རྩོམ་པ་པོ། འཇུ་བསྟན་སྐྱོང་།
དེང་སང་མཁས་པར་གྲགས་པ་འགས་དུས་རབས་བཅུ་བདུན་པ་ཡན་ཆོད་ལ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་མཚན་ཙམ་ཡང་མི་གསལ་བས། བོད་ཀྱི་གསོ་བ་རིག་པ་དང་གཡུ་ཐོག་རྙིང་མའི་བར་འབྲེལ་བ་མེད་པར་བཤད་ཀྱི་ཡོད་མོད།འདི་དག་ཞིབ་ཏུ་མ་དཔྱད་པའི་གཏམ་སྟེ། བོད་ཀྱི་རབ་བྱུང་བདུན་པའི་ཤིང་སྟག་ཕྱི་ལོ༡༤༣༤ལ་སྟག་ཚང་དཔལ་འབྱོར་བཟང་པོས་བརྩམས་པའི་རྒྱ་བོད་ཡིག་ཚང་མཁས་པ་དགའ་སྐྱེད་ལས། བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་བཤད་སྐབས།ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་རྒྱ་དཀར་ནག།བལ་བོ།གྲུ་གུཁྲོམ་བཅས་ནས་གསོ་རིག་གི་རྒྱུད་མང་པོ་བསྒྱུར་བ་དང་། དེ་དག་མཁས་པའི་བླ་སྨན་སྐོར་དགུ་རྗེ་ཡི་བླ་སྨན་དུ་བསྐོས་པའི་སྐོར་བཀོད་ཅིང་། ལོ་རྒྱུས་རྒྱས་པ་ཟུར་དུ་གསལ་བ་སོགས་གསུངས་པའི་ཁྲོད།གཡུ་ཐོག་པ་རྗེའི་བླ་སྨན་དུ་བསྐོས་པ་གསལ་བོར་གསུངས་པ་དེས། དུས་རབས་བཅུ་བདུན་པ་ཡན་ལ། གཡུ་ཐོག་རྙིང་མའི་རྣམ་ཐར་དང་མཛད་རྗེས་བཀོད་ཡོད་པ་ཧ་ཅང་གསལ་བའི་གསར་མ་ཡོན་ཏན་མགོན་པོ་ལས་བཙན་པོའི་དུས་སྨན་པ་གཡུ་ཐོག་པ་ཞིག་མ་བྱུང་བར་གསུངས་པ་ཕུགས་རྡུབ་ངེས་ཏེ།
རྒྱ་བོད་ཡིག་ཚང་ལས།“ཡང་ཆོས་རྒྱལ་འདིའི་རིང་ནས།གསོ་སྤྱད་སྨན་གྱི་རིག་ཡང་དར་བར་བྱེད་པ་ལ།དེའང་།དང་པོར།བོད་དུ། སྨན་སྤྱད་བསྒྱུར་བའི་དུས་གསུམ་བྱུང་བ་ནི།མེས་སྲོང་བཙན་སྒམ་པོའི་རིང་ལ། གསོ་རིག་གི་དབུ་བརྙེས་པར་བྱེད་ནའང་། ཐོར་སྤྱད། ཅུང་ཟད་ཙམ་ཅིག་དར་ཏེ།དེ་ནས་མ་དར་རོ། ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། སྲོལ་ལེགས་པར་གཏོད་པ་ནི། ལོ་ཙཱ་བ་བཻ་རོ་ཙ་ནས། ཕྱོགས་ཐམས་ཅད་ཀྱི་སྨན་པ་རྣམས་སྤྱན་དྲངས་ནས། བོད་སྐད་དུ་བསྒྱུར་བ་ནི།རྒྱ་གར་ཤིནྟ་གར་པས། སྨན་ལྷས་གསུངས་པའི་རྒྱུད་ཐམས་ཅད་བསྒྱུར། རྒྱ་ནག་ཧ་ཤང་མ་ཧཱ་ཡ་ནས། འཇམ་དཔལ་གྱིས་གསུངས་པའི་རྒྱུད་རྣམས་དང་། བལ་པོ་རྡ་ན་ཤི་ལས། སྤྱན་རས་གཟིགས་ཀྱིས་གསུངས་པའི་རྒྱུད་རྣམས་དང་། གྲུ་གུ་སེང་མཆོག་ཆེན་པོས། ཕྱག་ན་རྡོ་རྗེས་གསུངས་པའི་རྒྱུད་རྣམས་དང་། ཁྲོམ་བཙན་པ་ཤི་ལས། བྱམས་པས་གསུངས་པའི་རྒྱུད་རྣམས་དང། དོན་པོ་ཁྱི་མ་རུ་རྩེས། སྒྲོལ་མས་གསངས་པའི་རྒྱུད་ཐམས་ཅད་བསྒྱུར་ནས། བོད་ཀྱི་སྨན་པ་ལ་སྔ་བ། རྒྱལ་པོའི་བླ་སྨན་དུ་བསྐོས་པ་དགུ་དང་། དར་བྱེད་ཀུན་ཏུ་གྲགས་པའི་སྨན་པ་བཞི་བཅུ་རྩ་ལྔ་ལ་སོགས་པ། སྨན་པ་མཁས་པར་གྲགས་པ་དགུ་བཅུ་རྩ་གཉིས་བྱུང་རབས་ལས་སོགས་རྒྱས་བཤད་ཟུར་དུ་གསལ།”ཞེས་དང་།
