ལ་དྭགས་བློ་བཟང་འཇམ་དཔལ་གྱིས།
——————-
བོད་རིག་གཞུང་ས་སྟེང་དུ་ལུས་པ་ལ་བོད་སྤྱིའི་སྐད་དེ་མེད་མི་རུང་བ་ཡིན་འདུག བོད་ཀྱི་རིག་གཞུང་ཆེད་དུ། སྐུ་འདས་གྲོངས་སུ་གྱུར་པ་རྣམས་ཀྱི་ཡིད་སྨོན་འགྲུབ་ཕྱིར། རྗེ་རིན་པོ་ཆེའི་སྙན་དངགས་འདི་གློག་ཀླད་དུ་བཅུག འདི་ལ་ཀློག་པ་པོ་རྣམས་ཀྱིས་ཞུས་དག་མཛོད། བོད་རིག་གཞུང་ལ་ཕན་པའི་རྒྱུར་འགྱུར་བའི་རེ་སྨོན་ཡིན། ༼གཤམ་གསལ་འབྲེལ་ཐག་ན་རྟག་ངུའི་རྟོགས་བརྗོད་མཆན་དང་བཅས་པ་བཞུགས།༽
rtag tu ngu
མཁས་དབང་ལ་དྭགས་པ་བློ་བཟང་འཇམ་དཔལ་མཆོག སྐུ་ཉིད་ནས་རྟག་ཏུ་ངུའི་རྟོགས་བརྗོད་མཆན་དང་བཅས་པ་གློག་ཀླད་དུ་བཅུག་པ་མཇལ་བ་ཧ་ཅང་སྤྲོ་སྣང་འཕེལ། ད་ལྟ་ཞིབ་པར་མཇལ་མ་ཁོམ་ཡང་རྗེས་སུ་མཇལ་ཐུབ་པ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། སྐུ་ཉིད་ལ་དོགས་འདྲི་ཞིག་འབུལ་རྒྱུར། དེང་དུས་བྲིས་པའི་ཡི་གེ་མང་པོ་ཞིག་གི་ནང་། འཛིན་བཟུང་། འགྲོ་བསྐྱོད། རྩོམ་བྲིས། འབུལ་བསྐུར། ལྟ་བུ་བྱ་ཚིག་ཉིས་ཟློས་མང་ཞིག་སྣང་བ་དང་ཉིད་ཀྱིས་ཀྱང་། སྐུ་འདས་གྲོངས་སུ་གྱུར། ཞེས་བྲིས་འདུག་པ་རྣམས་ལ། རིམ་པ་བཞིན། བོད་དུ་རྒྱ་མིས་བོད་མི་ཞིག་བཟུང་པ་རེད། ཅེས་དང་། ང་བོད་དུ་བསྐྱོད་ཀྱི་ཡོད། ངས་བསྟན་བཅོས་རྩོམ་གྱི་ཡོད། ཡི་གེ་ཞིག་བསྐུར་ཡོད་དམ། འབུལ་གྱི་ཡོད། མི་ཞིག་འདས་སམ་གྲོངས། ཞེས་བྲི་ན། སྔོན་གྱི་བརྡ་སྤྲོད་པའི་ལུགས་དང་མཐུན་ཞིག་དག་པར་མི་འགྱུར་རམ། ཞེས་དང་། ད་དུང་ཉིད་ཀྱིས་བོད་སྤྱིའི་སྐད་དེ་མེད་མི་རུང་བ་ཡིན་འདུག ཅེས་པ་ལྟ་བུའི་ཡིན་གྱི་མཇུག་ཏུ་འདུག ཅེས་པ་བསྣན་པར་དགོས་པ་ཅི་ཞིག་ཡོད་ཅེས་ཞུ་བ་ལགས།
ང་སྔོན་མར་ལོ་ཆུང་འབྲོག་བཙུན་ཡིན་དུས་འབྲོག་པ་ཚོར་རིམ་གྲོའི་ཆེད་དུ་བརྒྱད་སྟོང་པ་འདི་ཀློག་གི་ཡོད། ངས་དཔྱིད་ཉི་རིང་པོ་གཅིག་ལ་བརྒྱད་སྟོང་པ་ཚར་རེ་བཀླགས་ནས་ཚར་ཐུབ་པས། ས་གནས་འབྲོག་པ་མང་པོ་ཞིག་ཁོ་བོ་ཀློག་འདོན་པར་སྐད་གཏོང་རྒྱུར་དགའ་བོ་ཡོད། ང་ཚོའི་ས་ཆའི་བརྒྱད་སྟོང་པ་དེ་ཆབ་ཆ་དང་སྐུ་འབུམ་བླ་བྲང་གང་གི་པར་མ་ཡིན་མི་དྲན་ཡང་། བརྒྱད་སྟོང་པ་དེའི་མཇུག་ཏུ་རྗེ་ཙོང་ཁ་པས་མཛད་པའི་རྟག་ངུའི་རྟོགས་བརྗོད་སྙན་ངག་གི་རྒྱན་ཕུན་སུམ་ཚོགས་པས་སྤྲས་པ་འདི་བཞུགས་འདུག་ཅིང་། ཁོ་བོས་རང་གི་ཤེས་ཚོད་ཀྱིས་གོ་བ་རེ་བླངས་ནས་ཀློག་ཐེངས་རེ་རེར་སེམས་ཁམས་ཧྲིལ་བོ་སྙན་ངག་གིས་བཟི་འགྲོ
རྗེ་རིན་པོ་ཆེས།
དེ་ལྟར་རྨད་དུ་བྱུང་བ་ཡི། །
ལུགས་བཟང་དེ་ཡང་མི་མཁས་པའི། །
སྐྱེས་བོས་བལ་བ་ཛ་བཞིན་དུ། །
རྣམ་པ་ཀུན་ཏུ་འཛིངས་པར་བྱས། །
ཡང་།
འཇམ་དཔལ་དབྱངས་ལ་ཤུགས་དྲག་རྒྱུན་རིང་གི །
དད་པ་བརྟན་པོས་གཞུང་ལུགས་གདམས་པ་རུ། །
འཆར་ཕྱིར་གསོལ་བཏབ་རྒྱུ་ཚོགས་ཀུན་ལ་འབད། །
ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །
བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །
