའི་གྲོང་ཁྱེར་ལྟ་བུ་ཞིག་མ་ཡིན་པར། སྐུ་འབུམ་ཚོ་དྲུག་གི་ཡ་གྱལ་ཚོ་བ་ཆུང་ཆུང་ཞིག་ཆགས་ཡུལ་ཡིན་ཞིང་། ཁོང་གི་ཡབ་ཡུམ་གྱི་འཚོ་རྟེན་ཞིང་འབྲོག་འདྲེས་མ་ལྟ་བུ་དང་། བཞུགས་ཁྱིམ་དབྱར་ཁ་སྦྲ་གུར་དང་དགུན་ཁར་ཁང་པའི་ནང་དུ་སྡོད་པ་དེ་འདྲ་མིན་ནམ་སྙམ། སྐུ་འབུམ་དགོན་པའི་མཆོད་རྟེན་བརྒྱད་པོའི་ནང་བཞུགས་གཙོ་བོ་ནི་རྗེའི་འཁྲུངས་ཁྱིམ་སྦྲ་ནག་གི་ཀ་ར་བརྒྱད་ཡིན་ཟེར་སྲོལ་ཡོད་པ་བདེན་ན། ཁོང་གི་ཡབ་ཡུབ་སོགས་དགུན་ཁར་ཡང་སྦྲ་ནང་དུ་བཞུགས་ཡོད་པ་ལྟར་སྣང་མོད། རྣམ་ཐར་ཆེན་མོར། མེ་སྤྲེལ་ལོ་མཇུག་ཡབ་ཀྱི་མནལ་ལམ་དུ། རྒྱ་ནག་རི་བོ་རྩེ་ལྔ་ནས་འོངས་ཟེར་བའི་བཙུན་པ་མེ་ཏོག་གི་ཕྲེང་བ་དུ་མ་སྤེལ་བའི་ཆོས་གོས་དང་། སུམ་ཅུ་རྩ་གསུམ་གྱི་ཤིང་ལོ་ཡིན་ཟེར་བ་དར་སེར་པོ་འདྲ་བའི་ཤམ་ཐབས་ཅན། པོ་ཏི་འཁྱེར་བ་ཞིག་བྱུང་ནས་ང་ཁྱེད་ལ་གནས་ཤིག་གཡོར་བ་ཡིན་ཟེར་ནས་ཁང་ཐོག་ན་མཆོད་ཁང་ཞིག་ཡོད་པའི་ནང་དུ་སོང་བའི་སྣང་བ་བྱུང་། 4 ཞེས་གསུངས་པར་བརྟགས་ན། སྐུ་ལྷུམས་སུ་ཞུགས་སྐབས་སུ་ཡབ་ཡུམ་གྱི་བཞུགས་གནས་ཁང་པ་ཞིག་ཡིན་པ་ཡང་གསལ་སྟོན་བྱས་འདུག་བསམ། P94-94
རྡོ་སྦིས་བཤད་སྒྲུབ་ཀྱིས་བརྩམས་པའི་རྗེ་རྒྱལ་བ་གཉིས་པའི་འཁྲུངས་ཡུལ་སྐུ་འབུམ་ཚོ་དྲུག་གི་ཡུལ་ཕྱོགས་སུ་བསྐྱོད་པའི་མཐོང་ཐོས་དྲན་རེག་ཅེས་པའི་དྲ་རྩོམ་དེར། དེ་ཡང་བྱང་ཆུབ་ལྗོན་ཤིང་ལ་སེང་གེའི་(སེང་གེ་ང་རོ) སྐུ་བརྙན་བྱོན་པའི་གནས་མཆོག་སྐུ་འབུམ་བྱམས་པ་གླིང་གི་ཤར་ལྷོའི་སྤྱི་ལེ་སུམ་ཅུ་ལྷག་གི་སར་སོང་བ་ན། རྗེ་ཀརྨ་རོལ་བའི་རྡོ་རྗེས་ལུང་བསྟན་དུ་སྦྱར་བའི་གནས་མཆོག་གམ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གྲུབ་གནས་ཆུ་དཀར་ཐང་གཤོང་གི་ཆུ་དཀར་རི་ཁྲོད་འབོད་པའི་གནས་མཆོག་གི་སར་ཐོན། 5 ཞེས་པ་དེ་ཆོས་རྗེ་དོན་གྲུབ་རིན་ཆེན་དང་རྗེ་ཉིད་ཆེས་ཐོག་མར་མཇལ་སའི་གནས་དེ་ཡིན་མིན་བརྟག་དགོས་ཤིང་། རྩོམ་ཡིག་གསར་མ་རེ་ཟུང་ནང་དུ། རྡོ་རྗེ་འཇིགས་བྱེད་ཀྱིས་ཆོས་རྗེ་དོན་གྲུབ་རིན་ཆེན་ལ་སང་ལོའི་ད་ཚོད་ལུང་པ་འདིའི་མདར་མཇལ་ཡོང་གསུངས་པའི་ལུང་པ་དེའི་ཕུ་རུ་ཆགས་ཡོད་ཟེར་ཡང་ཁོ་བོ་དགོན་ཆུང་དེར་མ་བསླེབས་ཤིང་། དེ་རིང་བོད་ནས་སྐད་འཕྲིན་གྲོགས་པོ་ཞིག་གིས་བསྐུར་པའི་ཡབ་རྗེ་བླ་མའི་གཤེགས་ཤུལ་དད་ལྡན་བྱེ་བའི་མིག་རྒྱན་ཞེས་པའི་དངོས་བཟོས་གློག་བརྙན་དུམ་བུ་གསུམ་ཅན་དེའི་སྟོད་ཆའི་ནང་དུ་ཆུ་དཀར་རི་ཁྲོད་ཀྱི་ཡུལ་ལྗོངས་མཛེས་ཤིང་ཉམས་དགའ་བ་ཞིག་ཀྱང་མཇལ་བྱུང་ལ། དེར་མཐུད་ནས་རྗེ་དང་ཁོང་གི་དབུས་གྲོགས་ཚོ་ཆབ་ཆའི་བྲག་དཀར་སྤྲེལ་རྫོང་དགོན་པའི་ས་ཆར་ཕེབས་ཏེ་ལམ་ཁར་སྐུ་ངལ་གསོ་ས་རེད་ཟེར་བའི་རྡོའི་བཞུགས་ཁྲི་རྙིང་པ་ཞིག་གི་འདྲ་པར་ཡང་མཇལ་བྱུང་། གྲོགས་པོ་དེས་དགེ་བཤེས་ལྷོ་བ་འབྲུག་གྲགས་དང་ཆུ་སྐྱེས་དགེ་འདུན་བསམ་གཏན་སོགས་ཀྱིས་རྗེ་རིན་པོ་ཆེའི་ཞབས་རྗེས་འཚོལ་བ་ཞེས་པ་རྗེའི་བཞུགས་གནས་ཁག་གི་སྐོར་འཁོད་པའི་རྩོམ་དེབ་གཉིས་བརྩམས་ཡོད་ལུགས་དང་། དེའི་ནང་དུ་རྗེ་ཉིད་རྨ་ཆུའི་བྱང་རྒྱུད་དེད་ནས་དབུས་སུ་ཕེབས་ལུགས་འཁོད་ཡོད་ཚུལ་ཡང་བརྗོད་བྱུང་མོད་བདག་གིས་ད་དུང་དེབ་དེ་གཉིས་མཇལ་མ་བྱུང་།
ད་དུང་རྩོམ་ཡིག་དེ་དེའི་ནང་དུ། སྐུ་འབུམ་བྱམས་པ་གླིང་ནས་ལྷོ་ནུབ་མཚམས་སུ་ལེ་བར་བཅུ་ལྷག་ལ་བསྐྱོད་པ་ན། སྐུ་འབུམ་ཚོ་དྲུག་གི་ཁོངས་གཏོགས་ཆེ་ཤོས་སྡེ་བའི་ནེའུ་ལུང་ཉག་ག་ཟེར་བའི་སྒང་བརྒྱུད་ཅིག་མཐོང་ནས་ཐོན་པ་ན། རྗེ་རིན་པོ་ཆེ་ཁོང་གི་སྐྱེས་ལྷ་ཨ་མྱེས་སྐྱ་ཏེའི་ཏོག་དཀར་དང་གུར་སྟེང་ལྷ་རིའི་ལབ་ཙེ། དར་ལྕོག་དང་རྡོ་མཆོད། རྡེའུ་འབུམ་མང་པོ་འབུལ་བ་སོགས་ལ་ཞལ་མཇལ་ཡང་ཡང་མཐོང་རྒྱུ་ཡོད་པར་མ་ཟད། 6 ཅེས་ཚིག་དེ་ཙམ་བདེ་རྒྱུ་མེད་པ་ཞིག་ཡིན་ཡང་དོན་དག་ཧ་གོ་ཐུབ་པ་ཞིག་ཀྱང་འདུག་ལ། རྗེ་རིན་པོ་ཆེའི་སྐྱེས་ལྷའི་ལབ་ཙེ་ཏེའུ་ཏོག་དཀར་ཞེས་པའི་ལབ་ཙེ་མི་ཚད་གཉིས་ཙམ་ཡོད་པ་ཁ་བཏགས་སྣ་ལྔས་དཀྲིས་པ་ཞིག་གི་འདྲ་པར་ཡང་འདུག དེ་བཞིན་རྩོམ་ཡིག་དེའི་ནང་དུ་ཁང་རྙིང་ཐོག་བརྩེགས་གཉིས་ཡོད་པ་ཞིག་གི་པར་དང་རྗེ་ཙོང་ཁ་པའི་མ་ཡུམ་གྱི་བཞུགས་ཤག་དང་མཆོད་ཁང་ཡིན་ཚུལ་གྱི་རྡོ་ཡིག་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། ༢༠༡༣ ལོའི་ཟླ་ ༤ ཚེས་༡༢ ཉིན་ཁྱབ་བསྒྲགས་བྱས། ཧོང་ཀྲུང་རྫོང་མི་དམངས་སྲིད་གཞུང་བཙུགས། ཞེས་པ་རྒྱ་བོད་ཡིག་རིགས་གཉིས་ལྡན་ཞིག་གི་འདྲ་པར་འདུག་ལ། རྡོ་ཡིག་གཞན་ཞིག་གི་འཁྲིས་སུ་རྗེ་ཙོང་ཁ་པའི་ཨ་ཅེ་ཚང་གི་ཁྱིམ་གཞི་ཞེས་པ་ཞིག་ཀྱང་འདུག ཡང་རྩོམ་ཡིག་དེའི་ནང་དུ། དེ་ནས་ནུབ་ཕྱོགས་སུ་ལེ་བར་བརྒྱད་སོང་བ་ན་སོ་བ་སྐྱིད་འབོད་པའི་རྒྱ་མ་བོད་ཀྱི་རོང་སྡེ་གཉིས་ཆགས་ཡོད། སོ་བ་སྐྱིད་ནི་རྗེ་རིན་པོ་ཆེའི་ཨ་ཅེ་ཚང་གི་བཞུགས་ཤག་ཡིན་པར་འདོད་མོད། དོན་དངོས་སུ་ཁོང་གི་མ་ཡུམ་གྱི་མ་ཁྱིམ་རྙིང་པ་ཞིག་ཡིན་པ་འདྲ། 7 ཞེས་བྲིས་འདུག་ཅིང་། དེ་ནི་གོང་གི་འདྲ་པར་དེའི་ནང་གི་ཤིང་ཁང་ཉིས་ཐོག་ཅན་དེའི་སྐོར་ཡིན་པ་འདྲ།
དེང་སང་དགེ་ལྡན་པ་མང་པོ་ཞིག་གིས་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ནི་རྗེ་བདག་ཉིད་ཆེན་པོས་འོད་གསལ་ཆོས་སྐུ་མངོན་དུ་མཛད་པ་སྟེ་སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་པ་གཏོགས། ཟླ་ཚེས་ཁྱད་པར་ཅན་འདི་ནི་རྗེ་བཙུན་ཙོང་ཁ་པ་ཆེན་པོ་མཆོག་སྐུ་འཁྲུངས་པའི་ཟླ་ཚེས་བྱིན་རླབས་ཀྱི་གཟི་འོད་འབར་བ་ཞིག་ཡིན་པར་ཐུགས་སྣང་དེ་ཙམ་གནང་གི་མི་འདུག་སྟེ། རྣམ་ཐར་ཆེན་མོར། བདག་ཉིད་ཆེན་པོ་འདི་ཡང་དང་པོར་སྐུ་བལྟམས་པ་དང་། མཐར་མྱ་ངན་ལས་འདས་པའི་མཛད་པ་གཉིས་ཆར་ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་ཆེན་ཁྱད་པར་ཅན་ཉིད་ལ་བསྟན་པར་ངེས་སོ་སྙམ་ཞིང་། 8 ཞེས་གསུངས་པ་འདི་ཡང་ཡང་དྲན་པར་འོས་སོ། p99
སྐབས་འདིར་གླེང་དགོས་པ་ཞིག་སྟེ། རྗེ་འདི་སྐུ་འཁྲུངས་པའི་ཚེ་ཉིད་ཀྱི་ལྟེ་ཁྲག་གམ་ལྟེ་མཚལ་ས་རུ་ཐིམ་པའི་ཤུལ་དུ་ཤིང་ཙན་དན་དཀར་པོའི་ལྗོན་པ་ཞིག་སྐྱེས་པའི་ལོ་མ་འབུམ་ཕྲག་གི་སྟེང་དུ་བདེ་གཤེགས་སེང་གེའི་ང་རོའི་སྐུ་བརྙན་རང་བྱོན་དུ་བབས་པ་ལ་བརྟེན་ནས། གནས་དེར་ཆགས་པའི་དགོན་པའི་མཚན་ལ་ཡང་སྐུ་འབུམ་དགོན་པ་ཞེས་ཐོགས་པ་ཡོངས་གྲགས་ཤིག་ཡིན་མོད། རྗེའི་དངོས་སློབ་མཁས་གྲུབ་རྗེས་མཛད་པའི་རྣམ་ཐར་དད་པའི་འཇུག་ངོགས་དང་རྗེའི་དངོས་སློབ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་མཛད་པའི་རྗེའི་རྣམ་ཐར་ཟུར་འདེབས་གཉིས་ཀར་ངེས་པར་དུ་གསུང་དགོས་པའི་སྐུ་འབུམ་ལྗོན་པ་འདིའི་སྐོར་ཚིག་གཅིག་ཀྱང་གསུངས་མི་འདུག་པའི་རྒྱུ་མཚན་ཅི། ཞལ་སློབ་འདི་རྣམ་པ་གཉིས་ཀས་རྗེའི་གདུང་རུས་མལ་ཡིན་ཞེས་གསུངས། ངག་རྒྱུན་དུ་རྗེས་ཉིད་ཀྱི་མ་ཡུམ་གྱི་ཡིག་ལན་དུ་ཕྱག་བྲིས་དང་ཉིད་ཀྱི་སྐུ་ཐང་། སེང་གེ་ང་རོའི་སྐུ་བརྙན་སོགས་བསྐུར་གནང་སྟེ་ཙནྡན་ལྗོན་པའི་ཕྱི་རོལ་ཏུ་ལྷ་ཁང་བཞེང་དགོས་ཚུལ་གསུངས་པར་གྲགས་ཀྱང་། དེ་ཡང་དད་པའི་འཇུག་ངོགས་སུ་ཟུར་ཙམ་ཡང་མི་གསལ། ལྗོན་ཤིང་འདིའི་སྐོར་རྣམ་ཐར་ཆེན་མོར། 9 བལྟམས་པའི་རྗེས་སུ་ཡང་ཐ་མལ་བའི་སྣང་ངོར་སྐུའི་ལྟེ་བ་བཅད་པའི་ཚུལ་ལས་མཚལ་ཁྲག་བྱུང་བ་ས་ལ་འཕོས་པ་ལས་ཙནྡན་དཀར་པོའི་སྡོང་བོ་ཁྱད་པར་དུ་འཕགས་པ་ཞིག་རང་ཤུགས་སུ་འཁྲུངས་པའི་ལོ་མ་རྣམས་ལ་རྒྱལ་བ་སེང་གེ་ང་རོའི་སྐུ་དང་ཨ་ར་པ་ཙ་ནའི་ཡི་གེ་སོགས་བྱོན་པ་རིམ་གྱིས་འབུམ་ཐེར་དུ་ལོངས་པས་སྐུ་འབུམ་ཙནྡན་ཞེས་ཡོངས་སུ་གྲགས་ཤིང་། ཕྱིས་རྗེ་ཉིད་ཀྱི་འཕྲིན་ལས་ལས་ཕྱོགས་དེར་དགོན་སྡེ་ཆེན་པོ་ཆགས་པ་ལ་ཡང་སྐུ་འབུམ་དགོན་དུ་གྲགས་པ་དང་། ལྗོན་ཤིང་དེའི་ལོ་མའི་ཆ་ཤས་ཕྲ་མོ་ཙམ་ཁར་སོང་བས་ཀྱང་ནད་གདོན་གྲིབ་དང་མི་གཙང་བ་སོགས་སེལ་ནུས་པ་ད་ལྟའི་བར་ཀུན་ལ་མངོན་སུམ་དུ་གྱུར་པ་འདི་ཁའོ།། p103-104
དེས་ན་རྗེ་ཉིད་ཞལ་བཞུགས་དུས་སུ་སྐུ་འབུམ་བྱོན་པའི་ལྗོན་ཤིང་འདིའི་སྐོར་དེ་ཙམ་ཡོངས་གྲགས་ཤིག་མིན་པ་ཡང་འདྲ་སྟེ་ལོ་རྒྱུས་མཁས་པ་ཚོས་དཔྱད་པར་འཚལ། མཁས་གྲུབ་རྗེའི་དད་པའི་འཇུག་ངོགས་དང་རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་རྣམ་ཐར་ཟུར་འདེབས་གཉིས་ཀྱི་འཕྲོ་ནས་རྗེའི་རྣམ་ཐར་རྙིང་ཤོས་དེ་གང་ཡིན་དཔྱད་པར་བྱ་ཞིང་།
དགུང་ལོ་གསུམ་བཞེས་དུས་ཀརྨ་པ་རོལ་བའི་རྡོ་རྗེར་དབུ་སྐྲ་གཙུད་ཕུད་འབུལ་ས་ཡིན་པར་ཡོངས་སུ་གྲགས་པའི་ཤར་རྫོང་རི་ཁྲོད་ཅེས་པ་དེར་ཁོ་བོ་ཡང་དངོས་སུ་བསྐྱོད་མྱོང་ཞིང་། གནས་དེ་ནི་ལུང་པ་རིང་པོ་ཞིག་གི་མཐོ་སར་ཆགས་པའི་སྦས་ཡུལ་ཧ་ཅང་ཉམས་དགའ་བ་ཞིག་ཏུ་མཆིས་ལ། དེའི་རྒྱབ་མདུན་ཐམས་ཅད་ལྗོན་ཤིང་གི་ཕྲེང་བས་མཛེས་ཤིང་། མི་དང་དུད་འགྲོའི་འདུ་འཛི་དང་རིང་དུ་གྱེས་པའི་དབེན་གནས་འགྲན་ཟླ་གྲལ་བ་ཞིག་རེད། དེ་བཞིན་རྗེ་ཉིད་ཀྱིས་མི་ལོ་བཅུ་ཕྲག་གཅིག་ཙམ་གྱི་རིང་ཆོས་རྗེ་དོན་གྲུབ་རིན་ཆེན་པ་བསྟེན་སའི་བྲག་བྱ་ཁྱུང་ཡང་ཙོང་ཁའི་སྐྱེས་རི་མཐོན་པོ་དང་འདབ་འབྲེལ་ཞིང་མི་ལོ་དྲུག་བརྒྱའི་ཡར་སྔོན་དུ་འཇིག་རྟེན་གྱི་ཟང་ཟིང་གིས་ཡོངས་སུ་བཏང་བའི་དབེན་དགོན་ཧ་ཅང་ཉམས་དགའ་བ་ཞིག་ཡིན་པ་སྨྲ་ག་ལ་དགོས། དེ་ཡང་ཚེ་ཏན་ཞབས་དྲུང་གིས་མཛད་པའི་བྱ་ཁྱུང་གདན་རབས་ལས། དེ་ཡང་ཡན་ལག་བརྒྱད་དང་ལྡན་པའི་ཀླུང་ཆེན་རྨ་ཆུང་དང་ཙོང་ཆུ་གཉིས་གཉེན་དུ་བསྡེབས་པའི་འདྲེས་མདོ་ནས་བཟུང་། ནུབ་ཕྱོགས་ཉིན་ལམ་མང་པོས་ཆོད་པའི་རི་རྒྱུན་ཆེན་པོ་རྨ་ཆེན་གངས་རི་ལ་ཐུག་གི་བར་ཙོང་ལ་རིང་མོ་ཞེས་གྲགས་པ་ལ་ཉིན་སྲིབ་ཀྱི་ཆ་གཉིས། གཡོན་ངོས་ཀྱི་ཆར་མཉམ་མེད་ཙོང་ཁ་པ་ཆེན་པོ་འཁྲུངས་པའི་གནས་ཆེན་སྐུ་འབུམ་བྱམས་པ་གླིང་ཆགས་ཤིང་། གཡོན་ངོས་ཀྱི་སྲིབ་ཀྱི་ཆར་རྗེ་ཐམས་ཅད་མཁྱེན་པ་དེ་ཉིད་མངོན་པར་འབྱུང་བའི་གནས་བྲག་བྱ་ཁྱུང་ཞེས་བྱ་བ་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་ཞྭ་སེར་བསྟན་པའི་འབྱུང་ཁུངས་འདི་ཉིད་ཆགས་སོ།། ཞེས་པ་ནས། གཞན་ཡང་འདུ་འཛིས་དབེན་ཞིང་བག་ཕེབས་པ། མཐོངས་ཡངས་ཤིང་བསེར་བུའི་རྒྱུ་ཕྱོགས་བཟང་པ། ཉིན་བྱེད་དབང་པོ་འཆར་སྔ་ཞིང་ནུབ་འཕྱི་བ་སོགས་ཀློག་སྤོང་ཐོས་བསམ་པ་ལ་འོས་པའི་དྲང་སྲོང་གི་གནས་ཀྱི་ཡོན་ཏན་རང་ཆས་སུ་མངའ་འོ།། 10 ཞེས་གསུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། p7