གཡུ་ཐོག་པ་བླ་སྨན་དུ་བསྐོས་ཡོད་པ་ཡང་། རྒྱ་བོད་ཡིག་ཚང་ལས།“བོད་རྒྱལ་པོའི་བླ་སྨན་ལ་བསྐོས་པ་དགུ་ནི།སྟོད་ན་བི་ཇི་རྡེ་འུག་པ་གསུམ།བར་ན་མི་ཉག་དང་བྲང་ཏི་གཡུ་ཐོག་གསུམ།སྨད་ན་གཉའ་དང་མཐའ་བཞི་སྟོང་གསུམ།ཞེས་བྱ་བའི་དྲང་སྲོང་གི་སྤྲུལ་པ།མཁས་བཙུན་ལྡན་པ་རིམ་པར་བྱུང་སྟེ།རྒྱལ་པོའི་ལུང་གིས།ང་ནི་ཀུན་གྱི་ལྷ་ཡིན་ལ།འདི་དག་ང་ཡི་རྗེ་ཡིན་པས།ཀུན་གྱི་ལྷ་རྗེ་མཚན་གསོལ་ལས།མཆོད་ཅིང་བཀུར་བའི་གནས་སུ་བསྟེན།གསུངས་པའི་དྲིལ་བསྒྲགས་སོ།།”ཞེས་གསལ་བོར་གསུངས་པ་འདིས་ཀྱང་། དུས་རབས་བཅོ་ལྔ་པ་ཡན་ལ་གཡུ་ཐོག་པ་ཆེན་པོ་རྗེ་ཁྲི་སྲོང་གི་བླ་སྨན་ཡིན་པར་བཤད་པ་གསལ་པོ་ཤེས་ནུས་ལ། གོང་འཁོད། “བྱུང་རབས་ལས་སོགས་རྒྱས་བཤད་ཟུར་དུ་གསལ་” གསུངས་པ་ལ་དཔག་ན་སྔ་མོ་ནས་གཡུ་ཐོག་པ་ཆེན་པོ་སོགས་ཀྱི་རྣམ་ཐར་རྒྱས་པ་དུས་རབས་བཅོ་ལྔ་ཡན་ལ་ཡོད་པ་ཡང་ཤེས་ཐུབ། སྤྱིར་སྔར་གྱི་ཡིག་རྙིང་མང་པོ་འཕྲོ་བརླགས་སུ་ཕྱིན་ཡོད་པ་ཧ་ཅང་གསལ་བས། ཕྱིས་ཀྱི་ཡིག་ཚང་འགའ་རེའི་ནང་མ་འཁོད་པ་ཙམ་གྱི་མི་སྣ་དེ་དག་སྔར་མ་བྱོན་པའམ། མེད་པར་ཐག་བཅད་ན་ཅུང་ཐལ་ཆ་ཆེ་བའི་གཏམ་དུ་ཤེས་དགོས།
གུ་རུ་བཀྲ་ཤིས་ནི་དཔལ་སྤུངས་སི་ཏུ་བསྟན་པའི་ཉིན་བྱེད་དམ་ཆོས་འབྱུང་གི་ཞལ་སློབ་ཡིན།
ཡང་ཐུབ་བསྟན་ཕུན་ཚོགས་ཀྱིས་གསུངས་ན།“འདིར་གུ་རུ་བཀྲ་ཤིས་འཁྲུངས་པའི་ལོ་གསལ་པོར་མ་རྙེད་ཀྱང་།རྗེས་དཔག་སྒོ་ནས་རྟོགས་ཐུབ་པ་ཞིག་ནི།ཁོང་འཁྲུངས་དུས་སི་ཏུ་ཆོས་ཀྱི་འབྱུང་གནས་སྐུ་གཤེགས་ཟིན་ངེས་ཏེ།ཆོས་འབྱུང་སྐུ་གཤེགས་དུས་སྤྱི་ལོ་༡༧༧༤ལོར་ཡིན་པའི་ཕྱིར།གུ་བཀྲའི་ཆོས་འབྱུང་བརྩམས་པའི་དུས་ནི་རབ་བྱུང་བཅུ་བཞི་པའི་ཐོག་མ་མེ་ཡོས་ཟླ་བ་གཉིས་པ།སྤྱི་ལོ་༡༨༠༧ལོར་མགོ་བརྩམས།མཐར་ཡོངས་སུ་གྲུབ་དུས་ནི།ཆུ་བྱ་ལོ་སྤྱི་༡༨༧༣ལོར་ཡིན་པ་གསལ་བོར་གསུངས་ཡོད་དེ།མཇུག་བྱང་དུ‘རབ་བྱུང་བཅུ་བཞི་པའི་ཐོག་མར་སླེབས་པ་མེ་ཡོས་(1807)ཧོར་ཟླ་གཉིས་པ་ནས་བརྩམས་ཀྱང་གཞན་དབང་གིས་རྣམ་པར་གཡེང་བ་མང་པོས་ཅུང་ཟད་འགྱངས་ཀྱང་རིམ་པར་ལྕགས་སྤྲུལ(༡༨༢༡)ལོ་ཡན་ཆད་ལ་ཕལ་ཆེར་བརྩམས་གྲུབ་ཀྱང་།ཡི་གེ་འགའ་ཞིག་ལག་ཏུ་མ་སོན་པས་ལོ་ཤས་འགོར་ཡང་སླར་ཡང་ཆུ་ཕོ་སྤྲེལ་(1872) ལོར་ལེའུ་དྲུག་པ་དང་།སྔགས་གསར་མའི་བརྒྱུད་ཚུལ་བཅས་བྲིས་ཤིང་ཧོལ་ཁང་ལུས་པ་རྣམས་ཀྱང་བསབ་གྲུབ་བྱུང་བ་ཡིན་ཀྱང་།’སླར་ཆུ་བྱ་(1873)བར་ལོ་ངོ་རེ་དྲུག་བརྒྱུད་ནས་ཡོངས་སུ་གྲུབ་པ་གསལ་བོར་གསུངས་འདུགགུ་བཀྲའི་ཆོས་འབྱུང་རྩོམ་དུས་སི་ཏུ་ཆོས་འབྱུང་སྐུ་གཤེགས་ནས་ལོ་ངོ་སོ་ལྔ་ཕྱིན།ཁོང་ནས་ལོ་དེར་གུ་བཀྲ་སྐྱེས་ན་གུ་བཀྲ་ལོ་བརྒྱ་ལྷག་བཞུགས་ཡོད་པར་ཐལ་ལོ། །དེས་ན་གུ་བཀྲའི་གསུངས་པའི་སི་ཏུ་ཐམས་ཅད་མཁྱེན་པ་ནི་ཀཿཐོག་སི་ཏུ་ཡིན་ནོ། །”ཞེས་གསུངས་པ་ལ་དཔྱད་པར་བྱ་བ་འདི་ཡོད་དེ། གུ་བཀྲའི་ཆོས་འབྱུང་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་པར་པ་དེའི་དཔར་སྐྲུན་གསལ་བཤད་དུ་ཆོས་འབྱུང་དེ་སྤྱི་ལོ་༡༨༠༧ལ་དབུ་བརྩམས་ཤིང་སྤྱི་ལོ་༡༨༧༣ལ་མཇུག་གྲུབ་པར་བཤད་པ་བདེན་ལ། དེའི་མཛད་མཇུག་བྱང་དུ“རབ་བྱུང་བཅུ་བཞི་པའི་ཐོག་མར་སླེབས་པ་མེ་ཡོས་(1807)ཧོར་ཟླ་གཉིས་པ་ནས་བརྩམས་ཀྱང་གཞན་དབང་གིས་རྣམ་པར་གཡེང་བ་མང་པོས་ཅུང་ཟད་འགྱངས་ཀྱང་རིམ་པར་ལྕགས་སྤྲུལ(༡༨༢༡)ལོ་ཡན་ཆད་ལ་ཕལ་ཆེར་བརྩམས་གྲུབ་ཀྱང་།”ཞེས་ལྕགས་སྦྲུལ་ཞེས་འཁོད་པ་ཡོངས་སུ་ནོར་བ་ཞིག་ཡིན་པས།ནོར་བ་ལ་ཁུངས་གཏུགས་ནས་ནོར་འཁྲུལ་བྱུང་བ་ཞིག་ཏེ།ཞིབ་ཏུ་བརྟགས་ནས་ཚིག་གི་བབ་ལས་ཀྱང་ཤེས་ཐུབ་སྟེ།ཁོང་གིས་ཆོས་འབྱུང་དེ་རབ་བྱུང་གཉིས་བརྒྱུད་ཡོད་པའི་རྣམ་པ་གང་ཡང་མེད་པ་ཙམ་དུ་མ་ཟད།རབ་བྱུང་བཅུ་བཞི་པ་སྨོས་ནས་བཅོ་ལྔ་པ་སྨོས་དགོས་ངེས་ཀྱང་མ་སྨོས་པ་དང་།ལོ་བཅུ་བཞི་འགོར་བ་ལ་ཅུང་ཟད་འགྱངས་ཞེས་སྨོས་མི་རིགས་ལ།ལོ་ལྔ་བཅུ་ང་གཅིག་ལྷག་འགོར་བ་ལ་ལོ་ཤས་འགོར་ཞེས་བརྗོད་ན་ཧ་ཅང་ཐལ་བའི་གཏམ་ཡིན་པ་སུས་ཀྱང་ཤེས་ནུས་པར་མ་ཟད།ཆོས་འབྱུང་གི་དཀྱུས་སུ་རྒྱལ་བ་ལུང་རྟོགས་རྒྱ་མཚོ་སྐུ་འཚོ་ཞིང་བཞུགས་ཞེས་གསུངས་པས་ཀྱང་།ཆོས་འབྱུང་དེ་ཕྱི་ལོ༡༨༡༥ཡན་ལ་གྲུབ་པ་ཞིག་ཡིན་པ་ཤེས་ནུས།འདིའི་ནོར་འཁྲུལ་གཙོ་བོ་པེ་ཅང་པར་མའི་མ་ཡིག་གམ་རྩོམ་སྒྲིག་སྐབས་ས་སྦྲུལ་དེ་ལྕགས་སྤྲུལ་ལ་ནོར་བ་ལས་བྱུང་བ་ཤེས་དགོས་ལ།འདི་ཡང་ཚོད་དཔག་ཙམ་མ་ཡིན་པར་གུ་བཀྲའི་ཆོས་འབྱུང་བྲིས་མ་ལས་གོང་གི་ལོ་དེ་ས་སྦྲུལ་ཡིན་པ་གསལ་བོར་འཁོད་པ་འདིས་ཐེ་ཚོམ་ཐམས་ཅད་རྨང་ནས་སེལ་ནུས་ལ། གཞན་ཡང་ཆོས་འབྱུང་དེ་གྲུབ་རྗེས་རྡོ་བ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱིས་བསྔགས་བརྗོད་གནང་པ་པེ་ཅང་པར་མའི་མཇུག་ལ་བཀོད་ཡོད་པ་དེས་ཀྱང་ལོག་རྟོག་དེ་སེལ་ནུས།མཇུག་བྱང་དུ་འཁོད་པའི་སི་ཏུ་བསྟན་པའི་ཉིན་བྱེད་ཀྱང་།