སྐུ་ཞབས་ལ་དྭགས་འཇམ་དཔལ་ཁྱེད་ཉིད་སྔོན་མ་ཝར་ཎའི་མཐོ་སློབ་ཀྱི་སློབ་ཟུར་ཞིག་ཡིན་ཚོད་འདུག ལས་དོན་ཞིག་གི་ཆེད་དུ་སྐུ་ཉིད་འབྲེལ་བ་ཞུ་དགོས་ཀྱང་ཁ་བྱང་མ་རག་པས་སྐུ་ངལ་མེད་ཚེ་གཤམ་གྱི་ཁ་བྱང་ཐོག་སྐུ་ཉིད་ཀྱི་ཁ་བྱང་ཞིག་གནང་རོགས་རྒྱུ་ཡིན།
sangey88@hoo.com
རྒན་ལ་དྭགས་པ་ལགས། རྒྱལ་སྲས་རྟག་ཏུ་ངུའི་རྟོགས་བརྗོད་མགོ་ནས་ཚར་གཅིག་ཀློག་ཚར་བ་ཡིན། སྐབས་སྐབས་སུ་ཀློག་གི་ཡིན། །རྟོགས་བརྗོད་འདི་དུས་རབས་བརྒྱད་པའི་ནང་ལ་བོད་ཡིག་ཐོག་ཏུ་ཐོག་མར་བསྒྱུར་བ་ནས་བཟུང་རྗེ་ཙོང་ཁ་བའི་བར་དུ་སྙན་ངག་གི་ལམ་ནས་རྟོགས་བརྗོད་འབྲི་ཐབས་ཧ་ལམ་མ་བྱུང་བ་འདྲ། སྒྲ་རྒྱན་དང་དོན་རྒྱན་་གྱིས་སྤུད་པའི་རྟག་ངུའི་རྟོགས་བརྗོད་འདི་ལ་ཕུལ་དུ་བྱུང་བའི་སྙན་ངག་གི་སྤྱོད་ཐབས་དམིགས་བསལ་ཁྱད་པར་ཞིག་འདུག །
དྲི་མེད་ལྷག་བསམ་མཆོག་ནས་བསྐུར་པར་ལན་བྲིས་ཀྱང་། སྐབས་དེར་དེ་མ་ཐག་ཏུ་གཏོང་མ་ཐུབ་པར་ལུས། ད་ལན་ཕུལ་པར་ཁྱེད་ཀྱིས་གཟིགས་པར་མཛོད།
༢༡༽ དྲི་མེད་ལྷག་བསམ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༨ གི་ཆུ་ཚོད་ ༡ སྐར་མ་ ༢༦
རྒན་ལ་དྭགས་པར་ཐུགས་རྗེ་ཆེ་ཞུ། ཡང་སྐྱར་བཀའ་འདྲི་ཅུང་ཟད་ཞུ་རྒྱུ། བཀའ་གདམས་གསུང་སྒྲོས་ཁག་ལས། ཐར་པའི་རྒྱུ་[གྲུང་པོ ] སྐད་ཅིག་ལ་[ཁྲུང་ ]གིས་སྐྱེ། དེའི་ནང་ཏུ་[གསེབ་ཚེགས་]སུ་གཏོང་། ལྕགས་ཀྱི་བུམ་པའི་ནང་དུ་[ འཚེད་]ཅིང་བཙོད། མཚོན་ཆ་རྣོན་པོས་[འགྲ་]བ་དང་། དམྱལ་བ་[ཁྲུ་བ་]འདྲ་བ། ཞར་བ་རང་[འབྲོགས] བྱིན་པ་ནི་རྟ། [སྣལ]མ་ནི་ལྕག་ཏུ་བྱས། ལྷོ་[སླན]བྱང་བཀུག ཁྲམ་དང་[གྱ་སྐོར་]བྱེད་པ། སྡིག་རྐྱེན་ཏུ་འགྲོ་ན་[ཁྱེ་ཡིས་]གྱོང་མི་བསུབས། ཐོས་མ་ཐག་ཏུ་[བཅག་སྟེ་]ཟློག་དགོས། ཁྲིད་[བླ་བ]དང་མྱོང་བ་རྙེད་[བླ་བའི]དགོས་པ་ཡོད། སོགས་སྔར་ཞུས་པ་ལྟར་ཀུག་རྟགས་སུ་བཀོད་པ་ཡིག་ནོར་དང་འབྲི་སྲོལ་གཞན་ཆ་མ་འཚལ་པ་དང་། [ རིག་རིག་ཏུར་ཏུར] ་ཟེར་བ་འདི་ལའང་ཚིག་འགྲེལ་ཞིག་བཀའ་དྲིན་མི་ཆུང་བར་ཞུ།
དྲི་མེད་ལྷག་བསམ་ལེགས། ཁྱེད་ཀྱི་དྲི་བ་ལས་བདག་རང་ལ་བློ་བསྐྱེད་བྱུང་།
[ཁྲུང་ ]གིས་སྐྱེ། བྱ་ཁྲུང་ཁྲུང་ཞེས་པ་ལྟར་ལེགས་ཀྱང་། ཀྲོང་ཀྲོང་། སོགས་ངག་སྒྲོན་དུ་ཡོད་པས། དཔྱད་དགོས། ་[གསེབ་ཚེགས་]སུ་གཏོང་། ཚེགས་ཡིན་ནམ་ཚོགས་ཡིན་ཆ་མ་རྟོགས། ཚེགས་ཞེས་པ་ལ་དྭགས་སུ་ཚགས་ཞེས་འདོན་ཀྱང་ཚེགས་ཞེས་དཀའ་བའི་དོན་དུ་མཐོང་། སྣལ་མ་སྣམ་བུ་སོགས་ཀྱི་དང་། རང་བཞིན་གྱི་དོན་རྣལ་མ་ལས་རྣལ་འབྱོར་ཞེས་པ་ཤིན་ཏུ་ལེགས། ལྷོ་[སླན]བྱང་བཀུག ཅེས་པའི་དོན་མ་གོ་ཡང་། སླན་ཆད་ཅེས་པ་ལྟ་བུ་མཐོང་། ཁྲམ་དང་[གྱ་སྐོར་]བྱེད་པ། དོན་མ་ཤེས། རྒྱ་སྐོར་ཞེས་མ་ཡིན་ནམ། [ཁྱེ་ཡིས་]གྱོང་མི་བསུབས། ཤེས་པར་ཁེ་ཞེས་གྱོང་གྱི་གོ་ལྡོག་ཕྱོགས། [བཅག་སྟེ་]ཟློག་དགོས། གཅོག་ བཅག་ གཅག་ ཆོག་འདས་ མ་འོངས་ བསྐུལ་ཚིག་གམ་སྨོན་ཚིག ཁྲིད་[བླ་བ]དང་མྱོང་བ་རྙེད་[བླ་བའི]དགོས་པ་ཡོད། འདིར་བླ་དང་སླ་གཉིས་ནོར་དོགས་ཡོད། བླ་ཞེས་བཟང་པོ་དང་། སླ་ཞེས་དཀའ་བའི་ལྡོག་ཕྱོགས། ཁྲིད་སླ་བ་དང་། རྙེད་སླ་བ་ལྟ་བུ། འོན་ཀྱང་། བདག་ནི་དེང་ཉིད་ཤི་ཡང་བླའི། ལོག་འཚོས་ཡུན་རིང་འཚོ་མི་རུང་། སོགས་ལ་བླ་ཞེས་དགོས། [བསྲངས་] སྲོང་ བསྲངས་ བསྲང་ སྲོངས[ རིག་རིག་ཏུར་ཏུར] མིག་རིག་རིག་དང་སེམས་ཏུར་ཏུར། ཞེས་པ་ལྟ་བུ་ཡིན་ནམ། སྙམ་ཁྱེད་རིག་གཞུང་ལ་དོན་གཉེར་ཅན་ཡིན་པར་བདག་བློར་གང་ཤར་ཞུས་པ་ལགས་ན། ནོར་འཁྲུལ་དག་ལ་དཔྱད་པར་མཇོད། དེ་རིང་འཛིན་གྲྭ་ཚོགས་པ་མེད་པས་ཁྱེད་ཀྱི་དྲི་བ་མཛད་པར་ལོང་ཐོབ།
མཁྱེན་ཡངས་བློ་བཟང་འཇམ་དཔལ་ལགས།
བདག་ལ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟག་ཏུ་ངུའི་རྟོགས་བརྗོད་ཆ་ཚང་བ་ཞིག་ཧི་གཟུགས་ནང་ཡོད་པས། གལ་ཏེ་དགོས་གལ་ཡོད་ན་བདག་གི་གློག་འཕྲིན་ཁ་བྱང་ losangden@gmail.com ཐོག་འབྲེལ་གཏུགས་གནང་དང་འབུལ་ཆོག་ལགས།
ལ་དྭགས་བློ་བཟང་འཇམ་དཔལ་ལེགས། རེ་བསྐུལ་ཞིག་ཞུ་འདོད་པ་བྱུང་། སྐུ་ཉིད་སྔོན་རྗེས་རིམ་པར་བོད་ཡུལ་དུ་སློབ་གཉེར་ཆེད་དུ་བསྐྱོད་པའི་སྐོར་ཁྱེད་ཀྱིས་བྲིས་པའི་མཆན་བུ་རྣམས་བཀླགས་པ་ལས་ཤེས་བྱུང་། བྱུང་ན་དེ་ཡི་སྐབས་སུ་རང་ཉིད་ཀྱིས་སློབ་གཉེར་གནང་སྟངས་ལས་འཕྲོས་པའི་ལ་དྭགས་དང་བོད་ཡུལ་དུ་མཐོང་ཐོས་མྱོང་གསུམ་གང་བྱུང་བ་རྣམས་སྒྲོ་བཀུར་ཀྱིས་མ་བསླད་པའི་དེབ་ཆུང་ཞིག་འབྲི་ཐུབ་ན་ཚང་མ་ལ་ཕན་པ་ཆེན་པོ་ཡོང་ས་རེད། དེ་བཞིན་ཁྱེད་སྐུ་ན་གཞོན་དུས་རང་ཁྱིམ་དུ་བོན་པོའི་སྐུ་རིམ་བྱེད་སྲོལ་ཡོད་པ་ཞིག་ཀྱང་གསུངས་སོང་བ་དེ་ཚོའི་སྐོར་ལ་ཡང་སྐུ་ཉིད་ཀྱིས་གང་མཁྱེན་པ་རྣམས་གནས་ཚུལ་ཁ་གསལ་པོ་ཞིག་འབྲི་གྲོགས་གནང་ཞེས་རེ་བསྐུལ་ཞུ་རྒྱུ་ཡིན། བཀའ་དྲིན་ཆེ།
བློ་བཟང་འཇམ་དཔལ་ལགས་ལ་སློབ་མ་མང་པོ་འདུག་ག
སྙན་དངགས་འདི་སྔོན་ནས་ཐེངས་མང་ཀློག་མྱོང་། འཇམ་དཔལ་ཟེར་བ་འདིས་ཡིག་ནོར་མང་པོ་དང་ལ་དྭགས་སྐད་མང་པོ་བླུགས་ཡོད་པར་འདོད་པས། ཀློང་སྙིང་མ་བྲོའོ།།
དགོངས་དག་ཞུ།
སྙན་ངག་སྙན་པོ་འདུག དུས་གསུམ་མགོ་རྙོག་ཆེ། འདི་ཚོར་སྐྱར་དུ་གཟིགས། བསམ་ཚུལ་རྗེས་སུ་གླེང་། ད་ལྟ་དུས་ཚོད་མེད།
རྙེད། བརྙེས། བརྙེད། རྙེས།
བགོ བགོས བགོ བགོ
འགྲུབ གྲུབ འགྲུབ གྲུབས
འཇུག ཞུགས འཇུག ཞུགས
འགྲོལ གྲོལ འགྲོལ གྲོལ
ལང ལངས ལང ལོངས
བརྟ བརྟས བརྟ རྟས
རྒྱ རྒྱས རྒྱ རྒྱས
རྒལ བརྒལ བརྒལ རྒོལ
འགོད བཀོད དགོད འགོད
འདོགས བཏགས གཏགས ཐོགས
རྩེ རྩེས རྩེ རྩེས
འཇུ བཞུ བཞུ ཞུས
དགོད བགད བགོད དགོད
བདལ བདལ བདལ བདོལ
འཇིག བཤིགས གཤིག ཤིགས
ལྟུང ལྟུང ལྟུང ལྷུངས
འགེབས བཀབ དགེབ ཁོབ
འགག འགགས འགག འགགས
རྙེད་བརྙེས་གཉིས་ཀ་དོན་དག་གཅིག་པ་མིན།།
རྙེད་ནི་ལོན་པ་བརྙེས་ནི་གོ་འཕང་བརྙེས།།
དངོས་པོ་བགོ་བྱ་བགོད་བྱེད་བགོས་བགོས་ཤིག།
གོ་ཆ་བགོ་བྱ་བགོ་བྱེད་བགོས་བགོས་ཤིག།
འགྲུབ་ནི་བྱེད་མེད་ཡིན་ཕྱིར་སྐུལ་ཚིག་མེད།།
གྲུབས་ཞེས་སྐུལ་ཚིག་ཁྱེད་ཀྱིས་གང་ནས་རྙེད།།
འཇུག་ནི་བྱེད་འབྲེལ་ད་ལྟ་ཞུགས་བྱེད་མེད།།
དཔེར་ན་གཞུག་བྱ་འཇུག་བྱེད་བཅུག་ཆུག་ཅིག།
འགྲོལ་དང་གྲོལ་ཡང་གོང་གི་འདི་དང་འདྲ།།
དཔེར་ན་དགྲོལ་བྱ་འགྲོལ་བྱེད་བཀྲོལ་ཁྲོལ་ཅིག།