ཁོང་དགུང་ལོ་ཅི་ཙམ་གྱི་སྟེང་དབུས་གཙང་གི་ཕྱོགས་སུ་ཕེབས་པའི་སྐོར་ལ་རྣམ་ཐར་ཕལ་མོ་ཆེ་ཞལ་མཐུན་པར་དགུང་ལོ་བཅུ་དྲུག་སྟེང་ཕེབས་ཚུལ་གསལ་བ་ནི། དད་པའི་འཇུག་ངོགས་ལས། 11 དེ་ལྟར་དགུང་ལོ་བཅུ་དྲུག་པའི་ཚེ། བླ་མའི་བཀས་ཀྱང་བསྐུལ་ཞིང་། བདག་ཉིད་ཀྱང་སྤྲོ་ཤུགས་དྲག་པོས་དབུས་གཙང་གི་ཕྱོགས་སུ་འབྱོན་པར་བརྩམས་ཤིང་། p16 ཞེས་གསུངས་མོད། རྡོ་སྦིས་དགེ་བཤེས་ཀྱིས་བརྩམས་པའི་རྗེ་ཙོང་ཁ་པའི་རྣམ་ཐར་མདོར་བསྡུས་ཚིགས་བཅད་བཅུ་བདུན་པ། ཞེས་པ་དེར།
བཅུ་བདུན་པ་ལ་དུས་གསུམ་གཟིགས་པ་ཡི། །
བླ་མའི་བཀའ་དང་རང་གི་དད་སྟོབས་ཀྱིས། །
དབུས་གཙང་ཆོས་ཀྱི་ལྗོངས་སུ་གོམ་ཁ་བསྒྱུར། །
ཉི་ཟླ་ཤར་ནས་འཆར་བའི་རྣམ་ཐར་ཡིན། ། 12 མཚོ་སྔོན་བོད་རིགས་དྲ་བར།
ཞེས་པ་དེའི་ཁུངས་གང་ལ་གཏུགས་མ་ཤེས་ལ། རྗེ་འདི་ཉིད་དབུས་གཙང་དུ་འབྱོན་ལོ་བྱི་བ་ལོ་ཡིན་པ་གང་ཞིག་ལ། དད་པའི་འཇུག་ངོགས་སུ། དེ་ནས་འབྲི་གུང་ཐེལ་གྱི་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་གྱིས་གདན་དྲངས་ནས་འཕྲིན་ལས་པ་དང་འགྲོགས་ཏེ་བྱོན། གླང་ལོ་སྟོན་གྱི་དུས་སུ་འབྲི་གུང་དཔལ་གྱི་ནགས་ཁྲོད་དུ་ཕེབས། 13 ཞེས་དང་། p18
རྣམ་ཐར་ཆེན་མོར།
བྱི་བ་ལོ་དེ་ཉིད་ཀྱི་ནང་དབུས་གཙང་གི་ཕྱོགས་སུ་ཕྱག་བཏེགས་པར་སྣང་ཞིང་། ཞེས་པ་ནས། རིམ་གྱིས་བྱོན་ནས་དགུང་ལོ་བཅུ་བདུན་པ་ཆུ་མོ་གླང་གི་ལོ་སྟོན་གྱི་དུས་སུ་འབྲི་ཁུང་དཔལ་གྱི་ནགས་ཁྲོད་དུ་ཕེབས། 14 ཞེས་གསུངས་པ་དང་། p123 ཁོང་དང་ལྷན་དུ་ཁོང་གི་སྐུ་མཆེད་རེ་ཟུང་ཡང་ཕེབས་ལུགས་རྣམ་ཐར་རེ་ཟུང་ནས་མཇལ་བ་དང་། ཁོང་གིས་དབུས་ལམ་རིང་མོར་འགྲིམ་པའི་དུས་ཚོད་ལ་དཔྱད་ན། བྱི་བ་ལོའི་དབྱར་དགུན་སྟོན་དཔྱིད་གང་ཡིན་རྣམ་ཐར་ཁག་ཏུ་གསལ་བོ་མི་འདུག་ལ། འབྲི་གུང་དུ་ཕེབས་པ་ནི་ཁོང་གིས་དབུས་གཙང་གི་ཆོས་སྡེ་མཇལ་བའི་ཐོག་མ་དང་། འབྲི་གུང་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་ཡང་ཁོང་གིས་དབུས་ཕྱོགས་སུ་བླ་མ་མཇལ་བའི་ཐོག་མར་རྣམ་ཐར་ཚང་མའི་ནང་དུ་གསུངས་འདུག་པས། ཨ་མདོ་ནས་བྱི་བ་ལོར་ཕེབས་ཏེ་དབུས་སུ་འབྱོར་དུས་གླང་ལོའི་སྟོན་ཁར་བསླེབས་ཡོད་པས། ཕེབས་ལམ་དུ་ཉུང་མཐར་ཡང་ཟླ་བ་བདུན་བརྒྱད་ཅིག་འགོར་འདུག དེ་བཞིན་ཁོང་རྣམ་པ་བྱང་ལམ་ནས་མ་ཕེབས་པར་ལྷོ་ནུབ་བརྒྱུད་དེང་སང་གི་ཆབ་མདོ་དགོན་ཆེན་ཡོད་ས་སོགས་བརྒྱུད་ནས་ཕེབས་པ་དང་། ལམ་ཁ་འདི་བྱང་ལམ་ལ་ལྟོས་ན་ཉེན་ཁ་ཉུང་ཞིང་ཐག་ཀྱང་དེ་ཙམ་མི་རིང་བས། ཕེབས་ལམ་དུ་ཟླ་བ་བདུན་བརྒྱད་ཅིག་ཇི་ལྟར་འགོར་བ་ཡིན་ནམ།
གང་ལྟར་རྗེ་དབུས་གཙང་དུ་ཕེབས་རྗེས་དགུང་ལོ་བཅུ་བདུན་ནས་སོ་དྲུག་གི་བར་གསན་སྦྱོང་གཙོ་བོར་མཛད་ཅིང་། དེ་ནས་ང་གཉིས་བར་དུ་ལོ་བཅུ་དྲུག་ཙམ་གྱི་རིང་འོལ་ཁ་ཆོས་ལུང་དང་རྭ་སྒྲེང་སོགས་སུ་སྒྲུབ་པ་སྙིང་པོར་མཛད། དེ་ནས་དགའ་ལྡན་དུ་མ་གཤེགས་བར་ལོ་བཅུ་གཅིག་གི་རིང་མདོ་སྔགས་ཀྱི་འཆད་སྤེལ་དང་ལྷ་ལྡན་སྨོན་ལམ་གསར་འཛུགས། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་སོགས་མཛད།
རྗེ་འདིས་རང་རྣམ་གསུང་དུས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།། ཞེས་གསུངས་པ་བཞིན། ཐོག་མར་རྙིང་མ་དང་བཀའ་གདམས་པ། ས་སྐྱ་པ་དང་བཀའ་བརྒྱུད། དུས་འཁོར་བ་སོགས་ཀྱི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་མང་པོ་ཞིག་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་སྦྱངས་པ་གནད་དུ་སྨིན་པ་ཞིག་མཛད་པའི་རྗེས་སུ། གོང་སྨྲོས་བཞིན་འོལ་ཁ་ཆོས་ལུང་སོགས་དབེན་གནས་དུ་མར་ཕེབས་ཏེ་ཐོས་དོན་རྒྱུད་ལ་སྦྱོར་བའི་སྒྲུབ་པ་སྙིང་པོར་མཛད་པ་སྟེ། དད་པའི་འཇུག་ངོགས་ལས། དེ་ནས་ཡབ་སྲས་གཉིས་ཀའང་དབེན་པ་ལ་དགྱེས་ཤིང་། དབྱར་རྭ་སྒྲེང་དབེན་པའི་གནས་ཀྱི་བསྔགས་པ་གཏམ་དུ་བརྗོད་པ་སྙན་དུ་གསོན་པས་ཀྱང་ཐུགས་གཡོས་པར་གྱུར་ལ། དཔལ་ལྡན་ཨ་ཏི་ཤས་ལུང་བསྟན་པའི་གནས། སྟོན་པ་རིན་པོ་ཆེ་ཡབ་སྲས་ཀྱི་གདན་ས། བཀའ་གདམས་པའི་དམ་པའི་ཆོས་ཀྱི་ཆུ་བོ་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས་ཀྱང་གཟིགས་པར་བཞེད་དེ། ཡབ་སྲས་གཉིས་ཀྱིས་ཐོག་མ་མཛད་པའི་དགེ་འདུན་སྡེ་སྣོད་འཛིན་པ་མང་པོའི་ཚོགས་དང་བཅས་པ་རྭ་སྒྲེང་ལ་ཕྱག་བཏེགས། དགུན་བཞུགས་རྭ་སྒྲེང་དུ་མཛད། 15 ཅེས་དང་། p77 རྣམ་ཐར་ཆེན་མོར། དེ་ནས་ཡབ་སྲས་གཉིས་ཀ་དབེན་པ་ལ་དགྱེས་པ་ཆེ་ཞིང་། དཔལ་ལྡན་ཨ་ཏི་ཤས་བསྔགས་པ་རྒྱ་ཆེར་མཛད་པ་ལྟར་འབྲོམ་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གདན་ས། བཀའ་གདམས་པའི་དམ་པའི་ཆོས་ཀྱི་ཆུ་བོ་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པ་དང་། གནས་ཀྱི་ངོ་མཚར་བའི་ཡོན་ཏན་དུ་མ་ཞིག་རིང་མོ་ཞིག་ནས་སྙན་དུ་གསན་པས་ཐུགས་གཡོས་པར་གྱུར་ཏེ། ཡབ་སྲས་གཉིས་ཀྱིས་ཐོག་མ་མཛད་པའི་དགེ་འདུན་སྡེ་སྣོད་འཛིན་པ་ཤིན་ཏུ་མང་བའི་ཚོགས་དང་བཅས་ཏེ་རྭ་སྒྲེང་དུ་ཕྱག་བཏེགས། 16 ཞེས་བྱུང་། p268-269
རྗེ་རེ་འདའ་དང་རྗེ་ཙོང་ཁ་པ་ཡབ་སྲས་གཉིས་ཀ་གནས་དབེན་པ་ལ་ཐུགས་དགྱེས་པ་ནི་རྣམ་ཐར་ཆེན་མོར་རྣམ་ཐར་གཞན་ལས་དྲངས་ཞེས་པ་ཞིག་ཏུ། དེ་དུས་གསང་ཕུའི་དགེ་བཤེས་ཕར་ཚད་ཀྱི་སྟོན་པ་བཟང་པ་ལྡན་མ་དཀོན་མཆོག་སེང་གེ་ཟེར་བས་ཚོགས་ནས་ལངས་ཏེ། དེང་སང་གཙང་ན་མཁས་པ་རེ་འདའ་བ། དབུས་ན་མཁས་པ་ཙོང་ཁ་པ་ཟེར་བས། ཁྱེད་ཡབ་སྲས་གཉིས་དབུས་གཙང་གི་བསྟན་པའི་བདག་པོར་གྱུར་གདའ་ཞིང་། ད་ལྟ་ཞལ་འཛོམས་པའི་དུས་འདིར་ཐེག་པ་གསུམ་དང་། གྲུབ་མཐའ་རྣམ་བཞིའི་གཤོག་རལ་རྣམས་ལྐོག་ཏུ་མི་མཛད་པར་བདག་ཅག་དབུས་གཙང་གི་དོན་གཉེར་བ་རྣམས་ཀྱི་ཐེ་ཚོམ་དང་ལོག་རྟོག་སེལ་བའི་ཕྱིར་དུ་ཚོགས་སུ་འབེལ་གཏམ་མཛད་པ་ཞུ་ཞིང་། ལུང་རིགས་ཀྱི་དགག་སྒྲུབ་མཛད་ནས་ཡིན་མིན་གྱི་ཁོ་ཐག་ཆོད་པའི་ཆོས་འཁོར་ཡུན་རིང་དུ་བསྐོར་དུ་གསོལ། དེ་བས་ན་རེ་འདའ་བས་གངས་བུ་ལེ། ཆོས་རྗེ་བློ་བཟང་གྲགས་པས་འོ་དེ་གུང་རྒྱལ་གྱི་གངས་ལ་གཤེགས་མི་གསུང་བར། དབུས་གཙང་གི་གཞུང་དུ་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་པར་ཞུ། 17 ཞེས་པ་ཞིག་བཞུགས། p268
རྗེ་འདིས་ཁོང་གི་བླ་མའི་མཆོག་གྱུར་རྗེ་རེ་འདའ་བར་རྗེས་དྲན་གྱི་རྩོམ་ཡིག་འབྲི་དུས་ཀྱང་ཐོག་མར་དབེན་པའི་གནས་ཀྱི་ཡོན་ཏན་དང་སྦྱར་ནས་བསྟོད་པ་སྟེ། དབེན་པའི་གནས་ན་མང་དུ་ཐོས་པའི་དོན།། ཚུལ་བཞིན་སྒྲུབ་པའི་དམ་ཆོས་བདུད་རྩིས་རོས།། ཡིད་ལ་སྐལ་བཟང་སྩོལ་བའི་དགོན་པ་པ།། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རེ་འདའ་པ།། 18 ཞེས་གསུངས་ཤིང་། རྩོམ་ཡིག་འདི་འབྲི་ས་ཡང་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷའི་སྡིངས་མིང་གཞན་རྣམ་པར་རྒྱལ་བའི་གླིང་དུ་བརྩམས་འདུག རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། p185
གཞན་ཉིད་ཀྱི་གསུང་པོད་རིན་ཐང་བྲལ་བ་མང་པོ་ཞིག་ཀྱང་གནས་འདི་རུ་ལྗགས་རྩོམ་མཛད་པ་དང་། བྱང་ཆུབ་ལམ་རིམ་ཆེན་མོ་བརྩམས་པའི་གནས་ནི་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་ཡང་དགོན་བྲག་སེང་གེའི་ཞོལ་གྱི་རི་ཁྲོད་ཅིག་ཡིན་པ་མཛད་བྱང་དུ་གསལ། 19 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། p813
འདི་ལ་དད་པའི་འཇུག་ངོགས་ལས། 20 དགག་དབྱེ་ཐོན་པ་ན། རྗེ་བཙུན་ཆེན་པོ་(འདི་རྗེ་རེ་འདའ་བ་ཡིན།) གཙང་ལ་ཕྱག་བཏེག ཆོས་རྗེ་རྣམ་གཉིས་འཁོར་དང་བཅས་པ་སླར་ཡང་རྭ་སྒྲེང་དུ་བྱོན། བྲག་སེང་གེའི་ཞོལ་དུ་དབེན་གནས་བཏབ། ཆོས་རྗེ་ལོ་ཙྰ་བས་ནན་ཆེར་བསྐུལ་ཞིང་། གཞན་ཡང་གསོལ་བ་འདེབས་པ་དུ་མའི་ངོར། རྒྱལ་བའི་གསུང་རབ་མཐའ་དག་གི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་དང་ལྡན་པ་སངས་རྒྱས་ཀྱི་སར་འཁྲིད་པའི་ཚུལ་རྒྱས་པར་སྟོན་པའི་ལམ་རིམ་ཆེན་མོའི་རྩོམ་པ་མཛད། ཅེས་བྱུང་། p7980
སྔགས་རིམ་ཆེན་མོའི་མཛད་བྱང་དུ། གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་བྱམས་པ་གླིང་མིང་གཞན་གསང་སྔགས་ནང་ཞེས་པར་སྦྱར། 21 ཞེས་གསུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། p620
སྟོན་པ་ཐུབ་པའི་དབང་པོའི་བསྟོད་པ་གྲགས་ཅན་སྐབས་གསུམ་པ་ཞེས་པ་དེའི་མཇུག་བྱང་དུ། མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར་22 ཞེས་བྱུང་། p198 གོང་གསལ་པར་མ།
རྗེའི་བསྟོད་ཆེན་བཞིའི་ཡ་གྱལ་རྟེན་འབྲེལ་བསྟོད་པའི་མཇུག་བྱང་དུ། མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷ་སྡིངས་མིང་གཞན་རྣམ་པར་རྒྱལ་བའི་གླིང་། 23 ཞེས་གསལ། གོང་གསལ་པར་མ། p203
འོད་དཔག་མེད་ཀྱི་བསྟོད་པ་ཞིང་མཆོག་སྒོ་འབྱེད་ཀྱི་མཇུག་བྱང་དུ། མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར་བའོ།། 24 གོང་གསལ་པར་མ། p205
བསྟོད་ཆེན་བཞིའི་ཡ་གྱལ་བྱམས་བསྟོད་ཚངས་པའི་ཅོད་པན་གྱི་མཇུག་བྱང་དུ། མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་ལྷོ་བྲག་སྟོང་རི་ཉི་ཤར་གྱི་དབེན་གནས་སུ་སྦྱར། 25 གོང་གསལ་པར་མ། p218