སི་ཏུ་ཆོས་ཀྱི་འབྱུང་གནས་ཡིན་པ་ཡང་གསལ་ཏེ།ཆོས་འབྱུང་དེའི་ཞར་བྱུང་རིག་གནས་ལོ་རྒྱུས་སྐབས།སྒྲ་རིག་པའི་ལོ་རྒྱུས་དང་སྙན་ངག་ལོ་རྒྱུས་གཉིས་ཀའི་སྐབས་སི་ཏུ་བསྟན་པའི་ཉིན་བྱེད་ཅེས་འཁོད་པ་དཔལ་སྤུངས་སི་ཏུ་ཡིན་པ་ཧ་ཅང་གསལ་ཏེ།སྒྲ་རིག་པའི་སྐབས།“དུས་ཕྱིས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་སྒྲའི་བསྟན་བཅོས་མང་པོ་གསར་འགྱུར་དང་འགྱུར་རྙིང་པ་རྣམས་ལ་འགྱུར་བཅོས་མཛད་ནས་སྔོན་ཆད་བོད་སྔོན་མ་དག་གི་ཇི་བཞིན་མ་ཤེས་པའི་ཟོལ་འཇོག་ཐམས་ཅད་ཐེར་ལ་བཏོན་ནས་རྒྱ་གར་མཁས་པའི་ལེགས་བཤད་དང་མཐུན་པའི་འཆད་ཉན་གྱི་སྲོལ་གཏོད་”ཅེས་དང་།སྙན་ངག་སྐབས།“དུས་ཕྱིས་ཐམས་ཅད་མཁྱེན་པ་བསྟན་པའི་ཉིན་བྱེད་ཀྱིས་བོད་སྔོན་མ་དག་གི་ཇི་བཞིན་མ་མཁྱེན་པའི་ཚུལ་མཛད་པ་དགརྒྱ་གར་གྱི་མཁས་པ་ངག་གི་དབང་ཕྱུག་གྲགས་པའི་འགྲེལ་བ་དང་།རཏྣ་ཤྲཱིའི་འགྲེལ་པ་ལ་བརྟེན་ནས་འཕགས་ཡུལ་མཁས་པའི་ལེགས་བཤད་དང་རྗེས་སུ་མཐུན་པའི་ལྗགས་བཤད་ཀྱིས་གཏན་ལ་ཕབ།”ཅེས་སོགས་ལས་ཤེས་ཐུབ་པ་ནི་སི་ཏུ་བསྟན་པའི་ཉིན་བྱེད་ཅེས་པ་དཔལ་སྤུངས་སི་ཏུ་ཡིན་པ་ཧ་ཅང་གསལ་ལ།ཀཿཐོག་སི་ཏུ་བསྟན་པའི་ཉིན་བྱེད་ཞུ་བ་ཞིག་མེད་ལ།སྐབས་དེའི་ཀཿཐོག་སི་ཏུ་ནི་ཨོ་རྒྱན་བསམ་གྲུབ་ཡིན་ལ།ཁོང་གི་མཚན་ལ་བསྟན་པའི་ཉིན་བྱེད་ཞུ་སྲོལ་མེད་ལ།བཙན་གྱིས་ཁོང་ལ་སྦྱོར་དགོས་པའི་རྒྱུ་མཚན་ཀྱང་གཏན་ནས་མེད་ཅིང་།མཚན་བྱང་དུ་ཐམས་ཅད་མཁྱེན་པ་སི་ཏུ་བསྟན་པའི་ཉིན་བྱེད་ཅེས་འཁོད་པ་ལས།ཐམས་ཅད་མཁྱེན་པ་ཞེས་བསྟན་པའི་ཉིན་བྱེད་ཀྱི་མཚན་ལས་ཡོལ་དགོས་པ་རྒྱུ་མཚན་གཞན་ཡོད་ན་ལས་མཛད་བྱང་དུ་མ་འཁོད་པའི་མིང་གསར་ཅི་ལ་སྦྱོར་དགོས།ད་དུང་ཐུགས་སྲས་ཟུང་ཞེས་པ་ཡང་ཀཿཐོག་པའི་སུ་གཉིས་ལ་ངོས་འཛིན་དགོས།མདོར་དོན་དྲིལ་ན།གུ་བཀྲའི་ཆོས་འབྱུང་ནི།ཕྱི་ལོ་༡༨༠༧ལ་དབུ་བརྩམས་ཤིང་།ཕྱི་ལོ་༡༨༡༢ལ་མཇུག་གྲུབ་པ་ཞིག་ཡིན་པ་ཧ་ཅང་གསལ་བོར་ཡིན།སྤྱིར་དཔེ་ཀློག་པ་ཕལ་བ་ཞིག་ཡིན་ན་ཁག་མེད་ཀྱང་།ལོ་རྒྱུས་མཁས་པ་དང་ཞིབ་འཇུག་པ་ཞིག་ཡིན་ཕྱིན་འདི་ལ་ནོར་འཁྲུལ་བྱུང་མི་རིགས་ཏེ།ཆོས་འབྱུང་ཞིག་ལོ་རེ་དྲུག་ལ་བརྩམས་པ་རེད་ཟེར་ན་ངེས་པ་དོ་སྣང་སྤྲོད་དགོས་པ་དང་།ཆོས་འབྱུང་དཀྱུས་ལ་ནན་གཟིགས་དང་།ཆོས་འབྱུང་གྲུབ་ནས་མཁས་པ་དག་གིས་བསྔགས་པ་མཛད་ཡོད་པ་ཤན་སྦྱར་དུ་ཡོད་པ་འདི་དག་ལ་རྟོག་ཞིབ་ཅུང་ཟད་དགོས་པ་འདྲ་ཡང་།ཞིབ་ཏུ་དཔྱད་ན་རང་གིས་འདོད་དོན་མི་འགྲུབ་པ་ངེས་པའམ།ཧོལ་རྒྱུགས་ལ་གོམས་པ་གང་རུང་ལས་མ་འདས།འདི་ཅུང་ཟད་ཞིབ་ཏུ་བཤད་པ་ཡང་།ཞིབ་འཇུག་དང་དཔེ་བསྡུར་ལ་མ་གོམས་པ་དག་གིས་ནམ་ཡང་དཔེ་གཅིག་ཁོ་ན་ལ་བརྟེན་ཅིང་།གཞུང་གོང་འོག་བསྡུར་བའི་རྣམ་དཔྱོད་མེད་ཅིང་།ཁྱབ་ཆེ་བའི་པེ་ཅང་པར་མ་འདི་ཙམ་གྱིས་ནོར་འཁྲུལ་མང་དུ་བསྐྱེད་པ་མཐོང་ནས་བཀོད་པ་ཡིན།
སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡུ་ཐོག་རྙིང་མ་ཐོག་རྒྱུས་ཐོག་བྱོན་པ་ཞལ་གྱིས་བཞེས།
ཡང་ཐུབ་བསྟན་ཕུན་ཚོགས་ཀྱིས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཡུ་ཐོག་རྙིང་མ་ཁས་མི་ལེན་པའི་རྒྱུ་མཚན་དུ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཡུ་ཐོག་རྙིང་མའི་རྣམ་ཐར་བཀའ་རྒྱ་མ་ལ་སྐྱོན་བཙལ་ནས། “ཁོག་དབུབ་ལས།རྣམ་ཐར་དེ་གསུང་རབ་སྤྱི་དང་མི་མཐུན།རྩ་རྒྱུད་དང་འགལ།བོན་པོའི་ཟེར་སྒྲོས།རིག་བྱེད་གཏམ་རྒྱུད་ལྟ་བུ་ལས་ཡིད་བརྟེན་དུ་རུང་བ་དཀའ།”ཞེས་ལུང་ཚིག་ཁོལ་ཆོད་བྱས་འདུག་པ་ནི་རང་གི་དེ་ཉིད་བསྟན་པ་ཙམ་དེ། ལུང་གི་མགོ་མཇུག་ཞིབ་ཏུ་མ་བཀླགས་པའམ། རང་ལ་དགོས་པའི་ཚིག་གཅིག་བཅད་གཏུབ་བྱས་པ་ཙམ་དེ། ཞིབ་ཏུ་བསམ་ན་ཁོག་དབུབ་ཏུ་འདིའི་སྐོར་ཅི་ཞིག་ལ་བཤད་པའི་སྤྱི་བབ་ཙམ་ལ་ཡང་ཐུགས་རྟོག་མ་ཞུགས་པའམ། ཆེད་དུ་བསྙོན་བྱས་པ་ལས་མ་འདས་ཏེ། རྣམ་ཐར་འདི་གཡུ་ཐོག་གསར་མའི་མེས་པོ་གང་ནས་བྱུང་བཤད་པའི་ཆེད་ཡིན་པ་ལས། གཡུ་ཐོག་རྙིང་མ་ཕེབས་མིན་སོགས་འདིར་བཤད་ཀྱི་མེད་ལ། ཁོག་དབུབ་ལ་ཞིབ་དཔྱད་གནང་ན་གཡུ་ཐོག་རྙིང་མ་ཕེབས་ཡོད་པ་གསལ་བོར་ཞལ་གྱིས་བཞེས་འདུག་སྟེ། གོང་དུ་ཐུབ་བསྟན་ཕུན་ཚོགས་ཀྱིས་བཀོད་པའི་ལུང་དུམ་དེའི་མཇུག་ནས་བཅད་ཟིན་པའི་འང་སྒྲ་དེ་དང་དེ་མ་ཐག་གི་ཚིག་ལ་བསམ་བློ་ཞིག་ཐོང་དང་། གོང་གི་འང་སྒྲ་དེ་དང་དེ་མ་ཐག་གི་ཚིག་འདི་ཚོ་ཁྱེད་ཀྱི་ཐུགས་ལ་གཟན་ནས་དོར་བའམ་སྤྱན་བར་ནས་བརླགས་པ་གང་ཡིན་མ་ངེས་ཀྱང་། ཁོག་དབུབ་དུ་ལོ་རྒྱུས་འདི་དག་ཏུ་“དམ་པ་ཏོག་དཀར་མི་ཡུལ་དུ་ཕེབས་པ་དང་སངས་རྒྱས་གསེར་ཐུབ་ཀྱི་དུས་ནས་བོད་ཡུལ་ཆགས་ཟིན་པ་དང་།སྲིན་པོའི་རྒྱལ་པོར་མགོ་ཉི་ཤུ་རྩ་གཅིག་ཡོད་པ་སོགས་གསུང་རབ་སྤྱི་དང་མི་མཐུན་ཅིང་།རྡོ་རྗེ་གདན་ནས་དཔག་ཚད་གཅིག་དང་རྒྱང་གྲགས་གཅིག་གི་སར་གྲོང་ཁྱེར་སྤོས་ངད་ལྡན་དང་ཐུག་པ་དང་།ཕྱོགས་བཞིའི་རི་རྣམས་དཔག་ཚད་ལྔ་བརྒྱ་ཙམ་གྱི་ཕ་རོལ་ན་ཡོད་པའང་གསོ་དཔྱད་རྩ་རྒྱུད་དང་འགལ་ལ།ལྷ་མིའི་རྒྱུད་ལམ་ལ་རྨུ་ཡི་ཐག་པ་ཡོད་པ་གཡུང་དྲུང་བོན་གྱི་ཟེར་སྒྲོས་དང་།ཅི་འདོད་འགྲུབ་པའི་འཁོར་ལོ་སོགས་རིག་བྱེད་ཀྱི་གཏམ་རྒྱུད་ལྟ་བུ་སོགས་ཡིད་བརྟན་རུང་བ་དཀའ་ནའང་།དུང་གི་ཐོར་གཙུག་མན་ཆད་དོན་ལ་གནས་པས་ན་གོང་དུ་སྨོས་པ་བློ་གྲོས་བཤེས་གཉེན་གྱི་སྲས་འདྲེ་རྗེ་རྒྱ་གར་རྡོ་རྗེ་ཡུལ་སྟོད་ལུང་སྣར་སྨན་དཔྱད་ཀྱིས་འགྲོ་དོན་སྐྱོང་བཞིན་བཞུགས་པ་ལས།” ཞེས་སོགས་བཞིན་གཡུ་ཐོག་པ་ཡོན་ཏན་མགོན་པོའི་རྣམ་ཐར་བསྟན་ཡོད་པ་ཧ་ཅང་གསལ་བ་ལ།ཐུབ་བསྟན་ཕུན་ཚོགས་ཀྱིས་གོང་གི་དུང་གི་ཐོར་གཙུག་མན་དོན་ལ་གནས་ཞེས་པ་ཅི་ཕྱིར་མ་དྲངས་པ་ཡིན།དུང་གི་ཐོར་གཙུག་མན་ལ་དོན་ལ་གནས་པར་ཞལ་གྱིས་བཞེས་པ་འདིས་གཡུ་ཐོག་པ་ཡོན་ཏན་མགོན་པོ་བཙན་པོའི་དུས་སུ་ཕེབས་པ་དང་ཁོང་གི་མཛད་ཕྲིན་ཚང་མ་སྡེ་སྲིད་ཀྱིས་ཞལ་བཞེས་གནང་པ་ཧ་ཅང་གསལ་བས་མངོན་སུམ་ལ་བསྙོན་མཁན་སུ་ཡིན་གསལ་བོ་མིན་ནམ།སྤྱིར་ཡང་གཞུང་ལུགས་ཤིག་གི་ནང་སྐྱོན་གནད་འགའ་ཡོད་པ་བསྟན་པ་ཙམ་གྱི་གཞུང་དོན་ཧྲིལ་བོར་དོར་བ་སུ་ཡིས་ཁས་ལེན།དེ་ཡང་ཧྲིལ་གྱིས་དོར་བ་དང་ཧྲིལ་གྱིས་ལེན་པ་རྣམ་དཔྱོད་ཅན་གྱི་ལས་མ་ཡིན་གསུངས་པ་ཅི་ལ་མི་བདེན།སྤྱིར་ཡང་ལྷ་སྒྲུང་དང་བཤད་སྒྲོས་མ་དག་པའི་སླད་གཅིག་ཀྱང་མ་ཞུགས་པའི་གནའ་བོའི་བོད་ཀྱི་ལོ་རྒྱུས་ཞིག་རྙེད་དཀའ་བས།སྔ་རབས་བོད་ཀྱི་ལོ་རྒྱུས་ནང་བཤད་ཚད་བྱུང་མ་མྱོང་བའམ་རྫུན་མ་ཉིད་དུ་སུ་ཡི་ཁས་ལེན་ནམ།མདོར་ཧྲིལ་ན་སྡེ་སྲིད་ཀྱིས་དུང་གི་ཐོར་གཙུག་ཅན་མན་གྱི་ལོ་རྒྱུས་དོན་ལ་གནས་པར་གསུངས་པས་གཡུ་ཐོག་རྙིང་མ་ལོ་རྒྱུས་ཐོག་བྱོན་པའི་མི་སྣ་ཞིག་ཡིན་པ་ཞལ་བཞེས་མཛད་ཡོད་པ་འདི་ཡིན།ལུང་ཚིག་ཁོལ་ཆོད་བྱས་ནས་ཧམ་པ་བཤད་པ་ལོ་རྒྱུས་དངོས་གཙོ་སྨྲ་བ་ལྟ་ཅི། ཀློག་པོ་ཚད་ལྡན་ཞིག་གི་ལས་ཙམ་ཡང་མིན་པ་ཤེས་དགོས།
ད་དུང་དེ་ལས་ཀྱང་གསལ་བ་ནི། སྡེ་སྲིད་ཀྱི་ཁོག་འབུབས་ལས།“གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ནི། འདྲེ་རྗེ་རྒྱ་རག[གར་]ཀ་བ་འཕྲང་གི་གདུག་འདྲེས་བུད་མེད་གཡུ་རྒྱན་མཆོར་བའི་རོ་ལས་དངོས་གྲུབ་བྱིན་པ་སོགས་གཏམ་རྒྱུད་སྔ་མ་ལྟར་འཆོས་པ་འདུག་སྟེ།བླུན་པོ་ཞིག་གིས་ཞྭ་དཔེ་ལྷམ་འགེབས་ཀྱིས་ལེགས་པར་མ་མངོན།” ཞེས་གཡུ་ཐོག་སྔ་ཕྱིའི་གཏམ་རྒྱུད་འདྲེས་པ་ལ་བཀའ་བཀྱོན་གནང་འདུག་པ་འདིས་ཀྱང་།གཡུ་ཐོག་རྙིང་མ་ཞལ་གྱིས་བཞེས་པ་ཙམ་དུ་མ་ཟད། དེའི་གཏམ་རྒྱུད་ཕྱི་མ་ལ་འདྲེས་པར་དགག་པ་གནང་བ་འདིས་ཀྱང་གསལ་ལོ། །