བརྟ་བརྟས་བྱེད་མེད་སྐུལ་ཚིག་རྟས་བྲིས་ནོར།།
རྒྱས་ཀྱི་མ་འོངས་ད་ལྟ་རྒྱ་འབྲི་བ།།
ཡོངས་གྲགས་མིན་ལ་ལན་པོ་མིན་པས་སྤོངས།།
རིགས་པས་རྒོལ་གྱི་ད་ལྟ་རྒལ་བྲིས་ནོར།།
བཀོད་ཀྱི་སྐུལ་ཚིག་འགོད་ཚབ་ཁོད་ཕྲིས་ཤིག།
རྩེས་ཀྱི་ད་ལྟ་རྩེ་མིན་རྩེད་ཡིན་ནོ།།
འཇུ་དང་བཞུ་གཉིས་མཉམ་དུ་བྲིས་པ་མཚང་།།
བྱེད་འབྲེལ་བཞུ་བྱ་བཞུ་བྱེད་བཞུས་བཞུས་ཤིག།
འཇུ་ནི་བྱེད་མེད་ཞུ་བའི་དོན་ཅན་ཡིན།།
བགད་ཚབ་བགོད་བྲིས་དགོད་ཁ་ང་ལ་བསླངས།།
འཇིག་གི་མ་འོངས་གཞིག་ཡིན་བཤིག་བཤིགས་འདས།།
ལྟུང་ནི་བྱེད་མེད་སྐུལ་ཚིག་ལྷུངས་བྲིས་ནོར།།
བཀབ་ཀྱི་མ་འོངས་དགབ་ཡིན་དགེབ་མ་འབྲི།།
འགག་ཀྱང་བྱེད་མེད་སྐུལ་ཚིག་འགགས་བྲིས་ནོར།།
བྱེད་མེད་ཡིན་ཡང་བྱེད་ལས་ཙམ་འབྲེལ་བའི།།
དངོས་པོ་བདག་ལ་འཇུག་པ་འགྲོ་བ་དང་།
རྟ་ལས་བབས་པ་སྐྱིད་པོར་ཉལ་བ་སོགས།།
སྐུལ་ཚིག་སོང་བོབས་ཉོལ་གྱིས་བྲིས་པ་དག།
ཁྱེད་ལ་ཁུངས་ལུང་གཉིས་ཀ་ཡོད་སྲིད་ཀྱང་།།
ང་ལའང་ཁུངས་ལུང་མེད་པར་བཤད་པ་མིན།།
ཁུངས་ལུང་ཡོད་ཀྱང་ཡོངས་གྲགས་མིན་པ་དང་།།
ལན་པོ་མིན་དང་སྐད་དང་ཆེས་འགལ་ན།།
སྙིང་སྟོབས་ཆེན་པོས་འདོར་བར་འོས་པ་ཉིད།།
ད་རུང་དུས་གསུམ་རྣམ་གཞག་གཞན་ནང་ཡང་།།
ལན་པོ་མིན་པ་དུ་མ་མཐོང་མོད་ཀྱང་།།
འདི་ཙམ་དཔྱོད་ལྡན་རྣམས་ཀྱི་སྤྱན་སྔར་ཕུལ།།
ཐུབ་པ་ཟེར་བ་སོགས་ལ་འདི་ལྟར་སྨྲ་དགོས་པར་མཐོང་། ངས་ག་དུས་ཡིན་ཀྱང་། བཀའ་བསྟན་གསུམ་འབུམ་བཅས་ཀྱི་དག་ཆ་རྣམས་གཞིར་བཟུང་། དེ་དག་གི་རྒྱབ་རྟེན་དུ་ལ་དྭགས་ཁ་སྐད་དུ་ཡང་འདི་ལྟར་ཡོད་ཅེས་པ་མ་གཏོགས་ནམ་ཡང་བཀའ་བསྟན་གསུང་འབུམ་ན་མེད་པའི་དག་ཆ་ཞིག་བཤད་མེད་ལ་མ་འོངས་པ་ན་ཡང་དེ་ལྟར་རང་ཡིན། ཁྱེད་རྣམས་ཀྱིས་བཀའ་བསྟན་གསུང་འབུམ་དག་ལ་གནོད་པའི་དག་ཆ་སོགས་ངས་བྲིས་ཡོད་པ་གཟིགས་ནས། ང་ལ་བསྟན་ཚེ། ངས་དགོངས་དག་ཞུས་ཏེ། བདག་རང་གི་ནོར་པ་དེ་རྣམས་དག་སེལ་བྱེད་པ་ལ་འབད་ངེས། དེས་ན་བཀའ་བསྟན་གསུང་དག་གི་དག་ཆ་དང་། ད་ལྟ་ངས་གློག་ཀླད་དུ་བཅུག་པའི་བྱང་སེམས་རྟག་ཏུ་ངུའི་རྟོགས་བརྗོད་ཀྱི་དག་ཆ་དང་གོ་བསྡུར་བྱས་ཏེ། འདི་འགྲིག འདི་མི་འགྲིག་ཅེས་ཁ་བརྡ་འདིར་བསྟན་དགོས། དེ་ལྟར་མ་ཡིན་ན། རང་གིས་ནི་མི་བྱེད། གཞན་བྱེད་པ་པོ་དག་ལ་དམའ་འབེབས་མཁན་ནི་རང་གཞན་སུ་ཡིན་རུང་སྐྱེས་བུ་ཐ་ཤལ་དུ་ངོས་འཛིན་དགོས་སོ།།
ཐུབ་པ་ན་རེ། “ལ་དྭགས་པ་ཟེར་བ་འདིས་གང་བྲིས་པ་ཐམས་ཅད་འབྲུག་པའི་ཚགས་པར་ཀློག་པའི་ཚོར་སྣང་འདྲ་སྟེར་བས ། འདིས་བོད་ཡིག་འདི་ལོག་སྐད་ཅིག་ཏུ་བསྒྱུར་འདོད་པ་འདྲ།” འདི་ལྟར་བྲིས་འདུག བསམ་བློ་ཐོངས་ལ་སྨོས། འབྲུག་པ་བོད་རིགས་ཡིན་ལ། ལ་དྭགས་པ་ཡང་བོད་རིགས་ཡིན། ཕལ་ཆེར་ལོ་ངོ་ལྔ་བཅུ་ཙམ་མ་ཟིན་སྔོན་དུ། བཀའ་ཟུར་བོད་ནམས་སྟོབས་རྒྱས་ཀྱིས་ཝཱ་ར་ཎ་སི་རུ་ངས་བྲིས་པའི་ཡི་གེ་ཞིག་གཟིགས་ནས་རྒན་འཇམ་དཔལ་གྱི་ཡི་གེ་བྲིས་པ་འདི་དག་ལ་བཀའ་བསྟན་གྱི་བྲིས་ཀྱི་དབྱིངས་འདྲ་བ་འདུག མ་ཤེས་མཁན་ཞིག་གིས་འགྲིག་མེ་འདུག་ཅེས་སྨྲའོ་ཞེས་མ་འོངས་ལུང་བསྟན་ལྟ་བུ་བྱུང་ངོ་།།