བྱམས་བསྟོད་རིན་ཆེན་གསལ་སྒྲོན་གྱི་མཇུག་བྱང་དུ།
མང་དུ་ཐོས་པའི་རྒྱལ་ཁམས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར། 26 གོང་གསལ་པར་མ། p222
བསྟོད་ཆེན་བཞིའི་ཡ་གྱལ་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོའི་མཛད་བྱང་དུ། མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར། 27 གོང་གསལ་པར་མ། p233
གསུང་རྩོམ་མང་པོའི་མཇུག་བྱང་དུ་གསལ་བའི་འོ་དེ་གུང་རྒྱལ་ནི་བོད་ཡུལ་གྱི་གཉུག་མར་གནས་པའི་གནས་བདག་གྲགས་ཅན་ཞིག་གི་མིང་ཡིན་ཞིང་། བོད་ཀྱི་སྲིད་པ་ཆགས་པའི་ལྷ་ཆེན་མང་པོ་ཞིག་ཁོང་གི་སྲས་ཡིན་ཚུལ་དེབ་ཐེར་ཁག་ཏུ་གསལ་ལ། འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་ཞེས་པའི་གནས་དེའི་སྐོར་ལ་དད་པའི་འཇུག་ངོགས་སུ། དེ་ནས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷ་སྡིངས་སུ་ལོ་གཅིག་བཞུགས་ཆོས་མང་དུ་གསུངས། 28 ཞེས་དང་། p73
དེ་ནས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་འོལ་ཁའི་བྱམས་པ་གླིང་དུ་ཕྱག་ཕེབས། ཞེས་པ་ནས། ལོ་གཉིས་བཞུགས་ནས། དེ་ནས་བྱང་ཆུབ་ལུང་དུ་དགུན་བཞུགས་མཛད་29 ཅེས་པར་བརྟགས་ན། འོལ་ཁའི་ཕྱོགས་ཀྱི་དབེན་གནས་དུ་མར་སྒྲུབ་པ་མཛད་ཞོར་དང་བཀའ་ཆོས་གསུང་ཞོར། བསྟན་བཅོས་རྩོམ་ཞོར་སོགས་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞིན་རྒྱུན་རིང་བོར་བཞུགས་འདུག p82
རྣམ་རྒྱལ་མའི་བསྟོད་པ་འཆི་མེད་གྲུབ་པའི་མཛད་བྱང་དུ། མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་གསལ་རྗེ་གངས་ཀྱི་དབེན་གནས་ཡར་འདྲེན་དུ་སྦྱར་བའོ།། 30 གོང་གསལ་པར་མ། p258
ལྷོ་བྲག་གྲུབ་ཆེན་གྱིས་ཞུ་ལན་སྨན་མཆོག་བདུད་རྩིའི་ཕྲེང་བ་བསྐུར་པའི་ལན་དུ་སྤྲིངས་པའི་འཕྲིན་ཡིག་དེའི་མཇུག་བྱང་དུ། ཅེས་པ་འདི་ནི་མདོ་རྒྱུད་མང་དུ་ཐོས་ཏེ། དེ་དོན་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་བསམ་གཏན་པ། འཇམ་དབྱངས་བླ་མས་རྗེས་བཟུང་ཞེས་བགྱི་བས། དབེན་པའི་སྒྲུབ་གནས་ཁྱད་པར་ཅན་གྱི་རི་སུལ་ནས་ཞུས་པ། 31 ཞེས་བྱུང་། གོང་གསལ་པར་མ། p330
སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་བྱིན་རླབས་ཀྱི་ལྷུན་པོའི་མཛད་བྱང་དུ། ཡུལ་གངས་ཅན་གྱི་མཐར་སྐྱེས་པའི་སྙན་དངགས་མཁན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་ཕྱིན་པའི་ཚེ་སྦྱར། 32 གོང་གསལ་པར་མ། p432
གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་ལྷོ་ཁ་ས་ཁུལ་གྱི་གནས་ཡིག་དང་ལྷ་ས་ཁུལ་གྱི་གནས་ཡིག་ཅེས་པ་གཉིས་ཀྱི་ནང་དུ་གསལ་བའི་རྗེ་ཙོང་ཁ་པ་དང་འབྲེལ་བའི་དབེན་གནས་ཁག་ཅིག་གི་སྐོར་ཆོས་འཕེལ་གྱིས་བརྩམས་པ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པར་གསལ་བ་ཁག་ཅིག་འདྲེན་རྒྱུ་ཡིན་ལ། དེབ་འདི་རྩོམ་ཆེད་རྩོམ་པ་པོས་སྤྱི་ལོ ༡༩༩༨ ལོར་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་དང་ལྷོ་ཁའི་རྫོང་ཁག་མང་པོ་ཞིག་ལ་ལྕགས་རྟར་ཞོན་ནས་བསྐྱོད་པའི་དཀའ་སྤྱད་མང་པོ་ཞིག་མྱངས་འདུག་ཅིང་། ལོ་རྒྱུས་རྒྱུ་ཆ་མང་པོ་ཞིག་ས་གནས་ཀྱི་རྒན་རབས་པ་དང་སྐུ་གཉེར་གྱི་ཞལ་རྒྱུན། རྒན་རབས་ཚོའི་ངག་རྒྱུན་གཙོ་བོར་བཞག་སྟེ་བྲིས་པ་ཞིག་ཡིན་ལུགས་དེབ་ངོ་སྤྲོད་ནང་གསལ་བོར་བཀོད་འདུག་ལ། རྗེ་ཙོང་ཁ་པ་དང་འབྲེལ་བའི་དོན་དག་ཆུང་ངུའི་རིགས་མང་པོ་ཞིག་རྗེའི་རྣམ་ཐར་ཆེ་ཆུང་དེ་སྔ་དཔེ་སྐྲུན་བྱས་ཟིན་པ་དེ་དག་གི་ཁྲོད་དུ་མཇལ་རྒྱུ་མེད་ན་ཡང་། ལོ་རྒྱུས་ནི་དཔེ་ཆའི་ནང་ཡོད་པ་གཅིག་པོར་གཞི་འཛིན་རྒྱུ་ཙམ་ཞིག་མ་ཡིན་པར། ས་གནས་རང་གི་ཡུལ་མིའི་ངག་ཐོག་ན་ཡོད་པ་མང་པོ་ཞིག་ནི་ས་གནས་དེའི་ལོ་རྒྱུས་སྟེང་གི་མི་སྣ་རླབས་ཆེན་དེ་དག་གི་བྱུང་བ་དངོས་གསལ་བའི་མེ་ལོང་རེ་རེ་ཡིན་པ་ང་ཚོས་ཅིས་ཀྱང་ཤེས་དགོས་ལ་སྣང་མེད་དུ་དེ་བས་ཀྱང་གཏོང་མི་རུང་། དཔེ་དེབ་འདི་སྤྱི་ལོ ༢༠༠༢ ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་ ༢༠༡༠ ལོར་བོད་དང་ཧི་མ་ལ་ཡའི་ལོ་རྒྱུས་དང་རིག་གནས་གནས་ཡིག་ཅེས་པའི་དྲ་སྟེང་དུ་བཀོད་ཡོད།
ཆོས་བསམ།33
འོལ་དགའ་ནས་ལྷོ་ངོས་སུ་རྐང་ཐང་མར་ཆུ་ཚོད་གཉིས་མ་ཟིན་ཙམ་ཕྱིན་ན་རི་ཁྲོད་དེར་འབྱོར། རི་ཁྲོད་དེ་ནི་རྗེ་ཙོང་ཁ་པས་ཚེ་དཔག་མེད་སྒྲུབ་གནང་ས་ཡིན། རྗེ་རིན་པོ་ཆེ་སྐུ་ངོ་མས་སཚྩ་དགུ་བརྒྱ་དགུ་བཅུ་གོ་དགུ་བཏབ་གནང་སའང་གནས་དེར་ཡིན། དེ་རྗེས་ལྷོ་བྲག་ནམ་མཁའ་རྒྱལ་མཚན་དང་། རྗེ་བསོད་ནམས་བློ་གྲོས་གཉིས་ཀྱང་བཞུགས་གནང་མཛད་ཅེས་ཟེར།
ད་ལྟ་གསར་བཞེངས་ལྷ་ཁང་ནང་སྟོན་པའི་སྐུ་བརྙན་དང་། རྗེ་བསོད་ནམས་བློ་གྲོས། འཇམ་དབྱངས་སོགས་ཀྱི་འཇིམ་སྐུ་དང་། སྒྲུབ་ཕུག་ནང་རྗེ་རིན་པོ་ཆེས་བསྐྱོན་པའི་ཚེ་དཔག་མེད་ཀྱི་སཚྩ་དང་། རྗེ་རིན་པོ་ཆེ་དང་། ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་ཞབས་རྗེས། རྟ་མགྲིན་བསམ་གྲུབ་བཅས་ཀྱི་རང་བྱོན་སོགས་མཇལ་རྒྱུ་ཡོད།
ཡང་དེའི་ལྟག་ཏུ་རྐང་ཐང་མར་ཆུ་ཚོད་བཞི་ལྷག་ཙམ་སོང་ན་ལྷ་ལྡིང་རི་ཁྲོད་ཅེས་པར་རྗེ་རིན་པོ་ཆེར་སྟོང་ཉིད་ལྟ་བ་འཁྲུངས་ཏེ་རྟེན་འབྲེལ་བསྟོད་པ་གནས་དེར་ལྗགས་རྩོམ་གནང་ ཞེས་གསུངས། ལྷོ་ཁ་ས་ཁུལ་གྱི་གནས་ཡིག ཆོས་འཕེལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། p79
འོལ་ཁ་ཆོས་ལུང་། 34
ཆོས་བསམ་ནས་འཕྲེད་དུ་རྐང་ཐང་མར་སྤྱི་ལེ་གཅིག་ཙམ་སོང་ན་གནས་དེར་སླེབས། གནས་དེ་ནི་རྗེ་ཙོང་ཁ་བས་མདོ་སྨད་པ་བཞི་དང་དབུས་པ་བཞི་བཅས་འཁོར་དག་པ་རྣམ་བརྒྱད་སོ་སོ་སྒྲུབ་ཕུག་རེར་བཞུགས་སྐབས། འོལ་དགའ་རྫོང་དཔོན་བཀྲ་ཤིས་རྒྱལ་མཚན་ཐོག་སྐོར་དུ་ཡོད་སྐབས་ཆོས་ལུང་ནས་འོད་འཚེར་བ་མཐོང་བས་འཁོར་གཡོག་མངགས་ཏེ་ཅི་འདུག་ལྟོས་ཤིག་གསུངས་པར་འཁོར་གཡོག་རྣམས་དེར་སླེབས་སྐབས་རྣལ་འབྱོར་པ་དགུ་རང་རང་གི་སྒྲུབ་ཕུག་ཏུ་བཞུགས་འདུག་པ་དེ་ལྟར་རྫོང་དཔོན་ལ་ཞུས་པས་རྫོང་དཔོན་སོང་སྟེ་རྗེ་ཙོང་ཁ་པའི་ཞབས་ལ་གཏུགས་ནས་ཞབས་ཏོག་འབུལ་རྒྱུར་ཁས་བླངས་པ། རྗེ་རིན་པོ་ཆེས་ངེས་ཚོར་གཞན་གྱི་རྒྱས་སྤྲོས་མི་དགོས། ཁྱོད་ཀྱིས་འགྲུབ་ན་འདུལ་བའི་སྤྱོད་ལམ་བཞི་གཤོངས་པའི་ཁང་པ་ཞིག་ཨེ་འགྲུབ་གསུངས་པར་རྫོང་དཔོན་གྱིས་དེ་མར་ཁས་བླངས་ཏེ་ལོ་དེ་རང་དུ་འགྲུབ་པར་བྱས། གནས་དེར་རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་དབྱངས་ཀྱིས་ལུང་བསྟན་ལྟར་སྐུ་ཕྱག་འབུམ་སོ་ལྔ་བར་གནང་བར་ལྟུང་བཤགས་ལྷ་སོ་ལྔའི་ཞལ་གཟིགས་ཐོབ། མཎྜལ་རྡོ་སྟེང་ཁོ་ནར་ཕུལ་གནང་བས་ཕྱག་ངར་ཡང་རྡོལ། རྡོའང་ཤེལ་ལྟར་གྱུར། མདོ་སྡེ་ཕལ་མོ་ཆེ་གཟིགས་པས་ཐུགས་སྟོབས་ཅི་ཆེ་འཁྲུངས་ཏེ་སྤྱན་ཆབ་ཀྱང་ཤོར། ལྷག་པའི་ལྷ་དངོས་དང་མནལ་ལམ་ཅི་རིགས་ལ་ཡང་ཡང་ཞལ་གཟིགས་ཐོབ། དེ་ནས་ཆོས་རྭ་སྒང་ཞེས་ད་ལྟ་སྐུ་རྗེས་རང་བྱོན་ཡོད་སའི་ཕ་བོང་གི་སྟེང་ནས་དགལ་ལྡན་ཡིད་དགའ་ཆོས་འཛིན་གཟིགས་སྣང་དུ་བྱུང་སྟེ་དགའ་ལྡན་དགོན་པ་ཕྱག་འདེབས་དགོས་ཐུགས་ལ་འཁྲུངས། སྔོན་དགོན་དེར་འོལ་དགའ་དགོན་ཁག་བདུན་ནས་དགེ་སློང་རེ་ཕེབས་དགོས་པ་དང་། དགོན་དེ་གཞུང་འཛིན་ཡིན་སྟབས་འོལ་དགའ་རྫོང་ནས་གསོལ་ཕོག་འབྲུ་ཁལ་བཅོ་བརྒྱད་རེའང་རྒྱག་དགོས། སྔོན་འདུ་ཁང་ནང་རྗེ་བཞི་གྲགས་མ་དང་། ལྟུང་བཤགས་ལྷ་སོ་ལྔའི་ལྡེབས་རིས། རྗེ་རིན་པོ་ཆེས་མཎྜལ་འབུལ་གནང་སའི་རྡོ། སྐྱ་ཕྱག་འབུལ་གནང་སའི་རྡོ། འཁོར་དག་པ་རྣམ་བརྒྱད། རྗེ་རིན་པོ་ཆེའི་སྒྲུབ་ཕུག་སོགས་མཇལ་རྒྱུ་ཡོད། p70-80
གསང་སྔགས་བྱམས་པ་གླིང་། 35
ཡང་དེ་ནས་རྐང་ཐང་མར་ཆུ་ཚོད་གསུམ་ལྷག་ཙམ་ཕྱིན་ན་གསང་སྔགས་བྱམས་པ་གླིང་ཞེས་རྗེ་རིན་པོ་ཆེས་སྔགས་རིམ་ཆེན་མོ་གསུངས་སའི་གནས་དེར་འབྱོར། གནས་དེ་ནི་འོལ་དེ་གུང་རྒྱལ་གྱི་འོག་ཏུ་ཡོད་ཅིང་འོལ་དེ་གུང་རྒྱལ་དགེ་བསྙེན་གྱི་སྡོམ་པ་ཞུ་སའང་གནས་དེར་ཡིན་གསུངས། ཡང་དེའི་ཁ་སྤྲོད་དུ་ཉི་མ་གླིང་ཞེས་པའི་དགོན་པའི་རྗེས་ཤུལ་ཞིག་དང་། གླེ་ལུང་བཞད་པ་རྡོ་རྗེའི་དགོན་པའང་མཇལ་རྒྱུ་ཡོད། འོལ་དགའ་རྫོང་ཤུལ་རྙིང་པ་དང་ཉེ་བར་ཆུ་ཚན་ཞིག་ཀྱང་ཡོད་པ་དེ་ལ་རྒྱལ་བ་རིན་པོ་ཆེ་དང་། རྗེ་རིན་པོ་ཆེ་སོགས་ཀྱི་ཆབ་ཚན་ཡིན་ཟེར་བ་སོགས་སོ་སོར་ཡོད། p80-81
བསམ་གླིང་དགོན། 36
མཚན་རྒྱས་པར་“འོལ་དགའ་བསམ་གཏན་གླིང་”ཞེས་ཞུ། འོལ་དགའ་ཤང་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བདུན་བརྒྱད་ཙམ་སོང་ན་འབྲི་ལུང་བརྒྱུད་གནས་ཁྲོད་ནས་དགོན་དེ་མཇལ། “འབྲི་ལུང་”ཞེས་པ་ནི་སྔོན་རྒྱལ་བ་སྐལ་བཟང་རྒྱ་མཚོ་མཚོ་གཟིགས་སུ་ཕེབས་སྐབས་འབྲི་ཞིག་གིས་ལམ་བསྟན་པས་འབྲི་ལུང་ཞེས་པ་དེ་ལྟར་བྱུང་གསུངས། དགོན་དེར་ཐོག་མར་རྗེ་སྒམ་པོ་བས་སྒྲུབ་པ་མཛད། དེ་རྗེས་གདན་ས་མཐིལ་བའི་རྟོགས་ལྡན་མི་བརྒྱད་ཀྱིས་བཟུང་སྟེ་མཆོད་ཁང་བཞེངས། དེ་རྗེས་རྗེ་ཙོང་ཁ་པའང་གནས་དེར་བཞུགས་ནས་ཆོས་གསུངས། སྒྲུབ་པ་ཡུན་རིང་བསྐྱོན་པས་རྗེ་བཙུན་སྒྲོལ་མ་ཞལ་གཟིགས་བྱུང་། སྔོན་འདུ་ཁང་ཀ་བ་བཅོ་བརྒྱད་ཅན་དང་རྒྱལ་སོགས་རིན་པོ་ཆེ་ཞུ་བས་རིན་ཆེན་སྣ་ཚོགས་ལས་བཞེངས་པའི་སྒྲོལ་མའི་སྐུ་གསུངས་འབྱོན་མ་དང་། རྗེ་ང་འདྲ་མ་གསུམ་བཞེངས་པ་ལས་དང་པོ་དེ་ཁོང་ལས་སྐུ་ན་བགྲེས་འདུག་གསུངས། གཉིས་པ་དེ་ཁོང་ལས་སྐུ་ན་གཞོན་འདུག་གསུངས། གསུམ་པ་དེ་ང་འདྲ་པོ་འདུག་གསུངས་པ་བཅས་རྗེ་ང་འདྲ་མའི་སྐུ་གསུམ་ཡོད། སྒྲོལ་མས་གསུང་འབྱོན་པ་ནི་ཐེངས་ཤིག་ཁམས་པ་གནས་སྐོར་བ་ཞིག་གིས་སྒྲོལ་མའི་མགུལ་གཡུ་འཁྱེར་སོང་བས་སྒྲོལ་མས་སྐུ་གཉེར་ལ་“གནས་སྐོར་བ་དེས་ངའི་བླ་གཡུ་འཁྱེར་སོང་བས། ཁྱོད་ཀྱིས་བླ་གཡུ་ཚུར་ལེན་པ་ལས་མི་དེ་ལ་གནོད་པ་མ་བྱེད་ཨང་”ཞེས་གསུངས་པས། སྐུ་གཉེར་གྱིས་གནས་སྐོར་བའི་རྗེས་དེད་ནས་བླ་གཡུ་ཚུར་འཕྲོག གནས་སྐོར་བའི་ལག་གཡས་པ་བྲེགས་པས་རྗེ་བཙུན་སྒྲོལ་མས་“མི་ཁ་མནན་པ་ལས། རང་ཁ་བཙུམས་པ་དགའ་”ཞེས་གསུངས་ཏེ་དེ་ནས་བཟུང་གསུང་མ་འབྱོན་ཞེས་པའི་གསུང་སྲོལ་ཡོད།