སྔ་རབས་ལོ་རྒྱུས་ཞིབ་ཏུ་མ་བཀླགས་ཤིང་།།
རང་ཕྱོགས་ཁོ་ནའི་རྗེས་སུ་འབྲངས་པ་འདི།།
ལོ་རྒྱུས་དངོས་གཙོ་སྨྲ་བའི་སྲོལ་མིན་པས།།
ད་དུང་གནའ་བོའི་ཡིག་ཚང་ཞིབ་ཏུ་ཀློགས།།
- གཡུ་ཐོག་པ་ཆེན་པོའི་གསུང་རྩོམ་གྱི་སྐོར་དར་མོའི་བཀའ་རྒྱ་མ་ལས་བྱུང་བ་ལྟར་ན།
- རིག་གནས་ཕྱི་ནང་ཞེས་པའི་གཞུང་ལ་ལེའུ་སོ་གསུམ།
- དེའུ་སྐོར་ཕྱི་ནང་གསང་གསུམ་ལ་ལེའུ་ང་ལྔ།
- རིག་པའི་གནས་མཆོག་བཅོ་བརྒྱད་འགྲེལ་བ་ཁ་སྐོང་དང་བཅས་པ།
- རྒྱུད་འགྲེལ་སྟོང་རྩ་གཅིག་ལ་ལེའུ་སྟོང་དང་སུམ་བརྒྱ།
- མན་ངག་ཕན་བྱེད་དང་གནོད་བྱེད་ཀྱི་གཞུང་ཕྲན་ཤིན་ཏུ་མང་ངོ་།
- དམར་འདེད་ཀྱི་མན་ངག་ལ་ལེའུ་བརྒྱ་དང་དགུ་བཅུ།
- རོ་བཀྲ་འཕྲུལ་གྱི་མེ་ལོང་ལ་ལེའུ་ཉེར་ལྔ།
- བྱང་ཁོག་གསང་དབྱེ་ལ་ལེའུ་བརྒྱད།
- ཐུར་དཔྱད་གནད་ཀྱི་ལྡེ་མིག་ལ་ལེའུ་སོ་ལྔ།
- མངོན་ཤེས་གནད་ཀྱི་འཕྲུལ་འཁོར་ལ་ལེའུ་བཅོ་ལྔ།
- གསང་ཐིག་རིན་ཆེན་སྒྲོན་མེ་ལ་ལེའུ་བཅོ་བརྒྱད།
- ནག་རྩིས་འཁོར་འདས་གཏན་འབེབས་ལ་ལེའུ་བརྒྱ་ཉི་ཤུ།
- འབྲས་རྩིས་ལ་ལེའུ་ཉེར་ལྔ། དཀར་རྩིས་རི་བོ་རྡུལ་འབེབས་ལ་ལེའུ་དྲུག་ཅུ།
- རྒྱུད་བཞིའི་ཐེམ་ཡིག གབ་པ་གསལ་བྱེད།
- ཐོ་བྱང་།
- རྒྱུད་ཀྱི་ཁ་སྐོང་།
- དཀར་ཆག
- ཆ་ལག
- མེ་བཙའ་མདོ་ཆོད་ནག་པོ།
- གཏར་ཁ་ལག་ལེན་འཕྱུགས་མེད།
- གྱེན་འདྲེན་ལྕགས་ཀྱུས་ཉ་འཛིན།
- ཐུར་འབེབས་རི་བོ་རྦབ་སྒྲིལ།
- ཉམས་ཡིག་མཐོང་བ་དོན་ལྡན།
- ཁྲིད་ཡིག་བརྒྱ་དང་ཉེར་གཅིག
- ནད་པ་ལ་གཅེས་པ་སྲོག་འཚོ་དཔལ་སྐྱེད་ཀྱི་གདམས་པ།
- སྨན་པ་ལ་གཅེས་པ་བསྐྲད་པ་ལྔ་ལྡན་གྱི་གདམས་པ།
- གཞན་ཡང་ཕྲན་ཚེགས་མན་ངག་གི་གཞུང་ཕྲན་མང་བོ་ཡོད་པ་ལ་སོགས་པའི་གཞུང་ཤིན་ཏུ་མང་བོ་མཛད་གསུངས་སོ།། །།
སྨོན་ལམ་ཚིག་མཛོད་ཆེན་མོའི་སྤྱི་སྒྲིག་པ་འཇུ་བསྟན་སྐྱོང་གིས་ཕྱི་ལོ་༢༠༡༦ཕྱི་ཟླ་༦ཚེས༢༠ལ་རྡ་རམ་ས་ལ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་ནས་བྲིས།
བཀླགས་ཡོད། ཧ་ཅང་ཡག་པོ་བྲིས་གནང་འདུག
་་་་་་་་ བོད་ཀྱི་སྨན་པ་ལ་སྔ་བ། རྒྱལ་པོའི་བླ་སྨན་དུ་བསྐོས་པ་དགུ་དང་། དར་བྱེད་ཀུན་ཏུ་གྲགས་པའི་སྨན་པ་བཞི་བཅུ་རྩ་ལྔ་ལ་སོགས་པ། སྨན་པ་མཁས་པར་གྲགས་པ་དགུ་བཅུ་རྩ་གཉིས་བྱུང་རབས་ལས་སོགས་རྒྱས་བཤད་ཟུར་དུ་གསལ་་་་་་་་