ལ་དྭགས་ཀྱི་ཡུལ་སྐད་ནི་བཀའ་བསྟན་ལས་རྩ་ཆེ་བ་འདུག ལ་དྭགས་པའི་སྐུར་ཡིག་ནང་གཏེར་རྟགས་འབྲི་བའི་ལུགས་སྲོལ་དེ་ཡང་ལ་དྭགས་པའི་ཆེས་མཐུན་མིན་གྱི་ཁྱད་ཆོས་ཡིན། དགེན་ལ་འཇམ་(རེད་)ཅེས་པའི་ཡི་གེ་འདི་ལ་མི་དགའ་ཟེར།
མགོན་པོ་ཕྱག་གཉིས་པ་ལེགས། བདག་གིས་བྱང་སེམས་རྟག་ངུའི་རྟོགས་བརྗོད་ཀྱི་མཆན་དུ། ཡུལ་ཡོད་བྱ་ཚིག་དག་ལ། ད་ལྟ་ འདས་ མ་འོངས་ བསྐུལ་ཚིག་བཅས་བཞི་རེ་དང་། ཡུལ་མེད་བྱ་ཚིག་དག་ལ་སྨོན་ཚིག་ཡོད་དགོས་པར་མཐོང་ནས་། སྨོན་ཚིག་གི་འགྲོས་དེ་བསྐུལ་ཚིག་དང་འདྲ་བས། དཔེར་ན། འགྱུར་ལ་སྨོན་ཚིག། གྱུར་ཅིག ཅེས་པ་དཔེ་བྱས། དེ་བཞིན་བྱ་ཚིག་གཞན་རྣམས་ལ་རེ་རེ་བཞིན་སྨོན་ཚིག་བཀོད་པ་དེ་དག་ལ་སྐྱོན་སེལ་དོགས་སློང་མཛད་པར་བཀའ་དྲིན་ཆེ།
མཆན་ཡིག་ཏུ་བྱ་ཚིག་རྣམས་འགོད་དུས། དཔེ་ཆ་གཉིས་ལ་ཁུངས་གཏུགས། དང་པོ་དེ་ཁུ་ནུ་བླ་མ་རིན་པོ་ཆེ་ཞབས་ལ་གཏུགས་ཏེ། དུམ་གསུམ་རེའུ་མིག་ཐུ་མིའི་དགོངས་གཏེར། རྩོམ་པ་པོ་མཁར་སྟོད་རྡོ་རྗེ་དབང་ཕྱུག (སྐུ་གཤེགས) དེབ་འདིར་སྤར་ལོ་མེད་ཀྱང་། ༡༩༦༧ ༦༨ གང་རུང་ཞིག་ལ་ཡིན་སྙམ། དེ་ན། བརྙེས་ རྙེད་ བརྙེད་ རྙེས། To procure; to get; to found བྲིས་སོ།
དེ་ཡང་རྙེད་ཅེས་པ་ཐོབ་པའི་དོན་ཡིན་དགོས་སྙམ། དབུས་གཙང་སྐད་དུ། བདག་གིས་ཟས་དང་སྐོམ་རྙེད། ཅེས་ཟེར་རམ་མི་ཟེར། རྙེད་ཀྱི་སྐད་དོད་ལ་ངའི་ལུང་པར་ཐོབ་ཟེར། ལ་དྭགས་བོད་རིགས་ཅེས་པའི་ཡུལ་སྐད་དུ། ཐོབ་པའི་སྐད་དོད་ལ་”རྙེད་”ཅེས་༷ཟེར་བ་ཐོས། “རྙེད་”ཅེས་པ་འདི་ཉིད་བྱ་ཚིག ཐ་དད་དང་ཐ་མི་དད། གང་ལགས། གལ་ཏེ་འདི་ལ་ཐོབ་པའི་དོན་ཡོད་ན། བྱ་ཚིག་འདི་ཐ་དད་ཡིན་དགོས། དེ་ཡང་ཐ་དད་དང་། ཐ་མི་དད་ལ་བདག་གིས་དོན་དག་གོ་སླ་བར་འདུག་སྙམ་ནས། ལས་ཡོད་དང། ལས་མེད་ཅེས་ལེགས་སྦྱར་སྐད་ལ་ཡོད་པ་གཞིར་བྱས་ཏེ། ཡུལ་ཡོད་བྱ་ཚིག་དང་། ཡུལ་མེད་བྱ་ཚིག་ཅེས་བྲིས། དེ་ཡང་བྱ་ཚིག་གང་ཡིན་ལ་དྲི་བ་ཞིག་འབྱུང་ཐུབ་ན། ཡུལ་ཡོད་དང་། དྲི་བ་འབྱུང་མ་ཐུབ་ན། ཡུལ་མེད་བྱ་ཚིག་ཏུ་ངོས་འཛིན་པར་ལེགས་སྦྱར་སྐད་སློབ་དུས་ཐོས། དྲི་བ་འབྱུང་སྟངས་འདི་བདག་གིས་ཤེས་པའི་སྐད་རིགས་གཞན་ཡོངས་ལ་འདྲ་བར་མཐོང་། དེས་ན། བདག་གིས་འཐུང་། ཟེར་ན། ཅི་འཐུང་། དྲི་བ་ཡོད་པས་ཡུལ་ཡོད་བྱ་ཚིག་དང་། བདག་སྐྱེས། ཟེར་ན། བྱ་ཡུལ་མེད་པ་ལ་ཅི་ཞེས་དྲི་བ་མེད་པས། ཡུལ་མེད་བྱ་ཚིག་གོ།
བདག་ལ་སོགས་པ་མང་པོས་ལོ་གཞོན་དུས་ལ། བྱ་ཚིག་དག་ལ་དོ་སྣང་མ་བྱས་པས། ད་ལྟ་ཁྱེད་ཀྱིས་བྱ་ཚིག་དེ་དག་གི་སྐོར་ལ་དོགས་སློང་འབྲི་བར་མཛད་པས་བདག་རང་ལ་བློ་བསྐྱེད་བཟང་པོ་བྱུང་། བདག་གིས་བྱ་ཚིག་གི་འགྲོ་སྟངས་ཁུངས་དག་པ་ཞིག་མི་ཤེས་ལ་འཕྲོས་རྣམས་ལ་རིམ་པས་དཔྱད་པ་ཞུ་ཞིང་། འདི་ཡིས་གཞན་ཀློག་པ་པོ་རྣམས་ལ་ཡང་ཕན་པར་ངེས། ཐུགས་རྗེ་ཆེའོ།།
རྙེད་ཅེས་བྱ་ཚིག་ཡུལ་ཡོད་ཡིན་དགོས་ཏེ།
མཛངས་བླུན་རིགས་གཉིས་པ་ཡི་ལེའུ་ན།
ཁྱིམ་བདག་ཅིག་གིས་ཉ་ཡི་ལྟོ་བ་ནས།
བུ་ཞིག་རྙེད་དོ་ཞེས་ནི་བཀླགས་པ་ཡིན།།
བགོ་ བསྒོས་ བགོ་ བགོས་ འདིར་བསྐུལ་ཚིག་ལ་བདག་ཁ་ནས་བགོས་ཞེས་འདོན་ན་ཡང་རྗེས་ཇུག་ས་མེད་པ་དངོས་གནས་ནོར་རོ། དངོས་པོ་བགོད་ཅེས་དང་གོ་ཆ་བགོ་བའི་ད་ལྟ་བ་ལ་མི་འདྲ་བ་ཤེས་པ་ལ་ཕན་བཀའ་དྲིན་ཆེ། གྲུབས་ཞེས་པ་སྨོན་ཚིག་གོ འཇུག་ཅེས་པ་ད་ལྟ་བར་གཟུགས་འདྲ་ཡང་། བྱ་ཡུལ་ཡོད་པ་དང་། བྱ་ཡུལ་མེད་པ་སྟེ་གཉིས་སུ་དབྱེ། འདི་བོད་རྒྱ་ཚིག་མཛོད་ན་ལེགས་པར་བཀོད་དོ། འདིར་བྱ་ཡུལ་མེད་པའི་འཇུག་གི་འདས་དང་སྐུལ་ཚིག་ལ་ཞུགས་ཞེས་པ་རྨ་མེད་པའོ། རྒྱ་བོད་ཚིག་མཛོད་དུ། འགྲོལ། ཞེས་པ་བྱ་ཡུལ་ཡོད་པ་ཁོ་ནར་རེའུ་མིག་ཏུ་བཀོད། ཡུལ་མེད་པ་བསྟན་མེད་པས། བྱ་ཡུལ་མེད་པའི་འགྲོལ་གྱི་འདས་ཚིག་ལ་གྲོལ་ཞེས་པ་འཐད་དེ། རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། ཞེས་པ་ལྟ་བུ། རྟས། ཞེས་པ་སྐུལ་ཚིག་མ་ཡིན། སྨོན་ཚིག་ཏུ་བཀོད་པར་མགོ་བརྗོད་ན་ཡུལ་མེད་བྱ་ཚིག་དག་ལ་སྨོན་ཚིག་ཡིན་པར་ནན་ཏན་མེད་པས་འདི་ཉིད་སྐུལ་ཚིག་ཏུ་སྣང་བའི་སྐྱོན་བྱུང་བས། ཡུལ་མེད་བྱ་ཚིག་རེ་རེ་བཞིན་སྨོན་ཚིག་ཅེས་འབྲི་ངེས། འོན་ཀྱང་། འདི་ལ་སྔོན་འཇུག་ཆད་པས། བརྟས་[སྨོན་ཚིག]ཞེས་བཅོས་སོ། རྒྱས་ཀྱི་ད་ལྟ་དང་མ་འོངས་པ། རྒྱ་༷ཞེ་པ་དེ་ཁ་སྐད་དུ་ཡོངས་གྲགས་མིན་པས་སྤངས་ན། རིག་གཞུང་གི་སྐད་ལ་མི་གནོད་དམ། རིགས་པས་རྒོལ་གྱི་ད་ལྟ་རྒལ་བྲིས་ནོར།། ཞེས་པས་འབྲི་བ་པོར་རིག་གཞུང་ལ་གོ་བ་མ་རྒྱབ་པའི་རྟགས་སུ་མཐོང་སྟེ། འདིར་རྒལ་ཞེས་པ་འཁོར་བའམ་སྲིད་པ་ལས་འདས་པའི་དོན་ཡིན་གྱི རིགས་པ་སྟེ་གཏན་ཚིགས་ཀྱིས་རྒོལ་བའི་དོན་མ་ཡིན། འགོད་ཀྱི་བསྐུལ་ཚིག་འགོད་ཅེས་བདག་གིས་ནོར། ཁོད། ཅེས་དགོས། དེ་བཞིན་རྩེད་ལ་རྩེ་ཞེས་བདག་གིས་ནོར་ཏོ།
འཇུ་དང་བཞུ་གཉིས་མཉམ་དུ་བྲིས་པ་མཚང་།། བྱེད་འབྲེལ་བཞུ་བྱ་བཞུ་བྱེད་བཞུས་བཞུས་ཤིག། འཇུ་ནི་བྱེད་མེད་ཞུ་བའི་དོན་ཅན་ཡིན།།
བཞུ་ཞེས་པའི་བྱ་ཚིག་འདི་ཨིན་སྐད་ཀྱི་བྱ་ཚིག་མང་པོ་ཡུལ་ཡོད་དང་ཡུལ་མེད་བྱ་ཚིག་གཉིས་ཀ་ལ་སྐབས་སྟོབས་ཀྱིས་ཤེས་དགོས་པ་ཞིག་ཏུ་མཐོང་། དེ་ཡང་སྐྱེ་རབས་སོ་བཞི་པའི་ལེའུ་བཅུ་བཞི་པ་ན།
དེ་ནས་ཨནད་རྙིལ་གྱི་འོད་ལྟར་སྔོ།
ཉི་མའི་འོད་ཀྱིས་གནམ་སྔོན་བཞུ་བ་བཞིན།
ཁོ་ར་ཁོར་ཡུག་མཚོ་འགྲམ་ལྟར་མི་སྣང་།
གཏིང་དཔག་དཀའ་བའི་མཚོ་འཇིང་ནང་དུ་ཞུགས།། ༣ །།
འདིར་འགྱུར་གྱི་དབང་གིས་འོད་ཀྱིས་ཞེས་འོད་བྱེད་པ་པོ་ལྟ་བུར་སྣང་ཡང་། རྒྱ་དཔེར་འོད་ལས་ཞེས་རྣམ་དབྱེ་ལྔ་པ་ཡོད་པས། ཉི་མའི་འོད་ལས་གནམ་སྔོན་བཞུ་བཞུ་བ་བཞིན། ཞེས་པ་ལྟར་ན། གནམ་སྔོན་བཞུ་བ་པོ་ཡིན་པ་དང་། བསྟན་བཅོས་འདིར་ཡང་། བེ་དུར་སྔོན་པོ་བཞུ་བ་བབ་འདྲ་ཡི། ཞེས་པར་བྱེད་པ་པོ་གཞན་ཞིག་མེད་པར་བེ་དུར་སྔོན་པོ་རང་བཞུ་བ་ཡིན་པ་དང་། གཞན་ཡང་ཁ་སྐད་དུ་ཡང་། ཁ་བཞུ། གངས་བཞུ་ཟེར་བས་། བཞུ་ཞེས་པའི་བྱ་ཚིག་འདི་ཡུལ་མེད་དང་ཡུལ་ཡོད་གཉིས་ཀའི་བྱ་ཚིག་ཡིན་མིན་དཔྱད་དགོས། བདག་གིས་ལད་མོ་མ་བྱས་ཀྱང་། བོད་ཀྱི་ཚིག་མཛོད་ཀྱི་རིམ་པ་འགོད་སྟངས་ཀྱི་སྲོལ་འབྱེད་པ་པོ། ཨེཅ། ཞས་ཀེ ཞེས་པའི་མཁས་དབང་དེས། ལོ་ངོ་བརྒྱ་དང་སུམ་ཅུ་ལྷག་སྔོན་དུ་བསྐྲུན་པའི་བོད་ཨིན་ཚིག་མཛོད་དུ། བཞུ་བ་དང་། འཇུ་བ་གཉིས་མཉམ་དུ་བཞག་ནས་དོན་དག་བྲིས་པ་དེ་ད་ལྟ་ཆུ་ཚོད་གཅིག་ལྷག་སྔོན་དུ་མཐོང་། གཡེང་བས་བགད་ལ་བགོད་བྲིས་པར་ཁྱེད་ལ་དགོད་ཤོར་བ་བདེན། འཇིག་གི་མ་འོངས་གཞིག་ཡིན་བཤིག་བཤིགས་འདས།། ཞེས་པར་བྱ་ཚིག་འཇིག་དེ་ཡུལ་ཡོད་དང་ཡུལ་མེད་གཉིས་ཀར་འཇུག་པ་སྐབས་སྟོབས་ཀྱིས་ཤེས་དགོས་པ་ལ་མ་བརྟགས་སྐྱོན་དུ་མཐོང་།
ལྟུང་དང་ལྷུང་ལ་ཏ་དང་ཧ་ཡིག་ཙམ།
མི་འདྲ་མ་གཏོགས་ཡུལ་མེད་བྱ་ཚིག་ཏུ།
བོད་རྒྱ་ཚིག་མཛོད་ཆེན་མོས་བསྟན་པར་མཐོང་།
ལྟུང་གི་སྨོན་ཚིག་ལྷུངས་བྲིས་ནོར་བ་བདེན།།
དགབ་དགོས་ཞུས་དག་མཛད་པར་དྲིན་ཆེ་འོ།
འགགས་ནི་སྨོན་ཚིག་ཡིན་གྱི་སྐུལ་ཚིག་མིན།
མཁས་པ་ཁྱེད་ཀྱིས་དེ་ལྟར་བྲིས་པ་ལས།
བདག་རྨོངས་མུན་བསལ་དགེ་བས་ཁྱེད་རྒྱལ་ཅིག །
མགོན་ཕྱག་ལགས་དང་། ལ་དྭགས་པ་འཇམ་དཔལ་ལགས་གཉིས་ཀྱི་དགག་གཞག་དང་། བགྲོ་གླེང་གནང་སྟངས་ནི་ཤིན་ཏུ་ཡ་རབས་ལ་མཁས་ཉམས་ཆེའོ། །ཡིད་རངས་སོ། དགེའོ། །དེག་བར་འགྱུར་ཅིག །
རྒན་ལ་དྭགས་པ་ལགས་ཀྱིས་ཁོ་བོའི་མཆན་ལ་ལྗགས་ལན་གནང་བར་བཀའ་དྲིན་ཆེ་ཞུ། ཉིན་འགར་ཡུལ་དུ་མེད་པས་དེ་རིང་བར་ཉིད་ཀྱི་ལྗགས་ལན་ལ་བལྟ་མ་ཐུབ། འདི་རུ་ཡང་བསམ་ཚུལ་ཐུང་ཐུང་ཞིག་ཞུ་ན་འདོད་བྱུང་།
༡ གོང་དུ་ཉིད་ཀྱིས་ ་་ཡུལ་མེད་བྱ་ཚིག་དག་ལ་སྨོན་ཚིག་ཡོད་དགོས་པར་མཐོང་་ ཞེས་པའི་དཔེ་མཚོན་དུ། གྱུར་ཅིག་བྲིས་འདུག་པ་དེ་དེ་བཞིན་དུ་མཐོང་ཡང་། ཡུལ་མེད་བྱ་ཚིག་གཞན་པ་དག་གྱུར་དང་མི་འདྲ་བར་མཐོང་ངོ། དཔེར་ན། གྲུབས་ཤིག རྒྱས་ཤིག ཆད་ཅིག ཆག་ཅིག གུག་ཅིག་མི་ཟེར། གལ་སྲིདཟེར་བ་ཡིན་ན་དེ་ནི་སྐུལ་ཚིག་ཡིན་པ་ལས་སྨོན་ཚིག་མིན་ནོ། བྱེད་མེད་ལས་ཚིག་རྣམས་སྨོན་ཚིག་ལ་འཇུག་པའི་སྐབས་སུ། འགྲུབ་གྱུར་ཅིག འགྲུབ་པར་ཤོག རྒྱས་གྱུར་ཅིག རྒྱས་པར་ཤོག འཆག་གྱུར་ཅིག འཆག་པར་ཤོག་ཟེར་ནས་མ་འོངས་པ་དེ་སྨོན་ཚིག་ལ་འཇུག་པ་ཤུགས་ཆེ་བར་མཐོང་ལ། སྐབས་རེར་འདས་ཚིག་སྦྱར་ཡོད་པའང་མཐོང་ངོ། སྒོ་གསུམ་སྡིག་སྒྲིབ་མ་ལུས་བྱང་བར་ཤོག་ཟེར་བ་ལྟ་བུའོ།
༢ རྙེད་དང་བརྙེས་གཉིས་ནི་ཚིག་མཛོད་མཐོང་ངོ་ཅོག་ཚང་མའི་ནང་དུ་དོན་མི་འདྲ་བ་གཉིས་སུ་འགྲེལ་འདུག་ལ་མིག་ངོར་སོན་པའི་བསྟན་བཅོས་ཚང་མར་བཀོལ་སྤྱོད་མི་འདྲ་བར་བཏང་འདུག ཡིན་ནའང་། གཉིས་ཀར་མཚུངས་ཆོས་ཤིག་ཡོད་པ་ནི་གཉིས་ཀ་ཐོབ་པའི་དོན་ལ་འཇུག་གོ། ལམ་ཐོབ་པ་ལ་ལམ་རྙེད་ཟེར་ཡང་ལམ་བརྙེས་མི་ཟེར། དབུ་བརྙེས་པ་ལ་དབུ་རྙེད་མི་ཟེར།
༣ ཁྱེད་ཀྱིས་ ་་དེ་ཡང་བྱ་ཚིག་གང་ཡིན་ལ་དྲི་བ་ཞིག་འབྱུང་ཐུབ་ན། ཡུལ་ཡོད་དང་། དྲི་བ་འབྱུང་མ་ཐུབ་ན། ཡུལ་མེད་བྱ་ཚིག་ཏུ་ངོས་འཛིན་པར་ལེགས་སྦྱར་སྐད་སློབ་དུས་ཐོས། དྲི་བ་འབྱུང་སྟངས་འདི་བདག་གིས་ཤེས་པའི་སྐད་རིགས་གཞན་ཡོངས་ལ་འདྲ་བར་མཐོང་། དེས་ན། བདག་གིས་འཐུང་། ཟེར་ན། ཅི་འཐུང་། དྲི་བ་ཡོད་པས་ཡུལ་ཡོད་བྱ་ཚིག་དང་། བདག་སྐྱེས། ཟེར་ན། བྱ་ཡུལ་མེད་པ་ལ་ཅི་ཞེས་དྲི་བ་མེད་པས། ཡུལ་མེད་བྱ་ཚིག་གོ།་་ ཞེས་བྲིས་འདུག་པ་དེ་བཞིན་དུ་དོན་ལ་གནས་དཀའ་བར་སྙམ། བདག་ལ་སྐྱེས་ཟེར་ནའང་ཅི་སྐྱེས། སུ་སྐྱེས་ཟེར་ནས་དྲི་བ་འཇུག་ལ། བདག་སྐྱེས་ཟེར་ནའང་། ཁྱོད་ནམ་སྐྱེས། ཁྱོད་སུ་ལ་སྐྱེས། ཁྱོད་ཇི་ལྟར་སྐྱེས་ཟེར་ནས་དྲི་བས་བསྙད་དུ་ཡོད་པའོ། གུག ཆད ལྟ་བུར་མཚོན་ནའང་ཅི་ཆད། ག་རེ་གུག་ཟེར་ནས་དྲི་བར་འཇུག་གོ་སྙམ་མོ། དེས་ན་དྲི་བར་འཇུག་མི་འཇུག་གིས་ཡུལ་ཅན་དང་ཡུལ་མེད་དབྱེ་བ་ནི་ལེགས་སྦྱར་སྐད་དུ་དེ་བཞིན་དུ་ཡིན་མིན་མི་ཤེས་ཀྱང་བོད་སྐད་ལ་དེ་ལྟར་མིན་འདྲའོ།
༤ རྒྱས་ནི་གོང་རྩོམ་ནང་པད་ཚལ་རྒྱས་པའི་དོན་ལ་འཇུག་པས་པད་ཚལ་རྒྱ་ཟེར་བ་དེ་འདྲ་མཐོང་མ་མྱོང་། དེ་བཞིན་ལང་ཚོ་རྒྱ། གོང་དུ་རྒྱ། ཆུ་བོ་རྒྱ་མི་ཟེར་རོ། སངས་རྒྱས་པའི་མ་འོངས་པ་ཁོ་ན་ལ་འཚང་རྒྱ་ཟེར་ནས་སྦྱར་ན་འགྲིགས་པའོ།
༥ ཁྱེད་ཚོའི་ཁ་སྐད་དུ། ཁ་བ་བཞུ། གངས་བཞུ་ཟེར་ན་ཐང་མོད། ང་ཚོའི་ཁ་སྐད་དུ། བྱེད་མེད་ལ་ཁ་བ་ཞུ། གངས་ཞུ། ཟེར་ནས་སྔོན་འཇུག་གི་སྒྲ་མེད། མར་བཞུ། ལྕགས་བཞུས་ཟེར་ནས་བྱེད་མེད་བྱེད་འབྲེལ་ལ་ཁྱད་པར་ཤིན་ཏུ་ཆེ། སྔོན་འཇུག་ཡོད་མེད་ཀྱི་སྒྲ་ལ་ཁྱད་པར་ཆེན་པོ་ཡོད།
༦ རིགས་པའི་རྒོལ་བའི་དོན་ཅན་མིན་པར་སྲིད་ལས་འདས་པའི་རྒལ་ཡིན་ན་ཁྱེད་བདེན་ནོ། ང་འཁྲུལ་ལོ།
༧ འཇུ། འགྲོལ། འཇུག འཇིག་སོགས་ཁྱེད་ཀྱིས་ཡུལ་ཅན་ཡུལ་མེད་གཉིས་ཀར་འཇུག་པར་བསྟན་པ་འདི་དག་ལ་ཁྱེད་ཀྱིས་གསུངས་པ་བདེན་པ་ལྟར་སྣང་། མུ་མཐུད་དུ་དཔྱད་ཞིབ་བྱ་རྒྱུ་འདུག་སྙམ།
རང་གི་ནོར་བ་ངོས་ལེན་དང་གཞན་གྱི་ནོར་བར་གསལ་བཤད་དང་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ།
མཁྱེན་དཔྱོད་ཟབ་ཡངས་སྤྱན་གཉིས་ལྡན།
མགོན་པོ་ཕྱག་གཉིས་པ་མཆོག་གིས།
དཔྱད་པར་ལན་སྩལ་སྤྲོ་བ་བརྟས།
དཔྱད་ལན་བློ་གྲོས་སྤེལ་ཕྱིར་འབུལ།། ༡ །།
སྐུལ་ཚིག་བྱེད་པོ་མདུན་ཉིད་དྱ།
ཡོད་པར་བསམས་ནས་བསྐུལ་བར་བྱ།
ཚལ་དུ་མེ་ཏོག་རྒྱས་ཤིག་པར།
མེ་ཏོག་མདུན་དུ་ག་ལ་ཡོད།། ༢ །།
རྒྱས་པར་ཤོག་དང་རྒྱས་རྒྱས་ཤིག་ཅེས།
དོན་ཅིག་བརྗོད་ཚུལ་ཙམ་མི་འདྲ།
ཡུན་རིང་ཆར་འབབ་གྱུར་པ་ན།
ཆར་དེ་ཆད་ཆིག་སྐྱེ་བོས་སྨྲ།། ༣ །།
བདག་ལ་སྐྱེས་ཞེས་སྨྲ་བ་ན།
ཅི་སྐྱེས་དྲི་བ་ཡོད་ན་ཡང་།
སྐྱེས་ཀྱི་བྱེད་པོར་དྲིས་པ་་ཡིན།
སྐྱེས་པའི་བྱ་ཡུལ་སྐོར་མ་དྲིས།། ༤ །།
རྒྱ་ནི་ཆེན་པོའི་དོན་ལ་འཇུག
འཚང་རྒྱ་བ་ཡི་འདས་ཚིག་ལ།
སངས་རྒྱས་ཞེས་པ་ཡོད་པ་ཡིས།
དོན་ལ་ཀུན་ཏུ་མཚུངས་པ་དགོས།། ༥ །།
ད་ལྟ་རང་རེའི་བརྗོད་པ་ན།
སྔོན་འཇུག་འཐོན་པ་ཤིན་ཏུ་དཀའ།
བཞུ་དང་མི་ཞུ་ག་ལ་ཤེས།
བེ་སྔོན་བཞུ་བའི་བྱེད་པོ་སུ།། ༦ །།
རྒྱས་པར་ཤོག་དང་རྒྱས་ཤིག་ཅེས། ཞེས་བཅོས།
འཇུ། འགྲོལ། འཇུག འཇིག་སོགས།
ཡུལ་ཅན་ཡུལ་མེད་གཉིས་ཀ་ལ་འཇུག་པར་བསྟན་པའི་དཔེར་བརྗོད་ཁ་གསལ་ཅིག་གསུང་གནོངས་དང་།
ཆད་ཅིག རྒྱས་ཤིག་ཟེར་བ་དེ་འདྲ་ངའི་ཕ་སྐད་ནང་མེད། དེ་ནི་ཡུལ་སྐད་ཅིག་རེད་དམ་སྔོན་མའི་བསྟན་བཅོས་དག་གི་ནང་ཡོད་པ་ཞིག་རེད།
འདྲེན་པའི་དཔལ་དུ་བདག་གྱུར་ཅིག ཅེས་པ་དེ་སྨོན་ཚིག་མ་ཡིན་ནམ།