ད་ལྟ་གསར་བཞེངས་རྗེ་རིན་པོ་ཆེའི་གཟིམ་ཕུག་ནང་སྔོན་གྱི་སྒྲོལ་མ་གསུང་འབྱོན་མའི་སྐུ་ཚབ་དང་། རྗེ་ང་འདྲ་མའི་སྐུ་ཚབ་སོགས་གསར་བཞེངས་གནང་བ། རྗེ་རིན་པོ་ཆེས་ཙ་རི་ནས་བསྣམས་ཕེབས་པའི་རྡོ་མཆིན་པ་གཟུགས་ཞེས་པ། གཞན་ཡང་སྒྲོལ་མ་ཉེར་གཅིག་དང་འཇིགས་བྱེད་སོགས་ཀྱི་རང་བྱོན་མཇལ་རྒྱུ་ཡོད། p78
ལྔ་མཆོད་གྲྭ་ཚང་། 37
དགོན་དེ་ནི་དགའ་ལྡན་ཆོས་འཁོར་གླིང་གི་གཡོན་ངོས་སུ་ཆགས་ཡོད། དེ་ནི་ཐོག་མར་སྡེ་སྲིད་བྱང་ཆུབ་རྒྱལ་མཚན་གྱིས་ཕྱག་བཏབ་གནང་བའི་བཀའ་བརྒྱུད་པའི་དགོན་ཞིག་ཡིན་པ་ལ། དེ་རྗེས་རྗེ་རིན་པོ་ཆེ་དབུས་གཙང་གནས་ཀྱི་ཆོས་འཁོར་བསྐོར་རྗེས་འདིར་ཕེབས་ནས་ཙན་དན་གྱི་ཀ་བར་སྐུ་རྒྱབ་བསྙེས་ནས་བཞུགས་སྐབས་རྗེ་བཙུན་འཇམ་དཔལ་དབྱངས་ཞལ་གཟིགས་ནས་འཇམ་དབྱངས་རྗེ་རིན་པོ་ཆེར་ཐིམས་ལ་ཉེ་བའི་སྐབས།“ང་ལ་མ་ཐིམས། གྱང་ལ་ཐིམས་”གསུངས་པ་ལྟར་གྱང་ལ་ཐིམས་པས་འཇམ་དབྱངས་གྱང་ཐིམས་མ་ཞེས་པའི་གྱང་དང་། ཇོ་བོ་རྗེའི་ཐུགས་དམ་གྱི་རྟེན་ཐུབ་པ་གསེར་གླིང་མ་སོགས་དུས་འགྱུར་མ་བྱུང་བར་དུ་མཇལ་རྒྱུ་ཡོད་ལ། དགེ་འདུན་ཞལ་གྲངས་ཀྱང་བརྒྱ་ལྷག་ཡོད། ལྔ་མཆོད་ཅེས་པ་ནི་ཆུ་ལྷོ་རྒྱུད་དུ་དགའ་ལྡན་ལྔ་མཆོད་ཐོག་མར་གཏོང་མཁན་དགོན་དེ་ཡིན་སྟབས་མཚན་དེ་ལྟར་ཐོགས། p43
རྫིང་ཕྱི། 38
མཚན་རྒྱས་པར་“རྫིང་ཕྱི་དགའ་ལྡན་བྱམས་པ་གླིང་”ཞེས་ཞུ། ཟངས་རི་རྫོང་ནས་ཤར་ངོས་སུ་འཁོར་ལམ་བརྒྱུད་སྤྱི་ལེ་བཞི་བཅུ་ཞེ་ལྔ་ཙམ་སོང་ན་འོལ་དགའ་རྫོང་ཤུལ་རྙིང་པར་འབྱོར། འོལ་དགའ་ཞེས་པ་ནི་ཡུལ་དེའི་ལྷོ་ངོས་སུ་སྲིད་པའི་ལྷ་ཆེན་འོལ་དེ་གོང་རྒྱལ་གནས་པའི་གངས་རི་བསྟར་ཆགས་སུ་ཡོད་པ་ལས་རྩེ་མོ་ཕྲ་བ་ཁ་སྤྲོད་དུ་ཡོད་པ་ནི་ཡབ་ཡུམ་གཉིས་དང་། དེ་ནས་ཤར་ངོས་སུ་རིམ་བཞིན་བྱང་གི་གཉན་ཆེན་ཐང་ལྷ་དང་། ཀོང་བཙུན་དེ་མོ། མོན་ཡུལ་དེ་མོ། ལྷོ་བྲག་སྐུ་ལྷ་མཁའ་རི། ཡར་ལྷ་ཤམ་བུ། གཙང་དུ་ཇོ་མོ་ཁ་དབྲག མལ་གྲོར་བདུད་རྩི་སྨན་མོ། ཆོས་འཁོར་རྒྱལ་དུ་སྟག་རྒོད་ཤིང་བྱང་སོགས་འོལ་དེ་གོང་རྒྱལ་གྱི་སྲས་སྲོས་ཡིན་ཟེར། ཡུལ་དེར་འོལ་དགའ་ཞེས་པའང་དེ་ལྟར་བྱུང་། འོལ་དགའ་ནས་བྱང་ཤར་ངོས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བཅུ་ཙམ་སོང་ན་རྫིང་ཕྱི་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། “རྫིང་ཕྱི་”ཞེས་པ་ནི་ཐོག་མར་བླ་ཆེན་དགོངས་པ་རབ་གསལ་གྱི་བཀའ་ལྟར་ཁམས་ནས་ཕེབས་པའི་བཤེས་གཉེན་སྒར་མི་ཡོན་ཏན་གཡུང་དྲུང་ཞེས་བཀའ་བརྒྱུད་པའི་བླ་མ་ཞིག་གིས་ཕྱག་བཏབ་གནང་མཛད། དགོན་དེ་ཕྱག་མ་བཏབ་གོང་། བླ་ཆེན་དགོངས་པ་རབ་གསལ་གྱིས་གནང་བའི་རྒྱལ་བ་བྱམས་པའི་སྐུ་བྱིན་ཅན་ལ་གསོལ་བ་བཏབ་པས་“བྲག་ལྷ་གསེར་ཁང་ནས་རྫིང་མ་གིའི་ཕྱི་ཙམ་དུ་རྩིགས་”ཞེས་ལུང་བསྟན་པས་ཡུལ་མིང་དང་དགོན་མིང་བཅས་པར་རྫིང་ཕྱི་ཞེས་ཐོགས། དགོན་དེ་བཞེངས་བསྒྲུབས་རྗེས་ཀྱི་རྟེན་གཙོར་གོང་གསལ་ཛྷེེ་ཀྵིམ་གྱི་རྗེ་བཙུན་བྱམས་པའི་སྐུ་བྱིས་པ་ལོ་བརྒྱད་ཙམ་ཞིག་གི་ཐུགས་ཀར་ཙན་དན་དེ་བའི་ནགས་ཁྲོད་ནས་འཁྲུགས་པའི་ཙན་དན་གྱི་བྱམས་པ་ཁྲུ་གང་པ་ཞིག་དེའི་ཐུགས་ཀར་ཤེལ་གྱི་བྱམས་པ་མཁྱིལ་ནས་བཞུགས་པ་བྱིན་ཅན་ཞིག་སོགས་མཇལ་རྒྱུ་ཡོད། སྐབས་དེར་ཆོས་གྲྭ་རྒྱས་ཏེ་དགེ་འདུན་ལྔ་བརྒྱ་སྐོར་ཟིན། དེ་ནས་རིམ་བཞིན་ཉམས་རྒུད་དུ་སོང་ནས་རྗེ་ཙོང་ཁ་པ་ལ་རྗེ་བཙུན་འཇམ་དབྱངས་ཀྱིས་ལུང་བསྟན་པ་ལྟར་དེར་ཕེབས་སྐབས་བྱམས་པའི་དབུ་ལ་བྱ་བྲུན་དང་། ཐལ་རྡུལ་གྱིས་ཁེངས་ཤིང་གཙུག་ལག་ཁང་ཡང་གོག་པོར་གྱུར་པ་གཟིགས་པས་ཐུགས་སྐྱོ་ནས་སྤྱན་ཆབ་ཤོར། དེ་ནས་འོལ་ཁ་སྟག་རྩེ་རྫོང་ལ་སྦྱིན་བདག་ཞུས་ནས་ཉམས་གསོ་གནང་། རྗེ་ཁོང་རང་གི་གཏོར་ཆས་བཙོངས་ནས་དངུལ་ཞོ་གང་བྱུང་བ་ལས་རྒྱལ་ཆེན་རྣམ་སྲས་ལ་གྲོགས་དན་བཅོལ་བས་ལྟུང་བཤགས་ལྷ་སོ་ལྔ་བྲི་མི་དགོས་པར་རང་བཞིན་དུ་གྱང་ལྡེབས་སུ་གསལ་ཞེས་གསུངས། རྗེ་རིན་པོ་ཆེའི་མཛད་ཆེན་བཞི་ལས་གཅིག་འདི་ཉིད་ཡིན། རྗེས་སུ་འོན་རྒྱལ་སྲས་རིན་པོ་ཆེའི་དགོན་པར་གྱུར། དགེ་འདུན་ཞལ་གྲངས་ལྔ་བཅུ་ཙམ་ཟིན།
ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་སྔོན་གྱི་བྱམས་པའི་ཞབས་གཡས་པའི་སྟེང་སྨན་འདམ་གྱི་བྱམས་པའི་སྐུ་གསར་བཞེངས་གནང་བ་དང་། གཡས་སུ་སྤྱན་རས་གཟིགས་ཁ་སར་པ་ཎི། གཡོན་དུ་རྡོ་རྗེ་སེམས་དཔའ། དེའི་གཡས་སུ་ཐུབ་དབང་ཐོག་བརྩེགས་གཅིག་ལྡན། གཡོན་དུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ཐོག་སོ་གཅིག་ལྷག མཐའ་འཁོར་དུ་ཉེ་སྲས་བརྒྱད་སྒོ་སྲུང་དང་བཅས་ཐོག་སོ་གཅིག་ལྷག གཞན་ཡང་སྒར་མི་ཡོན་ཏན་གཡུང་དྲུང་དང་། རྗེ་ཡབ་སྲས་གསུམ། རྒྱལ་བ་འཕྲིན་ལས་རྒྱ་མཚོ་སོགས་ཀྱི་འཇིམ་སྐུ་གསར་བཞེངས་གནང་བ་དང་། ལྷག་ཏུ་རྗེ་རིན་པོ་ཆེའི་ཞབས་རྗེས་དང་། ཕྱག་རྗེས། ལྟུང་བཤགས་ཀྱི་ལྡེབས་རིས་རྙིང་མ་སོགས་མཇལ་རྒྱུ་ཡོད། p76-77
ཟངས་རི་མཁར་དམར། 39
ད་ལྟའི་ཟངས་རི་རྫོང་ནས་ཤར་དུ་སྤྱི་ལེ་གཉིས་ཙམ་སོང་ན་རྗེ་བཞུགས་གྲོང་སྟེ་རྗེ་རིན་པོ་ཆེ་བཞུགས་མྱོང་བའི་གྲོང་གི་རི་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། p74
བཀྲ་ཤིས་དོ་ཁ། 40
མཚན་གཞན་ལ་“བཀྲ་ཤིས་དུ་ཁ་”ཞེས་ཞུ། ཀེ་རུ་ལྷ་ཁང་ནས་མར་ལམ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བཞི་ཙམ་སོང་ན་ཁྲི་སྨོན་གྲོང་ཞེས་པའི་ཤར་གྱི་རི་འབུར་སྟེང་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་རྗེ་ཙོང་ཁ་པ་གནས་དེར་ཕེབས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། ཉིན་གཅིག་ལ་དབུ་སྐྲ་ཐེངས་བདུན་སིལ་བ་ལས་འདྲ་སྐུ་བདུན་བཞེངས་ནས་སྐུའི་གཟུངས་སུ་དབུ་སྐྲ་ཐེངས་རེ་བཞར་བ་ཕུལ། སྐུ་མ་བསྐམ་པས་གསོལ་དཔོན་བཀྲ་ཤིས་བྱ་བས་མེར་སྐམ་པས་དུ་བ་ཁ་སྟབས། སྐུ་དེ་རྣམས་ཀྱིས་“བཀྲ་ཤིས། བཀྲ་ཤིས། དུ་བ་ཁ་བྱུང་།”ཞེས་གསུང་འབྱོན་པས་རྗེ་བཀྲ་ཤིས་དུ་ཁ་མ་ཞེས་པའི་མཚན་དེ་ལྟར་བྱུང་། སྐུ་དེ་བཞུགས་པའི་མཆོད་རྟེན་ཞིག་ཀྱང་བཞེངས་གནང་མཛད། རྗེ་རིན་པོ་ཆེ་དང་དགེ་འདུན་རྒྱ་མཚོ་ལྷོ་ཁར་ཞལ་མཇལ་སའང་ས་དེར་ཡིན། དེ་རྗེས་རྩེ་མགྲོན་རིན་པོ་ཆེས་“སྨན་བླའི་དགོན་པ་”ཞེས་པ་ཞིག་ཕྱག་བཏབ་གནང་མཛད། དེ་རྗེས་རྒྱལ་བ་དགེ་འདུན་རྒྱ་མཚོས་ཕྱག་བཏབ་གནང་བའི་དྭགས་པོ་མངའ་རིས་གྲྭ་ཚང་གི་དགོན་ལག་ཏུ་གྱུར་ཏེ་དགེ་འདུན་བགྲེས་གྲས་བཅུ་དྲུག་གནས་དེར་བཞུགས་ཏེ་གནས་བརྟན་བཅུ་དྲུག་གི་ཚུལ་མཛད། སྔོན་དགོན་དེར་སྨན་བླ་བདེ་གཤེགས་བརྒྱད་དང་། གནས་བརྟན་བཅུ་དྲུག་སོགས་མཇལ་རྒྱུ་ཡོད།
ད་ལྟ་གསར་བཞེངས་འདུ་ཁང་ནང་རྗེ་ཡབ་སྲས་གསུམ་དང་། རྒྱལ་བ་ལྔ་པ་སོགས་ཀྱི་འདྲ་སྐུ་གསར་བཞེངས་གནང་བ་དང་། མཆོད་རྟེན་ཉམས་གསོ་གནང་བ། བྱམས་པ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད་ལ། ད་དུང་འདུ་ཁང་གི་ལྟག་ཏུ་རྗེ་རིན་པོ་ཆེས་སེང་གདོང་མ་སྒྲུབ་གནང་སའི་སྒྲུབ་ཕུག་ཀྱང་མཇལ་རྒྱུ་ཡོད། p62-63
ལྔ་མཆོད་གྲྭ་ཚང་། 41
དགོན་དེ་ནི་དགའ་ལྡན་ཆོས་འཁོར་གླིང་གི་གཡོན་ངོས་སུ་ཆགས་ཡོད། དེ་ནི་ཐོག་མར་སྡེ་སྲིད་བྱང་ཆུབ་རྒྱལ་མཚན་གྱིས་ཕྱག་བཏབ་གནང་བའི་བཀའ་བརྒྱུད་པའི་དགོན་ཞིག་ཡིན་པ་ལ། དེ་རྗེས་རྗེ་རིན་པོ་ཆེ་དབུས་གཙང་གནས་ཀྱི་ཆོས་འཁོར་བསྐོར་རྗེས་འདིར་ཕེབས་ནས་ཙན་དན་གྱི་ཀ་བར་སྐུ་རྒྱབ་བསྙེས་ནས་བཞུགས་སྐབས་རྗེ་བཙུན་འཇམ་དཔལ་དབྱངས་ཞལ་གཟིགས་ནས་འཇམ་དབྱངས་རྗེ་རིན་པོ་ཆེར་ཐིམས་ལ་ཉེ་བའི་སྐབས།“ང་ལ་མ་ཐིམས། གྱང་ལ་ཐིམས་”གསུངས་པ་ལྟར་གྱང་ལ་ཐིམས་པས་འཇམ་དབྱངས་གྱང་ཐིམས་མ་ཞེས་པའི་གྱང་དང་། ཇོ་བོ་རྗེའི་ཐུགས་དམ་གྱི་རྟེན་ཐུབ་པ་གསེར་གླིང་མ་སོགས་དུས་འགྱུར་མ་བྱུང་བར་དུ་མཇལ་རྒྱུ་ཡོད་ལ། དགེ་འདུན་ཞལ་གྲངས་ཀྱང་བརྒྱ་ལྷག་ཡོད། ལྔ་མཆོད་ཅེས་པ་ནི་ཆུ་ལྷོ་རྒྱུད་དུ་དགའ་ལྡན་ལྔ་མཆོད་ཐོག་མར་གཏོང་མཁན་དགོན་དེ་ཡིན་སྟབས་མཚན་དེ་ལྟར་ཐོགས། p43
སྤྲོ་བ་དགོན། 42
མཚན་གཞན་ལ་“སྒྲོ་བ་དགོན་ནམ། བགྲོ་བ་དགོན་”ཞེས་སོགས་མཚན་གྱི་རྣམ་གྲངས་མི་འདྲ་བ་སོ་སོ་མཆིས།