གཡུ་ཐོག་རྙིང་མ་ཡོད་པར་སྒྲུབ་མཁན་དང་མེད་པར་སྒྲུབ་མཁན་དེང་གི་རྩོད་མཁན་ཚང་མར་ཡིད་ཆེས་འཕེར་བ་མིན་འདུག ཁྱེད་ཚོའི་རྩོད་པ་འདི་ཞིབ་འཇུག་དང་དངོས་ཡོད་བདེན་འཚོལ་གྱི་ལག་ལེན་མ་ཡིན་པར། ཆོལ་ཁ་དང་། ཆོས་ལུགས་ཀྱི་འཐེན་འཁྱེར་སྙིང་གཏིང་ལ་བཞུགས་ནས་སྤེལ་བཞིན་འདུག
ཁྱེད་ཚོའི་ཞིབ་འཇུག་དེ་འཆལ་ཡན་གྱི་ཞིབ་འཇུག་རེད་ཟེར་དགོས་དོན་ནི། ཁྱེད་ཚོས་ཤོག་ལྷེ་རྐང་གཅིག་འཁྱེར་ཡོང་ནས་གཡུ་ཐོག་པ་ཡོད་ཟེར་བ་དང་། གཅིག་ཤོས་ཀྱིས་ཤོག་ལྷེ་གཞན་པ་ཞིག་འཁྱེར་ཡོང་ནས་མེད་ཟེར། འདི་ཞིབ་འཇུག་པ་མ་རེད། དེ་གཞན་གྱི་རྗེས་བྲང་པ་རེད། ཡོད་ཟེར་མཁན་དང་མེད་ཟེར་མཁན་གཉིས་ཀར་ཤོག་ལྷེ་རེ་གཉིས་ལས་སྟོན་རྒྱུ་མིན་འདུག
ཞིབ་འཇུག་གཏིང་ཟབ་བྱེད་མཁན་ཡིན་ན། ཡོད་ཟེར་མཁན་དེ་དག་གི་དཔེ་རྙིང་ཤོག་བུ་དེ་དག་འཕྲུལ་འཁོར་ནང་བཏང་ནས་ཤོག་བུའི་ལོ་ཚད་བཙལ་དགོས། སྣག་ཚའི་ལོ་ཚད་བཙལ་དགོས།
གཡུ་ཐོག་རྙིང་མ་དབུས་པ་དང་གཡུ་ཐོག་གསར་མ་གཙང་པ་ཡིན་པ་འདྲ།
འདི་གཉིས་ལ་གཡུ་ཐོག་ཟེར་དགོས་དོན་ཅི་ཡིན་ནམ། མི་ཚང་དང་ཁྱིམ་བརྒྱུད་གཅིག་ཡིན་ནམ། འདི་གཉིས་ལ་འབྲེལ་བ་ག་རེ་ཡོད་མེད་གསུང་རོགས།
ཨ་ཙི་ལ་་་་་་་་་་་་གཡུ་ཐོག་གསར་རྙིང་ཡོད་མེད་ཀྱི་རྩོད་པ་དེ་དབུ་མ་དང་རང་བཙན་ནང་བཞིན་འདུག་་་་་་་་་་་་་་
གངས་གཞོན་ཟེར་བར། འུར་མ་ཤོད། གཡུ་ཐོག་རྙིང་མ་ཞུ་བ་བྱུང་ཡོད་མེད་ཞིབ་འཇུག་གི་ལམ་ནས་ཐག་ཆོད་འགྲོ་བའི་བགྲོ་གླེང་སྙན་འཇེབས་ལྡན་པ་འདི་ལ་དབུ་རང་གི་སྐོར་འཁྱེར་ཡོང་དོན་གང་ཡིན་ནམ། ལར་ནས་དབུ་མ་དང་རང་བཙན་གྱི་རྩོད་པ་ཟེར་བ་ཚབས་ཆེ་མདོག་ཅིའི་ཕྱིར་ཤོད་ཀྱིན་ཡོད། རང་བཙན་ནི་དངོས་ཡོད་གནས་ཚུལ་ཆ་ནས་བོད་རང་བཙན་རེད། དབུ་མ་ནི་དགོས་དབང་གིས་གཏན་ལ་ཕབ་པའི་ཁྲིམས་ཤིག་རེད། དེ་གཉིས་ལ་རྩོད་པ་རྒྱབ་་མཁན་ནི་ཀླད་སྟོང་ཁ་ཤས་ཡོད་པ་དེ་ཚོ་རེད།
གོ་ཐོས་ལ་གཡུ་ཐོག་རྙིང་མདེ་བོན་པོ་དང་གསར་མ་དེ་རྙིང་མ་རེད་ཟེར། དེའི་སྐོར་གསུངས་རོགས།
ཨ་ཁུ་འབྲོག་པ་ལ་བཤད་རྒྱུ་ཡོད་པ་འདྲ། མཁས་དབང་ཨ་ཁུ་འབྲོག་པ་ལགས་གསུངས་རོགས། ཁྱེད་ཀྱིས་གཡུ་ཐོག་གསར་རྙིང་སྐོར་ག་ཚོད་ཙམ་ཤེས་ཀྱི་ཡོད་མེད་ངས་བལྟས་ཆོག་་་་་་་་་་་་་་་་
གངས་གཞོན་ལགས། གཡུ་ཐོག་གསར་རྙིང་སྐོར་མཁས་པའི་བགྲོ་གླེང་གནང་དང་གནང་བཞིན་པ་འདི་ལེགས་པར་ཉོན། ངས་ག་ཚོད་ཤེས་མིན་ཁྱེདརང་་ལ་རྒྱུགས་འབུལ་དགོས་དོན་མེད།
ཨ་ཁུ་འབྲོག་པ་ཡིག་རྒྱུགས་མ་ཕུལ་བའི་རྟགས་ནི་་་་་་་མ་ཤེས་པ་་་་་་སྒྱིད་ལུག་པ་་་་མ་རྟོགས་པ།་་་་་ལོག་པར་རྟོགས་པ་་་་་་་་ནད་གཅོང་་་་་་འ་ཆད་འུ་ཐུག་པ་ཡིན་གྱི་རེད་་་་ཧཧཧཧ