ཐིག་ཕྱི་དགོན་ནས་སྤྱི་ལེ་བརྒྱད་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་ཤར་ངོས་སུ་སོང་ན་ལམ་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་གནས་དེར་ནམ་མཁའ་རྒྱལ་མཚན་རྟ་མགྲིན་སྒྲུབ་གནང་ནས་བཞུགས་སྐབས་རྟ་སྐད་ལན་གསུམ་བརྒྱབ་ཀྱང་ཡུལ་དེའི་མིས་མ་ཐོས་སྟབས་ཡུལ་དེར་འོན་ལུང་ཞེས་ཀྱང་འདོགས་གནང་མཛད་པས་ད་ལྟའང་མིང་དེ་ལྟར་འབོད་ཀྱི་ཡོད། དུས་དེ་ཙ་ན་རྗེ་ཙོང་ཁ་པ་གཉལ་ཙོང་ཁ་ཕུག་དུ་བཞུགས་སྐབས་བླ་མ་ཟབ་མོ་དབུ་མ་ལ་མཁས་པ་ཞིག་དང་མཇལ་བའི་ཐུགས་སྨོན་གནང་བར་མཁའ་འགྲོའི་བརྡ་རུ་“ཁྱོད་འདི་ནས་ལྷོ་བྲག་ཤར་དུ་ཕྱིན་ན་ཚད་ལྡན་གྱི་བླ་མ་མཇལ་བ་ཡོད་”ཅེས་པའི་བརྡ་བྱུང་བས། ནམ་མཁའ་རྒྱལ་མཚན་དབེན་གནས་སྤྲོ་བ་དགོན་དུ་ཕྱག་རྡོར་གྱི་སྒྲུབ་པ་བསྐྱོན་ནས་བཞུགས་ཡོད་པ་ལ་ཕྱི་ཉིན་ཁོང་རྣམ་གཉིས་ཞལ་འཛོམས་ཡོང་བའི་སྔ་ནུབ་ཏུ་ནམ་མཁའ་རྒྱལ་མཚན་ལ་འཇམ་དབྱངས་ཀྱི་མཚན་ལམ་དང་། ཙོང་ཁ་པར་ཕྱག་རྡོར་གྱི་མཚན་ལམ་བྱུང་། ཕྱི་ཉིན་ནམ་མཁའ་རྒྱལ་མཚན་གྱིས་ཉེ་གནས་ལ་དེ་རིང་འགྲུལ་པ་གལ་ཆེན་པོ་ཞིག་ཡོང་བ་ཡོད་པས་ལྟོས་གསུངས་པར། གང་མཚམས་ན་ཉེ་གནས་ཀྱིས་གཞན་སུ་ཞིག་མི་འདུག་ཨ་མདོ་གནས་སྐོར་བ་ཞིག་ཡོང་གི་འདུག་ཅེས་ཞུས་པར་ཡར་གདན་དྲོངས་གསུངས་ནས་ཁོང་རྣམ་གཉིས་ཞལ་འཛོམས་བྱུང་སྐབས་དེར་ནམ་མཁའ་རྒྱལ་མཚན་དགུང་ལོ་བདུན་ཅུ་དང་། ཙོང་ཁ་པ་དགུང་ལོ་སོ་དགུ་ཡིན་པར་གྲགས། དེ་ནས་ནམ་མཁའ་རྒྱལ་མཚན་དང་རྗེ་ཙོང་ཁ་པ་ཆོས་གསུང་རེས་མཛད་པའི་ཚེ་ན་བཞུགས་ཁྲིར་ང་གཉིས་ཀས་བཞུགས་འདོད་མ་གནང་བའི་སྐབས་དེར་ནམ་མཁའ་ནས་“ནམ་མཁའ་རྒྱལ་མཚན་བླ་མའི་ཚུལ་དུ་བཞུགས་དང་། བློ་བཟང་གྲགས་པ་སློབ་མའི་ཚུལ་དུ་བཞུགས་”ཞེས་པའི་སྒྲ་བྱུང་བས་ནམ་མཁའ་རྒྱལ་མཚན་ཞེས་པའི་མཚན་ཡང་དེ་ལྟར་བྱུང་བར་གྲགས། ནམ་མཁའ་རྒྱལ་མཚན་ནི་རྗེ་ཙོང་ཁ་པའི་དབུ་བླ་ཐུན་མོང་མ་ཡིན་པ་བཞིའི་མཆོག་གཅིག་ཡིན་གསུངས། དེ་ནས་རྗེ་ཙོང་ཁ་པར་ཟབ་མོ་དབུ་མའི་ལྟ་བ་འཁྲུངས། ཉི་མ་ཤར་བ་དང་དུས་མཚུངས་ཤར་རི་ནས་སངས་རྒྱས་སྟོང་གི་ཞལ་གཟིགས་བྱུང་བས་སྟོང་རི་ཉི་ཤར་ཞེས་པའང་དེ་ནས་བྱུང་། བླ་སློབ་གཉིས་ཐུག་ཤིན་ཏུ་སྤྲོ་བས་“སྤྲོ་བ་དགོན་”དང་། ཡང་བཀའ་གདམས་དང་། ཕྱག་ན་རྡོ་རྗེའི་ཆོས་སྐོར་བགྲོ་གླེང་མཛད་པས་“བགྲོ་བ་དགོན་”སོགས་གསུང་སྲོལ་ལྟར་འབྲི་སྲོལ་ཡང་མི་འདྲ། དེ་ནས་ཙོང་ཁ་པས་ད་ངའི་དགོན་པ་གང་དུ་བཏབ་ན་ལེགས་སམ་ཞུས་པར། ཁྱོད་ཀྱི་དགོན་པ་འབྲོག་དགའ་ལྡན་ཞེས་པར་ཐོབས་གསུངས། ཆོས་ཇི་འདྲ་བ་ཞིག་སྤེལ་དགོས་སམ་ཞེས་ཞུས་པར། ཁྱོད་སྒེར་ལུགས་ཤིག་བགྱིས་གསུངས་པས་“དགེ་ལུགས་”ཞེས་པ་དེ་“སྒེར་ལུགས་”ཞེས་པའི་སྒྲ་ལས་བྱུང་གསུངས། ཡང་དགེ་ལུགས་ཞེས་པ་ནི། དགའ་ལྡན་པ་ཞེས་པ་ལས་བྱུང་ཞིང་། དགའ་ལྡན་ཞེས་འབོད་ན་བརྗོད་ལ་མི་བདེ་བས་“དགེ་ལུགས་”ཞེས་འབོད་ཅེས་སོགས་གསུངས་ཚུལ་མི་འདྲ། ངའི་དགོན་པ་བཏབ་ཚར་རྗེས་རབ་གནས་སུ་ཕེབས་པར་ཞུ་ཞུས་པར་ཞལ་བགྱིས་བཞེས། འོན་ཀྱང་དགའ་ལྡན་དགོན་པ་ཕྱག་བཏབ་བསྒྲུབས་རྗེས་རབ་གནས་གནང་བར་ཉེ་བའི་དུས་ནམ་མཁའ་རྒྱལ་མཚན་སྙུན་ཏེ་ཕེབས་མ་ཐུབ་པར་སྟོང་རི་ཉི་ཤར་སྟེང་ནས་རབ་གནས་གནང་རྒྱུ་དང་། དེ་ཉིན་དགའ་ལྡན་གྱི་སྒོ་དང་སྒེའུ་ཁུང་ཕྱེ་རྒྱུ་གནང་བར་ཚེས་གྲངས་དུས་བཀག་གནང་བ་ནོར་སྟབས་སྒོ་དང་སྒེའུ་ཁུང་ཕྱེ་རྒྱུ་མ་བྱུང་བས་ཕྱག་ནས་སྐོར་ལམ་དུ་ཐོར་བའི་རང་བྱོན་ཡང་མཇལ་རྒྱུ་ཡོད་ཅེས་གསུངས། p125-127
ངམ་རིང་ཆོས་སྡེ། 43
རྗེ་ཙོང་ཁ་པའང་ངམ་རིང་དུ་གྲྭ་སྐོར་ལ་ཐེངས་གསུམ་ཕེབས་པ་དང་གསུང་ཆོས་ཀྱང་གནང་བས་རྗེ་བཙུན་སྒྲོལ་མ་ཐུགས་མཉེས་ཏེ་“ཙོང་ཁ་པའི་གསུང་ཆོས་ཡག་པོ་བྱུང་”ཞེས་གསུང་བྱོན་པའི་ལོ་རྒྱུས་ཀྱང་ཡོད། p108
བཟང་ལྟན་དགོན། 44
མཚན་རྒྱས་པར་བཟང་ལྟན་ཐུབ་བསྟན་བྱམས་པ་གླིང་དགོན་ཞེས་ཞུ། མངོན་དགའ་ཆོས་སྟེ་ནས་སྤྱི་ལོ་༡༥ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་སྤུ་དཀར་ཞེས་པའི་ཕུར་དགོན་དེ་མཇལ་རྒྱུ་ཡོད། རྗེ་ཙོང་ཁ་པའང་གནས་དེར་ཕེབས་ཏེ་ཟླ་གཅིག་ཙམ་བཞུགས་པདང་། རྗེ་རེད་མདའ་བ་དང་ཐོགམར་མཇལ་ས་གནས་དེར་ཡིན། p111
སྐྱོར་མོ་ལུང་། 45
མཚན་རྒྱས་པར་སྐྱོར་མོ་ལུང་དགའ་ལྡན་ཆོས་འབྱོར་གླིང་ཞེས་ཞུ། གཞོང་པ་ལྷ་ཆུའི་བྱང་ངོས་སུ་སྤྱི་ལེ་གཅིག་ཙམ་གྱི་ས་ན་དགོན་དེ་མཇལ་རྒྱུ་ཡོད།
འདུ་ཁང་ཡང་སྟེང་ཚེ་དཔག་ལྷ་ཁང་ཞེས་ཞལ་རས་ལྷ་ཁང་ནང་རྗེ་ཙོང་ཁ་པས་འཕན་པོ་བཀོག་སྐྱིད་ནས་བཀོག་གནང་བའི་ཚེམས་བཞུགས་པའི་མཆོད་རྟེན་མཐོ་གང་ལྷག་ཙམ་ཞིག་ཀྱང་ཡོད། རྗེ་ཙོང་ཁ་པའང་དགོན་དེར་སྒྲིག་བཞུགས་གནང་བ་དང་དགའ་གདོང་ལའང་སྒྲིག་འཛིན་གནང་སྟེ་འདུལ་བའི་སྐོར་མཁན་ཆེན་ཤ་མེད་ཀྱི་མདུན་ནས་དང་། དབུ་མའི་སྐོར་བླ་མ་དབུ་བ་མ་ལས་གསན་ཞེས་གསུངས། ལྷ་ས་ས་ཁུལ་གྱི་གནས་ཡིག ཆོས་འཕེལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། p98-99
དགའ་གདོང་དགོན། 46
དགའ་གདོང་དགོན་ནི། ཐོག་མར་བཀའ་གདམས་པའི་བླ་མ་ཞིག་པོ་ཤེས་རབ་ཞུ་བས་སྤྱི་ལོའི་དུས་རབས་བཅུ་གསུམ་པར་ཕྱག་བཏབ་གནང་མཛད། དབུས་ཀྱི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་ཡང་ཡིན། རྗེ་ཙོང་ཁ་པའང་གནས་དེར་བླ་མ་དབུ་མ་པ་དང་ལྷན་དུ་འཇམ་དབྱངས་བསྒྲུབ་པས་ཞལ་གཟིགས་ཀྱང་གསུང་མ་བྱོན་པས་བླ་མ་དབུ་པ་པས་གསུང་སྒྱུར་གྱི་ཚུལ་མཛད། ལྷ་ས་ས་ཁུལ་གྱི་གནས་ཡིག ཆོས་འཕེལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། p99
སྟོད་ལུང་ཆུ་ཚན། 47
སྟོད་ལུང་ཆུ་ཚན་ནི། ཆུ་བཟང་དགོན་རི་རྒྱུད་དེད་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་3ཙམ་ཡར་འཛེགས་ན་ཆུ་ཚན་དེར་སླེབས། ཆུ་ཚན་དེ་ནི་ཐོག་མར་རྗེ་ཙོང་ཁ་པ་ཙ་རི་ནས་ཞབས་ལ་སྙུག་མ་ཟུག་སྟེ་སྙུན་གཞི་མ་དྭངས་པར་གནས་དེར་ཕེབས་ཏེ་གསུང་གཏོར་གནང་བཞིན་པའི་སྐབས་ཕོ་རོག་རྐང་པ་སྐྱོན་ཅན་ཞིག་གིས་རྐང་པ་ཆུ་ཚན་ནང་བཅུག་སྟེ་སྡོད་པ་དང་། ཡུན་རིང་མ་སོང་བར་ཕོ་རོག་གི་རྐང་པ་དྲག་པས་རྗེ་ཙོང་ཁ་པའང་ཆུ་ཚན་དེར་བཞུགས་པས་མི་རིང་བར་ཞབས་ཀྱི་སྙུན་གཞི་དྭངས་ཞེས་དང་། ཆུ་ཚན་ནང་འཇིགས་བྱེད་ཀྱི་རང་བྱོན་དང་། དམ་ཅན་ཆོས་རྒྱལ་གྱི་ཞལ་འབག སྨན་བླའི་སྨན་ཁུག རྗེ་ཙོང་ཁ་པའི་དབུ་དང་ཕྱག་ཀྱི་རྗེས། མཐིལ་ལ་སྒྲོལ་མ་ཉེར་གཅིག་གི་རང་བྱོན་བཅས་གསལ་ཞེས་ཟེར། ལྷ་ས་ས་ཁུལ་གྱི་གནས་ཡིག ཆོས་འཕེལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། p117
སྡིངས་ཁ་དགོན། 48
མཚན་རྒྱས་པར་བྱང་ཕྱོགས་འོད་ཟེར་དཔལ་ལྡན་སྡིངས་ཁ་དགོན་ཞེས་ཞུ། ཆུ་བཟང་གྲོང་ནས་ནུབ་བྱང་མཚམས་ཀྱི་རི་ལྡེབས་སུ་སྤྱི་ལེ་གསུམ་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན། མགར་རོང་ཞེས་པའི་གྲོང་གི་བྱང་ངོས་རི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད།
སྔོན་འདུ་ཁང་ཀ་བ་སུམ་ཅུའི་ནང་རྟེན་གཙོ་སྨན་འདམ་གྱི་བྱམས་པའི་སྐུ་བརྙན་ཐོག་སོ་གཅིག་ལྡན་དང་དེའི་གཡས་སུ་ཙན་དན་གྱི་ཇོ་བོ་ལོ་ཀེ་ཤཱ་ར་མི་ཚད་མ། གཡོན་དུ་རྗེ་ཞབས་ སྙུན་མ་ཞེས་རྗེ་ཙོང་ཁ་པ་ཙ་རི་ནས་ཞབས་སྙུན་ཏེ་ཆུ་ཚན་དུ་ཕེབས་རྗེས་གནས་དེར་བཞུགས་པའི་འདྲ་སྐུ། ལྷ་ས་ས་ཁུལ་གྱི་གནས་ཡིག ཆོས་འཕེལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། p118-119
ཕྱིར་མིག་ལུང་། 49
མཚན་གཞན་ལ་ཆོས་ལུང་མ་ཎི་དགོན་ཞེས་ཞུ། མགར་རོང་གྲོང་ནས་སྤྱི་ལེ་གཉིས་ཙམ་འཁོར་ལམ་བརྒྱུད་མར་བབས་ན་ཕྱིར་མིག་ལུང་གྲོང་སྟེང་དུ་ཇོ་དགོན་དེ་མཇལ་རྒྱུ་ཡོད། ཕྱིར་མིག་ལུང་ཞེས་པ་ནི། རྗེ་ཙོང་ཁ་པ་གནས་དེར་ཕེབས་ཏེ་ཕྱིར་ཕེབས་སྐབས་ཙི་ཙི་འབུམ་ཞེས་པ་ནས་ཕྱིར་གཟིགས་པས་ད་ལྟའི་དགོན་ཆགས་ཡུལ་དེའི་རི་སྣར་ཐོག་མར་སྟོད་ལུང་འབུམ་མོ་ཆེ་ཞེས་དགེ་བཤེས་སྤྱན་སྔ་བ་སོགས་བཀའ་གདམས་པའི་བླ་མ་གོང་མ་རྣམས་ཀྱི་བྱིན་རྟེན་བཞུགས་པའི་འབུམ་པ་ཡོད་ས་དེར་བདེ་མཆོག་གི་དཀྱིལ་འཁོར་དང་། དམ་ཅན་གྱིས་གར་འཁྲབ་པ་སོགས་གཟིགས་པས། མ་འོངས་པར་གནས་ཡ་ཀིར་དགོན་ཞིག་ཆགས་འོང་བས་ཕྱིར་མིག་ལུང་ཞེས་ཐོགས་ཞེས་གསུངས་པ་ལྟར་ཕྱིར་མིག་ལུང་ཞེས་དེ་ནས་བྱུང་། p119-110
འབྲོང་རྩེ་དགོན། 50
མཚན་རྒྱས་པར། དཔལ་ལྡན་འབྲོང་མཁར་རྩེ་ཞེས་ཞུ། རྩེ་ཆེན་དགོན་ནས་མུ་མཐུད་སྤྱི་ལེ་༡༥ཙམ་མར་ཡོང་ན་འབྲོང་རྩེ་གྲོང་གི་རྒྱལ་རིའི་སྟེང་དགོན་དེ་མཇལ་བ་ཡིན། འབྲོང་རྩེ་ཞེས་པ་ནི་མྱང་སྟོད་ཁུལ་དེར་ཕུངས་རི་བཅུ་གསུམ་ཞེས་ས་བཀྲ་ངན་པའི་རི་བཅུ་གསུམ་ཡོད་པ་ལ། འབྲོང་རྩེའི་རི་དེ་ནི་འབྲོང་འདྲ་བའི་རྭ་ཅོ་གཡོན་མའི་ཐོག་ཁ་གནོན་དུ་ཕྱག་བཏབ་གནང་བས་འབྲོང་རྩེ་ཞེས་པ་དེ་ལྟར་བྱུང་། དེའང་རྗེ་ཙོང་ཁ་པ་གནས་རྙིང་དུ་གྲྭ་སྐོར་ལ་ཕེབས་སྐབས་འབྲོང་རྩེ་སྡེ་སྲིད་ཅེས་པས་གདན་དྲངས་པ་ལྟར་ཕེབས་ཏེ་འཇམ་དཔལ་ཞི་ཁྲོའི་དབང་ལེགས་པར་གནང་། ལྷ་བཙུན་རིན་ཆེན་རྒྱ་མཚོར་དགེ་བའི་ཤེས་སུ་བསྟེན། རྗེ་ཙོང་ཁ་པར་རོལ་མོ་ཞིག་ཀྱང་གནང་བ་ད་ལྟའི་བར་དུ་བཞུགས་ཐོག་མར་བླ་བྲང་དཀར་པོ་བཏབ། གཞིས་རྩེ་ས་ཁུལ་གྱི་གནས་ཡིག ཆོས་འཕེལ་གྱིས་བརྩམས། p20
གནས་རྙིང་དགོན། 51
མཚན་རྒྱས་པར། མྱང་སྟོད་གནས་རྙིང་ཆོས་སྡེ་དགོན་ནམ། མྱང་རྩིས་ཀྱི་ལྷ་ཁང་། སྐྱེགས་ཀྱི་ལྷ་ཁང་སོགས་མཚན་གྱི་རྣམ་གྲངས་མང་། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ནས་ཤར་ལྷོའི་མཚམས་སྣུམ་ནག་འཁོར་ལམ་བརྒྱུད་དེ་སྤྱི་ལེ་༡༠ཙམ་སོང་ན་ཁང་དམར་རྫོང་སྣེར་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཐོག་མར་གུ་རུ་རིན་པོ་ཆེའི་དངོས་སློབ། ཁྲི་སྲོང་ལྡེ་བཙན་གྱི་ཆོས་གནས། མངའ་བདག་ཁྲི་རལ་གྱི་རྩ་བའི་བླ་མ་རྒྱ་འཇམ་དཔལ་གསང་བ་ཞུ་བས། ཕྱག་འདེབས་གནང་མཛད། དེའི་སྲས་བདུད་འཇོམ་དང་། དེའི་སྲས་ཕུར་པ་འཕེལ་ལ་སོགས་པས་དགོན་དེ་བསྐྱབས། མྱང་རྩིས་ཀི་ལྷ་ཁང་ཞུ་བ་ནི་མཐའ་འདུལ་གྱི་གཙུག་ལག་ཁང་རྣམས་བཞེངས་གྲུབ་རྗེས་ཚང་རྩིས་བསྐྱོན་ས་ཡིན་ཞེས་དང་། སྐྱེགས་ཅེས་པ་ནི་ལུང་པའི་མིང་། དགོན་དེར་ཐོག་མར་ལྔ་རྩེག་ལི་མ་ལྷ་ཁང་དང་དབུ་རྩེ་ལྷ་ཁང་ཞེས་བསྐྲུན་གནང་མཛད། ཇོ་བོ་རྗེ་གནས་དེར་གདན་འདྲེན་པར་བྱེད་པ་ན། ང་འོང་མི་དགོས་རབ་གནས་བྱས་པས་ཆོག་ཅེས་གསུངས་ཏེ་དུས་བཀག་ལྟར་དེ་ཉིན་ལྷ་ཁང་རྣམས་ལ་མེ་ཏོག་དང་མཆོག་འབུ་བབས་པ་ཀུན་གྱིས་མཐོང་། གནས་རྙིང་ཞེས་པའང་ཇོ་བོ་རྗེས་བཏགས་གནང་བ་ཡིན་ཞེས་གསུངས། དེ་རྗེས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་དུས་རྗེ་ཙོང་ཁ་པ་གནས་རྙིང་དུ་གྲྭ་སྐོར་མཛད་ཅིང་རྒྱལ་ཚབ་དར་མ་རིན་ཆེན་གྱི་གཞིས་དགོན་མཛད། མཁས་གྲུབ་དགེ་ལེགས་དཔལ་བཟང་ཡང་གདན་འདྲེན་པ་ལྟར་ཕེབས་པ་བཅས་རྗེས་སུ་དགེ་ལྡན་ཕྱག་བཞེས་མཛད་པར་གྱུར། གཞིས་རྩེ་ས་ཁུལ་གྱི་གནས་ཡིག ཆོས་འཕེལ་གྱིས་བརྩམས། p31-32
གཙང་སྦྲ་དགོན། 52
མཚན་གཞན་ལ། གསེར་གོང་གྲྭ་ཚང་ཞེས་ཞུ། གཙང་སྦྲ་ཞེས་པ་ནི་གནས་རྙིང་དུ་རྗེ་ཙོང་ཁ་པའི་དབུ་སྐྲ་བསིལ་ནས་འདི་ས་[page 33] གཙང་ས་ཞིག་ཏུ་གཏོར་ཞིག་ཅེས་གསུང་པས་དབུ་སྐྲ་ས་དེར་གཏོར་བས་གཙང་སྦྲ་ཞེས་དང་། གསེར་གོང་ཞེས་པ་ནི་དགོན་དེའི་གཤམ་གྱི་གསེར་རི་བྲག་ཅེས་པ་ནས་གསེར་གྱི་གཉའ་ཤིང་གཏེར་ལས་བཞེས་པ་དང་དེའི་གོང་དུ་གནས་པས་གསེར་གོང་གྲྭ་ཚང་ཞེས་པའི་གསུང་སྲོལ་དར། གཞིས་རྩེ་ས་ཁུལ་གྱི་གནས་ཡིག ཆོས་འཕེལ་གྱིས་བརྩམས། p33-34
(འདི་ཡན་གོང་གསལ་ཆོས་འཕེལ་གྱི་གནས་ཡིག་ལས་བཏུས།)
ཆོས་ལུང་53(འོད་ཁ་ཆོས་ལུང་)དགོན་པ་ནི་སྔར་རྗེ་ཙོང་ཁ་པ་དང་འཁོར་དག་པ་རྣམ་བརྒྱད་ས་སོ་སྒྲུབ་ཕུག་རེར་བཞུགས་སྐབས། འོལ་ཁ་རྫོང་དཔོན་བཀྲ་ཤིས་རྒྱལ་མཚན་ཐོག་སྐོར་དུ་ཡོང་སྐབས་ཆོས་ལུང་ནས་འོད་འཚེར་བ་མཐོང་བས་འཁོར་གཡོག་མངགས་ཏེ་ཅི་འདུག་ལྟོས་ཤིག་གསུངས་པར་འཁོར་གཡོག་རྣམས་དེར་སླེབས་སྐབས། རྣལ་འབྱོར་པ་རང་རང་གི་སྒྲུབ་ཕུག་ཏུ་བཞུགས་འདུག་པ་དེའི་དོན་རྫོང་དཔོན་ལ་ཞུས་པས་རྫོང་དཔོན་སོང་སྟེ་རྗེ་ཙོང་ཁ་པའི་ཞབས་ལ་གཏུགས་ནས་ཞབས་ཏོག་སྒྲུབ་རྒྱུར་ཁས་བླངས་པས་རྗེ་ཙོང་ཁ་པས་ངེད་ཚོར་གཞན་གྱི་རྒྱས་སྤྲོས་མི་དགོས། ཁྱེད་ཀྱིས་འགྲུབ་ན་འདུལ་བའི་སྤྱོད་ལམ་བཞི་བཤོང་བའི་ཁང་པ་ཞིག་ཨེ་འགྲུབ་ཅེས་གསུངས་པ་རྫོང་དཔོན་གྱིས་དེ་མར་ཁས་ལེན་ཞུས་ཤིང་ལོ་དེར་འགྲུབ་པར་བྱས།
གནས་དེར་རྗེ་ཙོང་ཁ་པས་འཇམ་དབྱངས་ཀྱི་ལུང་བསྟན་ལྟར་སྐུ་ཕྱག་འབུམ་སོ་ལྔ་གནང་བར་ལྟུང་བཤགས་ལྷ་སོ་ལྔའི་ཞལ་གཟིགས་ཐོབ། མཎྜལ་རྡོ་སྟེང་ཁོ་ནར་ཕུལ་གནང་བས་ཕྱག་ངར་ཡང་བརྡོལ། རྡོའང་ཤེལ་ལྟ་བུར་གྱུར། མདོ་སྡེ་ཕལ་མོ་ཆེ་གཟིགས་པས་ཐུགས་སྟོབས་ཅི་ཆེ་འཁྲུངས་ཏེ་སྤྱན་ཆབ་ཀྱང་ཤོར། ལྷག་པའི་ལྷ་དངོས་དང་མནལ་ལམ་ཅི་རིགས་ལ་ཞལ་གཟིགས་ཡང་ཡང་བྱུང་། དེ་ནས་ཆོས་ར་སྒང་ཞེས་ད་ལྟ་སྐུ་རྗེས་རང་བྱོན་ཡོད་སའི་ཕ་བོང་གི་སྟེང་ནས་དགའ་ལྡན་ཡིད་དགའ་ཆོས་འཛིན་གཟིགས་སྣང་དུ་བྱུང་སྟེ་དགའ་ལྡན་དགོན་པ་ཕྱག་འདེབས་རྒྱུའི་དགོངས་ཚུལ་ལྷམ་ལྷམ་འཆར།
དགོན་པ་འདིའི་ནང་རྗེ་བཞི་གྲགས་མ་དང་། ལྟུང་བཤགས་སོ་ལྔའི་ལྡེབས་རིས། རྗེ་རིན་པོ་ཆེས་མ་འབུལ་གནང་སའི་རྡོ་དང་སྐུ་ཕྱག་འབུལ་གནང་སའི་རྡོ། རྗེ་རིན་པོ་ཆེ་དང་འཁོར་དག་པ་རྣམ་བརྒྱད་ཀྱི་ཕུལ་བའི་རྟ་རྭ་ཅོ་གཉིས་ལྡན་ཞིག་ཀྱང་ཡོད། ཆོས་ལུང་དགོན་པ་ནས་ཅུང་ཙམ་ཕྱིན་ན་ཆོས་ཟམ་དགོན་པར་སླེབས་ཤིང་། དེ་ནི་རྗེ་ཙོང་ཁ་པས་ཚེ་དཔག་མེད་སྒྲུབ་གནང་མཛད་ས་ཡིན། གནས་དེར་རྗེ་རིན་པོ་ཆེས་ཆ་དགུ་བརྒྱ་དགུ་བཅུ་གོ་དགུ་བཏབ་གནང་བ་དང་། དེའི་རྗེས་ལྷོ་བྲག་ནམ་མཁའ་རྒྱལ་མཚན་དང་རྗེ་བསོད་ནམས་བློ་གྲོས་གཉིས་ཀྱང་བཞུགས་མྱོང་ཡོད།
དགོན་དེའི་ལྟག་ཏུ་ལྷ་ལྡིར་རི་ཁྲོད་ཅེས་པར་རྗེ་རིན་པོ་ཆེར་སྟོང་ཉིད་ལྟ་བ་འཁྲུངས་ཏེ་རྟེན་འབྲེལ་བསྟོད་པ་ལྗགས་རྩོམ་གནང་སའི་གནས་ཁྱད་པར་ཅན་ཞིག་ཡིན། ཡོངས་གྲགས་སུ་འོལ་ཁ་ཆོས་ལུང་ཆོས་ཟམ་ཞེས་མིང་ལྷན་དུ་འབོད་ཅིང་། དགོན་པ་འདི་གཉིས་གནས་སའི་ཁོར་ཡུག་ཡུལ་ལྗོངས་མཛེས་སྡུག་ལྡན་པ་དང་། ས་གཙང་ཆུ་གཙང་མཁའ་དབུགས་གཙང་བ་བཅས་ཡོད་པས་གནས་སྐོར་བ་དང་ལྗོངས་རྒྱུ་བ་ཕེབས་པའི་མཛེས་ལྗོངས་ཁྱད་དུ་འཕགས་པ་ཞིག་ཡིན།
• མཁས་གྲུབ་ཀྱིས་བརྩམས་པའི བོད་ལྗོངས་ལྷོ་ཁའི་ཡུལ་སྐོར་གནས་ལྗོངས་ངོ་སྤྲོད བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ8པར་པར་ཐེངས2པ་བཏབ། ཤོག་ངོས174-175ན་གསལ།
•
དགའ་ལྡན་དགོན། 54
མཚན་རྒྱས་པར་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་ཞུ། ལྷ་ས་ནས་ཁྲོན་བོད་རླངས་འཁོར་ལམ་སྟེ་སྣུམ་ནག་འཁོར་ལམ་བརྒྱུད་བྱམས་གྲོང་ཚོ་བར་བསྐྱོད། དེ་ནས་ལྷོ་ངོས་འབྲོག་རིའི་ལྡེབས་བཅས་སྤྱི་ལེ་བཞི་བཅུ་ལྷག་ཙམ་སོང་ན་རྒྱ་མཚོའི་ངོ་ལས་སྤྱི་ཁྲེ་༣༨༠༠ཙམ་གྱིས་མཐོ་བའི་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་རི་བོ་དགེ་ལྡན་གྱི་མཚན་ཐོག་མར་འབྱུང་ས་དེ་ཡིན། དེའང་རྗེ་ཙོང་ཁ་པ་དགུང་ལོ་ལྔ་བཅུ་ང་གསུམ་སྟེ་སྤྱི་ལོ་༡༤༠༩ལོར་ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས་གནང་ཚར་རྗེས་སློབ་མ་དང་སྦྱིན་བདག་རྣམས་ནས་གདན་ས་འདེབས་པའི་སྙན་སྐུལ་ཞུས་པ་དང་། རྗེའི་ཐུགས་ལའང་སློབ་མ་བརྒྱ་ཁྲག་ཁ་ཤས་རྗེ་གང་ཕེབས་ཞབས་ཕྱིར་འབྲངས་པ་བཅས་ཀྱིས་དགོན་ཞིག་འདེབས་ན་སྙམ་པ་དགོངས་ཏེ་ཐོག་མར་མར་མེ་དང་བཅས། ཇོ་བོའི་མདུན་དུ་གནས་བཟང་ངན་ས་བརྟགས་པས་འབྲོག་རི་བོ་ཁོ་ན་བཟང་བར་ཕེབས། རྗེ་ཙོང་ཁ་པ་བླ་སློབ་བཅུ་བདུན་དང་བཅས་འབྲོག་རིར་ཕེབས་ཏེ་ས་གཞིར་བྱིན་རླབས་མཛད། དེ་ནས་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ལ་ལྗགས་བཀོད་མཛད་དེ་དགོན་པོ་འདེབས་པའི་དབུ་འདོམས་སུ་བཀོད། ཁོང་རྣམ་གཉིས་གྱིས་དགེ་འདུན་ལྔ་བརྒྱ་སྐོར་དང་། གཞན་ཡང་དྲུང་ཆེན་རིན་ཆེན་དཔལ་དང་རིན་ཆེན་ལྷུན་པོ། གཞིས་ཀ་སྣེའུ་པ། སྡེ་སྲིད་ཕག་མོ་གྲུ་པ། འབྲུ་གུང་སྤྱན་སྔ་ཆོས་ཀྱི་རྒྱལ་པོ། སྡེ་པ་སྐྱིད་ཤོད་པ། ས་སྐྱོང་བསོད་ནམས་རབ་བརྟན། ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱལ་སོགས་ཀྱིས་སྦྱིན་བདག་གི་གཙོ་བོ་མཛད་དེ་ལོ་དེ་རང་དུ་གཟིམ་ཤག་དང་། ཁང་བུ་བདུན་ཅུ་ལྷག་ཙམ་འགྲུབ། བརྒྱ་ལྷག་ཙམ་གྱི་རྩིག་གདན་བཏིང་། ཕྱི་ལོར་རྗེ་རིན་པོ་ཆེ་དབུ་བཞུགས་རབ་གནས་གཞི་རྒྱ་ཆེན་པོ་གནང་། དགོན་པའི་མཚན་ལ་འབྲོག་རི་བོ་དགའ་ལྡན་ཞེས་གསོལ་དོན་ནི་སྐུ་སྐྱེ་ཕྱི་མ་དགའ་ལྡན་དུ་འཁྲུངས་རྒྱུ་ཡིན་པས་དགོན་མཚན་དུའང་དགའ་ལྡན་ཞེས་གསོལ། འབྲོག་རི་བོ་ཞེས་པ་ནི་ས་དེར་འབྲོག་ས་ཞེས་འབོད་ཅིང་ཤར་ངོས་ཀྱི་སྡེ་ཚོ་ཆུང་ངུ་དེར་དེང་སང་ཡང་ས་མ་འབྲོག་ཅེས་ཟེར། གཞན་ཡང་དགོན་དེའི་འབྱུང་བ་འཇམ་དཔལ་རྩ་རྒྱུད་དང་། མདོ་སྡེ་ཟ་མ་ཏོག་སོགས་གུ་རུ་པདྨ་འབྱུང་གནས་དང་། མ་ཅིག་ལབ་སྒྲོན། ལྷོ་བྲག་ནམ་མཁའ་རྒྱལ་མཚན་སོགས་ཀྱི་ལུང་བསྟན་དུའང་གསལ་བས་རྒྱལ་བའི་ལུང་གིས་ཟིན་པའི་དགོན་གནས་ཡིན་ཞེས་གསུངས། དེ་ལྟར་དགོན་དེའི་ཚོགས་ཆེན་འདུ་ཁང་དུ་དགེ་འདུན་སུམ་སྟོང་ལྷག་ཤོང་ཞིང་། གཙང་ཁང་སྦུག་མར་དགའ་ལྡན་གསེར་ཁྲི་ཞེས་རྗེ་ཙོང་ཁ་པའི་བཞུགས་ཁྲི། གསེར་ཟངས་ལས་གྲུབ་པའི་རྗེ་ཙོང་ཁ་པ་དང་། རྒྱལ་བ་བྱམས་པའི་སྐུ་བརྙན། གསུང་རྟེན་དུ་འཛམ་གླིང་གཡས་བཞག་ཅེས་གསེར་ལས་བྲིས་པའི་བཀའ་འགྱུར་དང་བསྟན་འགྱུར། ཡང་སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕིབས། ཡངས་པ་ཅན་དུ་རྗེ་ཙོང་ཁ་པའི་སྐུ་གདུང་བཞུགས་པའི་དངུལ་གདུང་ཁང་། ཕྱིས་སུ་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་ཀྱིས་གསེར་སྦྱངས་ཀྱིས་བཏུམས་པས་གསེར་གདུང་ཞེས་པར་བསྒྱུར། གསེར་གདུང་གི་གཡས་གཡོན་དུ་རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་རྗེ་ལ་སོགས་པའི་འཇམ་དབྱངས་གཙང་པ་བདུན་གྱི་གདུང་རྟེན། རྒྱ་ནག་གོང་མ་ཏཱ་མིང་གི་སྲས་ཟོན་ཏི་ཞེས་པས་བྱམས་ཆེན་ཆོས་རྗེའི་སློབ་མ་ཨ་མོ་གྷ་དང་། བསོད་ནམས་ཤེས་རབ་གཉིས་ལ་ཕུལ་བ་དང་། ཁོང་རྣམ་གཉིས་ཀྱིས་གསེར་གདུང་ཁང་དུ་ཕུལ་བའི་དགའ་ལྡན་སེའུ་ཐང་ཞེས་པའི་གནས་བརྟན་བཅུ་དྲུག་གི་གོས་ཐང་། ཡངས་ཅན་གཙུག་ལག་ཁང་གི་གཙང་ཁང་སྦུག་མར་གསེར་ཟངས་ཀྱི་ཐུབ་པ་བདུད་འདུལ་མ་ལ་སོགས་པའི་རྟེན་སྐུ་མང་པོ། ཡངས་ཅན་འོག་ཤོད་མགོན་ཁང་ནང་དཔལ་རྡོ་རྗེ་འཇིགས་བྱེད་དང་། བཀའ་སྡོད་དམ་ཅན་ཆོས་རྒྱལ་ཡབ་ཡུམ། ཡང་སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕིབས། ལྔ་མཆོད་ཁང་དུ་རྗེ་ཙོང་ཁ་པའི་ཚེམས་འོད་ཟེར་མ་ཞེས་པ་དང་གདུགས་དཀར་གྱི་ཞལ་ཐང་། ཁྲི་ཐོག་ཁང་དུ་བློས་བསླངས་གསུམ་གྱི་ལུགས་ཕུད་ད་དུང་དཔའ་བོ་འཇའ་ཚོན་མ་སྟེ་ཥ་ཎྜཀ་པཱ་ལ། རྒྱལ་བ་ཚེ་དཔག་མེད། རྣམ་རྒྱལ་མ། གདུགས་དཀར། འཇམ་དབྱངས་སོགས་ཀྱི་སྐུ་བརྙན། གཞན་ཡང་ཤར་རྩེ་དང་བྱང་རྩེ་གྲྭ་ཚང་གཉིས་དང་། དེ་གཉིས་ཁོངས་ཁང་ཚན་ཉེར་དྲུག་ཙམ་ཡོད་པ་ནི་ཤར་རྩེ་གྲྭ་ཚང་ལ་རྡོ་ཁང་ཁང་ཚན་དང་། ཕོ་ཁང་ཁང་ཚན། ཅོ་ནེ་ཁང་ཚན། ཐེ་བོ་ཁང་ཚན། ཟུང་ཆུ་ཁང་ཚན། རྟ་འོན་ཁང་ཚན། ཉ་ར་ཁང་ཚན། ལྷོ་པ་ཁང་ཚན། གུང་རུ་ཁང་ཚན། སོག་པོ་ཁང་ཚན། མངའ་རིས་ཁང་ཚན། ཆོས་པ་ཁང་ཚན། ཉང་མོ་ཁང་ཚན་བཅས་དང་། བྱང་རྩེ་གྲྭ་ཚང་ཁོངས་ཧ་གདོང་ཁང་ཚན། གསེར་སྐོང་ཁང་ཚན། ཚ་བ་ཁང་ཚན། ཀླུ་འབུམ་ཁང་ཚན། རྒྱལ་རོང་ཁང་ཚན། བསམ་བློ་ཁང་ཚན། གོ་བོ་ཁང་ཚན། རྡོ་རྭ་ཁང་ཚན། བྲ་ཉེ་ཁང་ཚན། ཕ་ར་ཁང་ཚན། ཀོང་པོ་ཁང་ཚན། སྤྲིའུ་ཁང་ཚན། བྲི་ཏི་ཁང་ཚན། མངའ་རིས་ཁང་ཚན་བཅས་པར་ཡང་རྟེན་དང་བརྟེན་པ་བཅས་བཞུགས་སུ་གསོལ་བ་མཇལ་རྒྱུ་ཡོད།
གཞན་ཡང་དགའ་ལྡན་རང་བྱོན་གྱིས་བསྐོར་ཞེས་གླིང་སྐོར་དུ་སོང་ན་རྗེའི་ཕྱག་མཛུབ་ཀྱིས་བཏོན་གནང་བའི་བདུད་རྩི་ཆུ་མིག་དང་། ཉག་ར་ལ་སྟེང་དུ་འབྲུག་པ་ཀུན་ལེགས་ཀྱི་རང་བྱོན། ཕ་དམ་པ་སངས་རྒྱས་ཀྱི་རང་བྱོན། ཆོས་རྒྱལ་གྱི་རང་བྱོན། འཇིགས་བྱེད་དཔའ་བོ་གཅིག་པའི་རང་བྱོན། ནག་པོ་སྐོར་གསུམ་གྱི་རང་བྱོན། རྡོ་སྤུངས་ཡོད་སར་སྤྱན་རས་གཟིགས་ཁ་སརྤ་ཎིའི་རང་བྱོན། དེ་ནས་རིམ་བཞིན་རྗེ་ཙོང་ཁ་པའི་ཕྱག་ཕྲེང་གི་རང་བྱོན་དང་དོམ་རའི་རང་བྱོན། དབུ་ཞྭའི་རང་བྱོན། ཆོས་གོས་ཀྱི་རང་བྱོན། དཔལ་ལྡན་ལྷ་མོའི་ཆིབས་པའི་ཞབས་རྗེས། མཁས་གྲུབ་རྗེས་ཕྱག་སེན་གྱིས་བྲིས་གནང་བའི་གང་ཉིད་ཀྱི་སྐུ་བརྙན་དང་དེའི་ཞོགས་སུ་རྗེ་རིན་པོ་ཆེས་སྤྱན་གྱིས་མ་གཟིགས་པར་ཕྱག་ཕྱིར་བརྐྱངས་གནང་ནས་བྲིས་གནང་བའི་ཉིད་ཀྱི་སྐུ་བརྙན། བྱང་ཤམ་བྷ་ལའི་རྟ་འདོགས་ས། རིག་པ་སྤྱི་བླུགས་ཀྱི་རང་བྱོན། ནིའུ་ལིའི་རང་བྱོན། བ་ཞབས་ཀྱུ་བུ་ཞེས་པའི་རང་བྱོན། བྲག་གད་པོ་བར་དོའི་ཕྲང་ཞེས་པ། ལམ་ལྟག་ཏུ་མ་ཎིའི་རང་བྱོན། ལམ་འོག་ཏུ་དུར་ཁྲོད། དུང་དཀར་གཏེར་ལས་བཞེས་པའི་རང་བྱོན། གཞན་ཡང་དེ་ཁུལ་དུ་འགོག་པ་རི་ཞེས་ཟེར། འགོག་པ་རི་ཞེས་པ་ནི་སྔོན་སངས་རྒྱས་འོད་སྲུང་དུས་དགེ་སློང་ཞིག་རི་དེའི་བྲག་གསེབ་ཏུ་འགོག་སྙོམས་ལ་བཞུགས་ཡོད་པ་ལ་དགོན་པ་རྒྱག་སྐབས་ས་རྡོ་བརྐོ་སློག་བྱས་སྟབས་སྙོམ་འཇུག་ལས་བཞེངས་ཏེ་རྒྱལ་བ་འོད་སྲུང་གང་དུ་བཞུགས་ཡོད་དམ་ཞེས་གསུངས་པར། ད་ལྟ་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ཡིན་ཞེས་ཞུས། དེ་ནས་རྫུ་འཕྲུལ་དུ་མ་བསྟན་ཏེ་མྱ་ངན་ལས་འདས་པས་རྗེས་སུ་རི་དེ་ལ་འགོག་པ་རི་ཞེས་ཐོགས། དེ་ནས་སངས་རྒྱས་འོད་སྲུང་གི་འཕེལ་གདུང་ཕེབས་པའི་རང་བྱོན་དེར་ཉ་སྟོང་བརྒྱད་གསུམ་ལ་རི་དྭགས་ཀྱིས་ཀྱང་སྐོར་བ་རྒྱག་སྲོལ་ཡོད་ཟེར། དེ་ནས་རྗེ་ཙོང་ཁ་པ་ཞབས་སྐོར་དུ་ཕེབས་སྐབས་ཁུ་བྱུག་གི་སྐད་གསན་པས་རྗེ་ཙོང་ཁ་པ་ཡུམ་དྲན་ཏེ་ཨ་མ་ཞེས་གསུང་ཤོར་བས་བྲག་ལྡེབས་ནས་ཨ་ཞེས་སྒྲ་དང་བཅས་ཨ་ཡིག་གི་རང་བྱོན་ཐོན་པ། དེ་ནས་བཟུང་དགའ་ལྡན་གླིང་ནང་དུ་ཁུ་བྱུག་གི་སྐད་སྒྲོག་སྲོལ་མེད་ཟེར། དེ་ནས་བྲག་ལྡེབས་སུ་ཀོང་ཀོང་མང་པོ་ཡོད་པ་ནི་བྱང་ཤམ་བྷ་ལའི་མཁར་རྔ་ཡིན་ཞེས་དང་། ལམ་ལྟག་ཏུ་སེང་གདོང་མའི་རང་བྱོན། ཥཎྜཔཱ་ལའི་ཞབས་རྗེས། བདུད་ཀྱིས་གནམ་རྡོ་གཡུགས་པས་རྗེ་རིན་པོ་ཆེས་ཕར་གཡུགས་གནང་བས་ཕྱག་མཛུབ་དང་དབུ་ཞྭའི་རྗེས་དོད་པའི་རང་བྱོན། ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱིས་རབ་གནས་གནང་སྐབས་མཆོད་འབྲུ་ཐོར་བའི་རང་བྱོན། མཁས་གྲུབ་རྗེས་སྐུ་སྨད་བཞེངས་གནང་བ་ལ་སྐུ་སྟོད་རང་བྱོན་དུ་ཕེབས་པའི་སྤྱན་རས་གཟིགས་ཀྱི་སྐུ་བརྙན། དེའི་འོག་གི་བྲག་ལྡེབས་ནས་གསེར་བཞེས་ཏེ་ཞལ་གསེར་ཕུལ་གནང་བ་དང་སླད་བཏོན་མི་ཆོག་པའི་ཕྱག་མཛུབ་ཀྱིས་ཐེལ་བསྐྱོན་པའི་རང་བྱོན། དེ་ནས་རྗེའི་སྒྲུབ་ཁང་ནང་གི་རང་བྱོན་སོགས་མཇལ་རྒྱུ་ཡོད། ཡང་དགོན་དེའི་མདུན་རིར་དབངབསྐུར་རི་ཞེས་ཟེར་དོན་ནི་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་བརྒྱ་མ་ཁྲི་ཁངདུ་སྐུ་བལྟམས་པའི་ཚེ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་རི་དེའི་སྟེང་ནས་དབང་བསྐུར་བ་དང་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པས་དབང་བསྐུར་རི་ཞེས་པའི་མིང་དེ་ལྟར་ཐོགས། རྒྱབ་རིར་བཙུན་མོ་ལྡིང་རི་ཞེས་ཟེར་དོན་ནི་བཙུན་མོ་ཚལ་གྱི་རྒྱལ་པོའི་བཙུན་མོ་རྣམས་རི་དེར་སྤྲོ་འཆམ་དུ་ཕེབས་པས་རྗེས་སུ་བཙུན་མོ་རི་ཞེས་པའི་མིང་དེ་ལྟར་བྱུང་བ་བཅས་གཞན་ཡང་དགའ་ལྡན་གསུམ་སྟོང་གསུམ་བརྒྱ་ཞེས་ཟེར་ཡང་དོན་དུ་དགེ་འདུན་ལྔ་སྟོང་སྐོར་གྱིས་རི་བོ་དགེ་ལྡན་ལུགས་ཀྱི་མདོ་སྔགས་གཉིས་ཀ་ཕྱག་ལེན་མཛད་པ་ཡིན། སྤྱིར་རྗེ་ཙོང་ཁ་པའི་ལུགས་དེར་རི་བོ་དགའ་ལྡན་ལུགས་ཞེས་འབོད་དགོས་ཀྱང་ཐ་སྙད་བརྗོད་པ་བདེ་ཕྱིར་དགེ་ལུགས་ཞེས་པར་སྒྲ་འགྱུར། ལོ་ལྟར་བོད་ཟླ་དང་པོར་སྨོན་ལམ་ཆེན་མོ་དང་། བོད་ཟླ་༢ཚེས་༤ནས་༡༥བར་སྟག་རྩེ་སྒྲུབ་མཆོད། བོད་ཟླ་༦ཚེས་༡༥དགའ་ལྡན་སེའུ་ཐང་། བོད་ཟླ་༡༠ཚེས་༢༥དགའ་ལྡན་ལྔ་མཆོད་བཅས་ཀྱི་ཆོས་དུས་འཚོགས་གནང་སྲོལ་ཡང་དར།
ད་ལྟ་ཚོགས་ཆེན་དང་གྲྭ་ཚང་གཉིས་ཡངས་པ་ཅན་སོགས་ཕལ་ཆེ་བ་གསར་བཞེངས་གནང་ཡོད་ལ། ཁང་ཚན་ཡང་མང་པོ་གསར་བཞེངས་གནང་ཡོད་པ་དང་། ༡༩༧༩ལོར་རྗེ་ཙོང་པའི་པུར་ཐལ་བཞུགས་པའི་དངུལ་གདུང་བཞེངས་༢༠༠༡ལོར་གུང་ཐང་བསྟན་པའི་དབང་ཕྱུག་རིན་པོ་ཆེ་མཆོག་ནས་དངུལ་གདུང་གི་ཕྱི་ལ་གསེར་ལྗང་གིས་བཏུམས་པ་བཅས་དང་གཞན་ཡང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་བཅས་མཇལ་རྒྱུ་ཡོད། p234-239
རྩེས་ཐང་བ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཁོང་གི་བླ་མ་སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱི་རྣམ་ཐར་མཐོང་བ་དོན་ལྡན་དུ་སྤྱན་སྔ་བས་རྗེ་ཙོང་ཁ་པའི་སྐུ་མདུན་ནས་གསུང་ཆོས་ཞུས་པའི་སྐོར་དང་རྗེ་ཙོང་ཁ་པར་ཐམས་ཅད་མཁྱེན་པ་ཞེས་བསྟོད་བསྔགས་ཆེན་པོ་ཕུལ་ཡོད་པ་འདི་ལྟར། 55
དགུང་ལོ་སུམ་ཅུ་པ་ཤིང་མོ་ལུག་གི་ལོ་ཐོག་ཏུ། སྣེ་གདོང་ནང་སོ་ནས་མིའི་དབང་པོ་གྲགས་པ་རྒྱལ་མཚན་པས། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ་དཔོན་སློབ་བདུན་བརྒྱ་ཙམ་བཀྲ་ཤིས་དོ་ཁར་གདན་དྲངས་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས། དབུས་གཙང་གི་དགེ་བའི་བཤེས་གཉེན་མཁས་པ་ཕལ་ཆེ་བ་འདུས། ཆོས་ཀྱི་འཁོར་ལོ་མཛད་དུས། བདག་ཉིད་ཆེན་པོ་འདིས་ཀྱང་ཕེབས་ཏེ། ཤར་ཙོང་ཁ་པ་ཆེན་པོའི་དྲུང་དུ། སྔགས་མཚན་ཉིད་ཀྱི་ལམ་རིམ། སངས་རྒྱས་ཀྱི་སྐྱེས་རབས། བླ་མ་ལྔ་བཅུ་པ་དང་། རྩ་ལྟུང་བཅུ་བཞི་པའི་རྣམ་བཤད། དཔལ་གསང་བ་འདུས་པའི་བསྐྱེད་རྫོགས། ནྰ་རོ་ཆོས་དྲུག ཤར་ཙོང་ཁ་པས་མཛད་པའི་རྫོགས་རིམ་གྱི་ངོ་སྤྲོད་རྒྱས་པ་གསལ་སྒྲོན། རྣམ་བཞག་རིམ་པ། ཡེ་ཤེས་ཀུན་ལས་བཏུས། ལྷ་མོ་བཞི་ཞུས་ཀྱི་ཊིཀྐ དབུ་ཚད་རྣམས་ཀྱི་བཤད་པ་རྒྱས་པ་དང་། དཀའ་གནས་རྣམས་ཀྱང་གསན་ཞིང་། ལུང་དང་རིགས་པའི་གྲྭར་བྱོན་ནས། ལུང་རིགས་ཀྱི་དོན་ལ་བརྒལ་ལན་མཛད་པས། མཁས་པ་ཆེན་པོ་རྣམས་ཀྱིས་ཀྱང་། བདག་ཉིད་ཆེན་པོ་འདིའི་རྩོད་པའི་ངག་ལ་ཆོས་མཐུན་གྱི་རྒོལ་བར་མ་ནུས་པས། དགེ་བའི་བཤེས་གཉེན་ཐམས་ཅད་ཐུགས་རིངས་ཤིང་། ཐུགས་དམ་འདི་སྐུ་མཚམས་འབའ་ཞིག་ལ་བཞུགས་ཏེ། གཟིགས་རྟོག་དང་རྩོད་ངག་ཆེར་མ་མཛད་པ་ལ། འདི་ལྟ་བུའི་ལུང་རིགས་དང་མཐུན་པའི་རྩོད་པའི་ང་རོ་འདི་ནི་ཤིན་ཏུ་ཡ་མཚན་ཞེས་གླེང་ཞིང་། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་ཞལ་ནས་ཀྱང་། རིགས་པའི་འཆར་ཕུལ་རང་རྔམས་ཆེ། འདི་ལྟ་བུའི་རིགས་པ་ཤར་བ་ན་རྒྱལ་བའི་དགོངས་པ་ཡང་ལོང་བར་བླ་ལ། མུ་སྟེགས་ཀྱི་རྒོལ་བ་ཡང་བཟློག་པར་ཡང་སླ་བ་ཡིན་གསུང་ངོ་།། དེ་དུས་ཤར་ཙོང་ཁ་པ་ཆེན་པོ་ལ་གསེར་དངུལ་གྱིས་ཐོགས་དྲངས་པའི་འབུལ་བ་བསམ་གྱིས་མི་ཁྱབ་པ་མཛད་ནས། ནྰ་རོ་ཆོས་དྲུག་གི་ཁྲིད་ཡིག་ཅིག་མཛད་པར་ཞུ་བ་ཕུལ་བ་ཞལ་གྱིས་བཞེས་ཏེ། ཕྱིས་གྲུབ་པར་ཡང་མཛད་དོ།། འབྲི་གུང་བཀའ་བརྒྱུད་ཆོས་མཛོད་པར་མ། p40
འདིའི་སྐོར་ལ་ཡ་མཚན་པ་ཞིག་ནི། རྗེའི་དངོས་སློབ་འགོས་ལོ་གཞོན་ནུ་དཔལ་གྱི་རྣམ་ཐར་ཞྭ་དམར་ཆོས་གྲགས་ཡེ་ཤེས་ཀྱིས་མཛད་པའི་དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱུས་པའི་ལྗོན་པ་ཞེས་པའི་ནང་དུ་ཡང་འདི་འདྲ་ཞིག་བྱུང་སྟེ། 56 ལུག་གི་ལོ་དབྱར་སོས་སློབ་དཔོན་སྟོན་ཤཀྰ་པའི་མཆོད་རྟེན་བརྩིག་པའི་ལས་རྣམས་མཛད། དེའི་སྟོན་ཁར་སོང་བ་ན་དབང་གྲགས་པ་རྒྱལ་མཚན་གྱིས། རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་དཔོན་སློབ་ཉིས་བརྒྱ་ཙམ་ཞིག་འོན་གྱི་བཀྲ་ཤིས་དོ་ཁར་སྤྱན་དྲངས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་འདུག་པའི་དྲུང་དུ་ཕེབས། བླ་མའི་རྣལ་འབྱོར། བྱང་ཆུབ་ལམ་གྱི་རིམ་པ། བཟང་སྤྱོད་སྨོན་ལམ། བླ་མ་ལྔ་བཅུ་པ་དང་རྩ་ལྟུང་བཅུ་བཞི་པའི་བཤད་པ། རྩེ་ཤེའི་རབ་བྱེད་དང་པོ་གཉིས་ཀྱི་བཤད་པ་སོང་བའི་མཚམས་སུ་ནྰ་རོ་ཆོས་དྲུག་གི་ཁྲིད་གནང་བར་འདུག་པས་གསན་པར་བཞེད་པ་ན། དབང་མ་ཐོབ་པས་ཆོས་རྗེ་གུང་སྣང་བ་ལ། བདེ་མཆོག་ལུས་དཀྱིལ་གྱི་དབང་ཞུས་ཏེ། ནྰ་རོ་ཆོས་དྲུག་ཇི་ལྟར་གནང་བའི་གསུང་ལ་ཟིན་བྲིས་ཀྱང་མཛད། དེ་ཐོན་ནས་རྩ་ཤེའི་རབ་བྱེད་ཐ་མ་དང་། སློབ་དཔོན་དཔའ་བོས་མཛད་པའི་སངས་རྒྱས་ཀྱི་སྐྱེས་རབས། ཚད་མའི་ལམ་རིམ། བྱང་ཆུབ་ལྟུང་བཤགས་རྣམས་ཀྱང་གསན། འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་པ་ཡང་ཕྱག་ཕྱིར་ཕེབས་པ་ལ་གསང་སྔགས་ལམ་རིམ། འཇིགས་བྱེད་ཀྱི་མངོན་རྟོགས། ལྷན་ཐབས་སྦྱིན་སྲེག་གི་ཆོ་ག་རྣམས་གསན། སྔགས་རིམ་ལ་མཚན་ཉིད་ལམ་རིམ་གྱི་བརྒྱུད་པ་འདྲ་བ་ཞིག་ཡོད་དམ་དགོངས་ནས་འདིའི་རྒྱུད་པ་ཇི་ལྟར་ལགས་ཞུས་པས། བདག་གིས་རྗེ་རང་ལ་ཞུས་པ་ཡིན་གསུང་ནས་རྒྱས་པར་མི་གསུང་། དེར་ཆོས་རྗེ་མི་ཉག་པའང་ཕེབས་བྱུང་བ་ལ། སྒྲོལ་དཀར་གྱི་ཚེ་སྒྲུབ་གསན། མི་ཉག་པ་དེ་སྐུ་སྐྱེ་བ་སྔ་མ་རྗེ་རིན་པོ་ཆེའི་སྐུ་སྐྱེ་སྔ་མའི་མ་ཡུམ་ཡིན་པ་དེའི་རྒྱུ་མཚན་གྱིས་རྗེ་ལ་ཐུགས་ཤིན་ཏུ་ཉེ་བ་ཞིག་ཡོད་པར་འདུག་གསུང་། རྗེ་རིན་པོ་ཆེ་གཉལ་གྱི་མོ་ལའི་ལ་རྩར་དགོང་གཅིག་བཞུགས་པའི་དུས་སུ། རྗེ་བཙུན་བྱམས་པ་སྐུ་རི་རྒྱུད་ཙམ་གཟིགས་པའི་ཞལ་ནས། རིགས་ཀྱི་བུ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་འདྲ་བ་ཅིག་འབྱུང་བར་ཤེས་པར་གྱིས་ཤིག་ཅེས་ལུང་བསྟན་པ་ལྟར་བྱུང་སྟེ། ཁོང་གསོ་སྦྱོང་མཛད་པ་ལ་ཕེབས་པའི་ཚེ་རི་ཐམས་ཅད་ཀྱང་འགུལ་ཞིང་ཡོད་པ་སྙམ་བྱུང་ལ། གསོ་སྦྱོང་གི་ལས་ལ་མི་དབང་བའི་སྐྱེ་བོ་ཐ་མལ་པའི་ཚོགས་པ་ཟད་ནས་བལྟ་བ་རྣམས་ཀྱང་དད་པ་རང་དབང་མེད་པ་བར་འདུག གསང་བའི་བདག་པོས་ལས་ཀྱི་རྡོ་རྗེ་ལ་གསུངས་པ་ན། འདིའི་ཡོན་ཏན་གྱི་མཐའ་ངེད་ཀྱིས་ཀྱང་མི་རྟོགས་གསུངས་པ་དེ་ལས་ལྷག་པའི་བསྔགས་པ་བརྗོད་རྒྱུ་མི་སྣང་ནའང་། རྗེས་སུ་འཇུག་པ་རྣམས་ཞུ་ལན་བདུད་རྩིའི་སྨན་མཆོག་ལ་དེ་ཙམ་གྱི་རྩིས་མེད། རྗེ་རིན་པོ་ཆེ་གདུལ་བྱ་ཕྱོགས་གཅིག་པ་ཚོ་ཅིག་འདུལ་དུ་བྱོན་པར་འདུག་པས། གྲུབ་པའི་མཐའ་རྣམས་ཀྱང་གདུལ་བྱའི་བསམ་པའི་དབང་གིས་གསུང་བའི་སྐབས་སུ། འདིར་བཤད་པ་དང་འགལ་བ་མིན་པའི་དྲང་ངེས་ཀྱི་འབྱེད་ལུགས་ཤིག་ཐེག་པ་ཆེན་པོ་རྒྱུད་བླ་མ་ནས་བཤད་འདུག་ཅེས་ཚོགས་སུ་གསུངས་ནའང་། གདུལ་བྱ་རྣམས་ལ་དེའི་སྣོད་མེད་པས་ཕྲིན་ལས་དེ་འདྲ་ལ་གསུང་དེ་བྱུང་བའི་དུས་སུ་མཎཌལ་ཕུལ་ནས་གསོལ་བ་འདེབས་མི་གཅིག་ཀྱང་མ་བྱུང་། ངེད་རང་ཁ་འཁོས་ལ་དཔེས་འི་བློ་བསྐྱེད་ཤིན་ཏུ་ཆེ་བར་བྱུང་། ཐོས་པ་ཙམ་ལ་མི་འཇོག་པར་རང་གི་ཤེས་རབ་ཀྱིས་གསུང་རབ་ལ་ལེགས་པར་དཔྱོད་པ་དང་། འཕྲལ་གྱི་མཛད་པའི་ཚུལ་རྣམས་རྗེ་ཁོ་ན་ལ་ཐུགས་དད་པ་ཡིན་ནོ།། p23-25
རྣམ་ཐར་དད་པའི་འཇུག་ངོགས་སུ་གསལ་བའི་རྗེ་བདག་ཉིད་ཆེན་པོ་དང་འབྲེལ་བའི་དབེན་གནས་དང་ཆོས་སྡེ་ཁག་གི་མཚན་ཐོ་ཟུར་འདོན།
རྗེའི་སྲས་ཀྱི་ཐུ་བོ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བརྩམས་པའི་རྣམ་ཐར་དད་པའི་འཇུག་ངོགས་སུ་གསལ་བའི་རྗེ་བཙུན་ཙོང་ཁ་པ་ཆེན་པོ་དང་འབྲེལ་བའི་གནས་ཆེན་ ༧༨ ཀྱི་མཚན་ཐོ་ཟུར་འདོན་ཞུས་པ་འདི་ལྟར།
ཙོང་ཁ། བྱ་ཁྱུང་། འབྲི་གུང་དཔལ་གྱི་ནགས་ཁྲོད། བདེ་བ་ཅན། དབེན་གནས་ཆོས་རྫོང་། གསང་ཕུ། ཞ་ལུ། སྣར་ཐང་། ས་སྐྱ། ས་བཟང་། འདར་བཟང་ལྡན། ངམ་རིང་། འགའ་རོང་ཆོས་སྡེ། ཇོ་མོ་ནང་། བོ་དོང་། སྤྱི་བོ་ལྷས། ཨེ། ཉང་སྟོད། གནས་རྙིང་། རྩེ་ཆེན། ཉང་སྟོད་བསམ་གླིང་། སྐྱིད་ཤོད་པོ་ཏ་ལ། སྐྱོར་མོ་ལུང་། སྟོད་ལུང་ཕུ། མལ་གྲོ་ལྷ་ལུང་། རྩེས་ཐང་། ཡར་ལུང་རྣམ་རྒྱལ། འོན་གྱི་ལྷ་ཁང་ཀེ་རུ། སྐྱིད་ཤོད་ཚལ། བྱ་ཡུལ། མཚོ་སྨད། ངང་དཀར། སྲིན་པོ་རི། རིགས་ལྔ་ལྷ་ཁང་། སྨོན་མཁར། མོན་མཁར་བཀྲ་ཤིས་གདོང་། ཡར་ལུང་ཨོ་དཀར་བྲག རོང་གི་སྣུབས་ཆོས་ལུང་། སྟག་ཚང་རྫོང་ཁ རོང་གི་རིང་ལུང་ཕུག གོང་གསུམ་བདེ་ཆེན། སྡེ་ཆེན། བ་ནམ་ཕག་རི། དགའ་བ་གདོང་། ལྷ་ས། འོལ་ཁ་ཆོས་ལུང་། རྫིང་ཕྱི། དྭགས་པོ་སྨན་ལུང་སོག་ཕུ། ལྷོ་བྲག་བྲ་བོ་དགོན། གཉལ་ལོ་རོ་སྟོད་ལྟག གཉལ་སྨད་གསལ་རྗེ་གངས་ཀྱི་ར་བ། ཙ་རི། གཉལ་སྨད་སེང་གེ་རྫོང་། གཉལ་གྱི་སྒང་ཆུང་། གཉལ་སྟོད་རྭ་གྲོང་། འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷ་སྡིངས། མགར་ཕུག དབྱེའི་སྟེའུ་ར། འོལ་ཁའི་བྲག་གདང་། ཉང་པོ་མདངས་མདོའི་དགོན་པ། རྭ་སྒྲེང་། གནམ་རྩེ་ལྡེང་། བྲག་སེང་གེའི་ཞོལ་གྱི་དབེན་གནས། འོན་བདེ་ཆེན་སྟེང་། འོལ་ཁའི་བྱམས་པ་གླིང་། བྱང་ཆུབ་གླིང་། སེ་ར་ཆོས་སྡིངས། སྐྱིད་སྨད་གྲུམ་བུ་ལུང་། ཟངས་རིའི་ཕུ་མཆིན། འབྲོག་རི་བོ་ཆེ་དགའ་ལྡན་རྣམ་རྒྱལ་གླིང་། འོལ་ཁ་བསམ་གཏན་གླིང་། འོན་གྱི་བཀྲ་ཤིས་དོ་ཁ། སྟོད་ལུང་ཆབ་ཚན། འབྲས་སྤུངས། ལྷ་སའི་ཇོ་ཁང་། བ་ལམ་བདེ་ཆེན་རྩེ། བྲག་དཀར། གྲུ་བཞི།
རྗེ་ཉིད་ཀྱི་མཛད་འཕྲིན་དང་གནས་ཆེན་འདི་དག་སྦྲེལ་ཏེ་སྟབས་བདེར་གཟིགས་འདོད་ན། འཇམ་དབྱངས་བཞད་པས་བརྩམས་པའི། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་རས་བྲིས་ཀྱི་ཚུལ་བརྒྱ་ང་གསུམ་པ་ཙིནྟ་མ་ཎིའི་ཕྲེང་བ་ཐུབ་བསྟན་རྒྱས་བྱེད་ཕན་བདེའི་རོལ་མཚོ་ཆེན་པོ་བཞུགས་སོ། ། ཞེས་པ་དེ་ལེགས་པར་མཐོང་།
རྗེ་ཙོང་ཁ་པའི་སྐུ་ཚེའི་ཁྲོད་ཀྱི་ལོ་ཚིགས་གལ་ཆེན་ཁག་ཅིག
1357 (1 རྗེ་བདག་ཉིད་ཆེན་པོ་བོད་ཤར་ཕྱོགས་ཨ་མདོའི་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས།
1359 (3 ཀརྨ་པ་སྐུ་ཕྲེང་གསུམ་པ་རོལ་བའི་རྡོ་རྗེའི་སྐུ་མདུན་ནས་དགེ་བསྙེན་བསྒྲུབས་ཏེ་མཚན་ཀུན་དགའ་སྙིང་པོར་གསོལ།
1363 (7 ཆོས་རྗེ་དོན་གྲུབ་རིན་ཆེན་པའི་མདུན་ནས་དགེ་ཚུལ་བསྒྲུབས་ཏེ་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ།
1372 (16 དབུས་སུ་ཕེབས།
1373 (17 སྟོན་ཁར་དབུས་སུ་ཕེབས་འབྱོར།
1375 (19 དབུས་སུ་ཐོག་མའི་གྲྭ་སྐོར་མཛད།
1378 (22 རྗེ་རེད་འདའ་བ་དང་ཐོག་མ་མཇལ། བློ་གསལ་བགྲོད་པའི་ཐེམ་སྐས་མཛད།
1388 (31 ལེགས་བཤད་གསེར་ཕྲེང་བརྩམས།
1392 (36 འོལ་ཁར་བྱ་བྲལ་ལ་ཕེབས།
1393 (38 འོལ་ཁར་རྫིང་ཕྱི་བྱམས་པ་ཞིག་གསོ་མཛད། མཛད་ཆེན་དང་པོ།
1395 (39 ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་མཇལ།
1396 (40 རྒྱབ་ཚབ་ཀྱིས་རྗེ་ཐོག་མ་མཇལ། གཉལ་གྱི་ལུང་ར་ཚུགས། མཛད་ཆེན་གཉིས་པ།
1402 (46 རྭ་སྒྲེང་དུ་ལམ་རིམ་ཆེན་མོ་དང་། ལམ་མཆོག་སྒོ་འབྱེད། ལམ་རིམ་ཆུང་ངུ་བརྩམས།
1403 (47 རྭ་སྒྲེང་དུ་བྱང་སའི་ཚུལ་ཁྲིམས་ལེའུ་དང་། རྩ་ལྟུང་དང་བླ་མ་ལྔ་བཅུ་པའི་རྣམ་བཤད་མཛད།
1405 (49 འོལ་ཁ་བྱམས་པ་གླིང་དུ། སྔགས་རིམ་ཆེན་མོ་དང་ཀླུ་བྱང་གི་རྣམ་གཞག་རིམ་པའི་ཊཱིཀ་མཛད།
1408 (52 མཁས་གྲུབ་པས་རྗེ་ཐོག་མ་མཇལ། དྲང་ངེས་དང་རྩ་ཤེའི་ཊཱིཀ་ཆེན་མཛད།
1409 (53 དགའ་ལྡན་དགོན་ཕྱག་བཏབ། ལྷ་ལྡན་སྨོན་ལམ་ཆེན་མོ་དབུ་འཛུགས། མཛད་ཆེན་གསུམ་པ།
1410 (54 དགའ་ལྡན་དུ་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་རྣམ་བཤད། བཤད་རྒྱུད་ལྷ་མོ་བཞིས་ཞུས་པ་མཛད།
1411 (55 དགའ་ལྡན་དུ་རིམ་ལྔ་གསལ་སྒྲོན་དང་རིམ་ལྔ་གདན་རྫོགས་མཛད།
1414 (58 འགྲེལ་བ་བཞི་སྦྲགས་མཛད།
1415 (59 ལམ་རིམ་འབྲིང་པོ་མཛད། དགའ་ལྡན་སྒྲུབ་མཆོད་གསར་འཛུགས་གནང་། མཛད་ཆེན་བཞི་པ།
1418 (62 འཇུག་ཊཱིཀ་དགོངས་པ་རབ་གསལ་བརྩམས།
1419 (63 དང་བདེ་མཆོག་རྩ་རྒྱུད་ཀྱི་ཊཱིཀ་མཛད།(སྦས་དོན་ཀུན་གསལ་ཞེས་ཀྱང་ཟེར) རྗེ་བཙུན་ཙོང་ཁ་པ་ཆེན་པོ་མཆོག་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས།
ཆེད་རྩོམ་ཤིནད་ཏུ་ལེགས། གོག་པ་རིའི་སྐོར་ལ་ད་དུང་མང་ཙམ་ཤེས་འདོད་ཆེ་ཡང་་་་ སུས་གསུང་ཐུབ་བམ། ལགས།
ཁ་བྱང་ལས་ལྟ་འདོད་མེད་པར་
ཀ་རྡོ་རབས་འབྱམས་པ་ལགས། འགོག་པ་རི་ནི་གནས་རི་ཁྱད་པར་དུ་འཕགས་པ་ཞིག་ཡིན་ཞིང་། དེར་བགྲོད་པ་ཙམ་ལ་ཡང་སྙིང་སྟོབས་ཆེན་པོ་ཞིག་དགོས། རི་དེའི་སྐོར་གཞན་ཞིག་ཏུ་འབྲི་འདོད་ཡོད།
གཞོན་ནུ་་དོན་གྲུབ་སངས་རྒྱས་པའི་ཚུལ་བསྟན་ནས། དགེ་སྦྱོང་གོའུ་ཏམ་མས་ཆོས་མ་གསུངས་སྔོན་ལ། ཡུལ་ཝ་ར་ཎ་སིར་རང་རྒྱལ་དགྲ་བཅོམ་པ་དག གཤེགས་ཁར་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་ནམ་མཁར་ཕུར་བའམ། དེ་དག་གི་ཕུང་སར་ལྷུང་བ་སོགས་ཀྱི་སྐོར་དང་གཅིག
སྟོན་པའི་གཏད་རབས་དང་པོ་འཕགས་འོད་སྲུངས་ཆེན་མོའི་སྐུ་གདུང་ཉམས་མེད་དུས་ལྟ་ཡང་བྲག་སེང་དུ་བཞུགས་ཡོད་ཚུལ་དང་གཉིས།
འགོག་སྙོམས་ལ་མཉམ་པར་གཞག་པ་ཞིག་ས་འོག་ནས་གསོན་པོར་ཐོན་པ་དང་གསུམ་ལ་ཉམས་ཞིབ་ནན་པོ་བྱ་དགོས་འདུག
བཀའ་དྲིན་ཆེ་ཀླུ་སྨྱོན་ཡེ་ཤེས་ལགས།
ཁ་སང་དེ་རིང་དགེ་བཤེས་ཐུབ་སྦྱིན་གྱིས་མཛད་པའི་༼ཙོང་ཁ་པ། ཁ་བའི་ལྗོངས་ཀྱི་སངས་རྒྱས༽་ཞེས་པའི་དེབ་དེ་ཀློག་གྱིན་ཡོད་ལ་དབྱིན་ཡིག་ནང་བྲིས་པའི་དཔེ་མིང་ས་མིང་ཁ་ཤས་ར་མ་འཕྲོད་པར་ཡོད་པས། ཉིད་ཀྱིས་ལྗགས་རྩོམ་འདི་མཇལ་ནས་ཕན་པོ་བྱུང་།
དྲི་བ་ཞིག་ཡོད།
ལེགས་བཤད་གསེར་ཕྲེང་འདི་ཕར་ཕྱིན་གྱི་སྐོར་ཡིན་པ་འདྲ།
རྩ་ཤེའི་ཊཱིཀ་ཆེན་འདི་མགོན་པོ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ཀྱི་འགྲེལ་བ་ཡིན་པ་འདྲ། འཇུག་ཊིག་ཟེར་བ་འདི་ དཔལ་ལྡན་ཟླ་གྲགས་པའི་དབུ་མ་འཇུག་པའི་འགྲེལ་བ་ཨེ་རེད།
དྲང་ངེས་ལེགས་བཤད་སྙིང་པོ་ འདི་ག་རེའི་སྐོར་ལ་རེད། འདི་རྒྱ་གར་མཁས་པའི་བསྟན་བཅོས་ཤིག་གི་འགྲེལ་བ་རེད་དམ་ཡང་དྲང་དོན་དང་ངེས་དོན་གྱི་སྤྱི་བཤད་ཅིག་རེད།
གོང་གི་དཔེ་ཆ་འདི་གསུམ་ཀློག་འདོད་ཧ་ཅང་ཆེ་ན། ང་ལྟ་བུ་རྟགས་གསལ་དང་བསྡུས་ར གྲུབ་མཐའི་གཞུང་ལུགས་བྱང་ཆ་མེད་མཁན་ཞིག་གིས་གོ་བ་ལེན་ཐུབ་བམ། ལན་ཞིག་གནང་རོགས།
ད་དུང་བཀའ་འདྲི་ཞུ་རྒྱུ་ཞིག་ལ།
༼ལྟ་གྲུབ་ཀུན་བཏུས༽ དང་༼ཚན་རིག་ཀུན་བཏུས༽ ་ཟེར་བའི་དཔེ་ཆ་དེ་དག་གང་ནས་ཉོ་ཐུབ་བམ།
༼བུད་ངྷ་པ་ལི་ཏ་༽ཟེར་བ་དང་༼ཚིག་གསལ༽་དང་༼དོན་གསལ༽་ ༼དབུ་མ་འཇུག་པ་༽ཟེར་བའི་དཔེ་ཆ་དེ་ཚོ་གསུང་འབུམ་ཁ་འཐོར་གང་ནས་ཉོ་ཐུབ།
རྗེ་ལོ་ལོ་ཚང་ལགས། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱི་རྣམ་ཐར་ནང་རྗེ་ཙོང་ཁ་པའི་ཞལ་རས་ཀྱི་སྐོར་བྲིས་ཡོད་ཅེས་བརྗོད་སོང་ཡང་། བདག་གིས་རྙེད་པའི་སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱི་རྣམ་ཐར་ནང་དེ་འདྲ་ཞིག་མི་འདུག
འཇུག་ཊིཀ་དབུ་མ་འཇུག་པའི་འགྲེལ་པ་རེད།
དྲང་ངེས་ལེགས་བཤད་སྙིང་པོ་ནི་སེམས་ཙམ་པ་དབུ་མ་ཐལ་རང་གི་ལྟ་བའི་ཁྱད་པར་སྟོན་པའི་གཞུང་ཞིག་རེད་མ་གཏོགས་དམིགས་བསལ་འགྲེལ་རྩོམ་དེ་འདྲ་མ་རེད་ལགས།
རྗེ་ལོ་ལོ་ཚང་ལགས། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱི་རྣམ་ཐར་ནང་རྗེ་ཙོང་ཁ་པའི་ཞལ་རས་ཀྱི་སྐོར་བྲིས་ཡོད་ཅེས་བརྗོད་སོང་ཡང་། བདག་གིས་རྙེད་པའི་སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱི་རྣམ་ཐར་ནང་དེ་འདྲ་ཞིག་མི་འདུག
འཇུག་ཊིཀ་དབུ་མ་འཇུག་པའི་འགྲེལ་པ་རེད།
ལན།
གོང་དུ་ཕྲན་གྱིས་དྲི་བར་ལྗགས་ལན་གནང་བར་ཐུགས་རྗེ་ཆེ།
༼ཙོང་ཁ་པ། ཁ་བའི་ཡུལ་གྱི་སངས་རྒྱས་༽་ཞེས་པའི་ཤོག་ངོས་དྲུག་ཅུར་༼ཙོང་ཁ་པ་ག་འདྲ་ཞིག་ཡིན་ནམ༽་ཞེས་པའི་ལེ་ཚན་ནང་རྙིང་མ་པ་སྣེ་རིང་འཆི་མེད་རབ་རྒྱས་ཀྱི་རིན་ཆེན་གཏེར་མཛོད་ལས་ལུང་འདྲེན་བྱས་འདུག
དེས་ན་དགེ་བཤེས་ཚང་གིས་བཤད་ནོར་བྱས་འདུག ཨ་ཁ་ཁ། ཟང་ཟིང་ནེ་རིང་བའི་རྗེའི་རྣམ་ཐར་གྱི་ལུང་མང་པོ་ཞིག་འབྲུག་རྒྱལ་དབང་ཆོས་རྗེས་ཡང་ཡང་དྲངས་འདུག་ཀྱང་རྗེའི་ཞལ་རས་ཀྱི་སྐོར་དྲངས་ཡོད་པ་ཞིག་མི་དྲན་གི རྗེའི་གསུང་དེ་འབྲོག་སྐད་ཅུང་གྱོང་སེ་བ་ལ་ཉན་གྱིན་སྙན་དུ་འགྲོ་བ་ཞིག་ཡོད་ལུགས་ཅིག་ན་བྲིས་ཡོད་བསམས་ཀྱང་དགོས་དུས་མི་རྙེད་ཀི
བུད་ངྷ་པ་ལི་ཏ
http://sastravid.theology.ox.ac.uk/page-view.php?value=12
ཚིག་གསལ
https://www.serajeyrigzodchenmo.org/u-ma/item/584-zkhu333310
དབུ་མ་འཇུག་པ
http://www.sakyalibrary.com/Assets/files/027UMA.pdf
ཨོཾ་ཨཱཿ་གུ་རུ་བཛྲ་དྷཱར་སུ་མ་ཏི་ཀིརྟི་སིདྷི་ཧཱུཾ་ཧཱུཾ
ཀླུ་སྨྱོན་ལགས་ཙ་བའི་གོང་རྩོམ་ པར་བཤུས་ལེག་ འོན་ཀྱང་ལྷ་ས་ནས་༼ཁྲོན་བོད་༽རླངས་འཁོར་ལམ་ཟེར་ན་ག་པར་རེདདམ་
ཨ་ལག་ཀརྡོ་རབ་འབྱམས་པ་རིན་པོ་ཆེ་བཀའ་དྲིན་ཆེ་ལགས། ཕྱི་ལུགས་ལོ་གསར་པའི་ནང་ཁ་དྲོ་བཀྲ་ཤིས་པར་ཤོག