རོང་པོ་བློ་བཟང་བསྟན་འཛིན།
དུས་རབས་བཅུ་གསུམ་པའི་སྐབས་བོད་ལ་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་པ་བརྒྱ་ཕྲག་མང་པོ་བྱུང་བའི་ཁྲོད་དུ། གཏམ་འདི་འདྲ་ཞིག་ཁྱབ་ཡོད་དེ། “མ་རིག་ན་བུ་ལ་དྲིས།། མ་ཤེས་ན་རྗེ་ལ་དྲིས།། “ ཞེས་རྒྱལ་བའི་བཀའ་བསྟན་གྱི་གཞུང་ཆེན་པོ་དག་གི་དཀའ་གནད་ཐག་མ་ཆོད་པ་དག་རྗེ་རིན་པོ་ཆེ་ལ་འདྲི་དགོས་ཞེས་ཧ་ཅང་ཚད་མཐོའི་གདེང་འཇོག་བྱེད་ཡུལ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་གང་དེས་ལེགས་བཤད་གསེར་གྱི་འཕྲེང་བ་ཞེས་བྱ་བའི་བསྟན་བཅོས་བརྩམས་གནང་མཛད་པ་ནི་ཉི་ཤར་སྤར་མོས་ཁེབས་པ་གཏན་མ་ཡིན་ཡང་། ཉེ་བའི་ཆར་ཕ་ཡུལ་ནས་ཆུང་གྲོགས་ཤིག་གིས་ལེགས་བཤད་གསེར་ཕྲེང་ཀློང་ཆེན་རབ་འབྱམས་པའི་བརྩམས་ཆོས་ཡིན་པའི་གཞི་མེད་གཏམ་འཁྱར་ཞིག་འཆད་ཀྱིན་འདུག་པས། དེའི་སྐོར་ལ་རྩོམ་ཡིག་ཅིག་འབྲི་བའི་རེ་འདུན་བྱུང་ཡང་གནས་མ་ཡིན་པའི་རྫུན་བསྒྲིགས་འདི་ལྟ་བུ་ལ་ལན་འདེབས་བྱས་པ་ལས་མི་སྨྲའི་བརྟུལ་ཞུགས་བཟུང་ན་ལེགས་སྙམ་དུ་བཏང་སྙོམས་སུ་བཞག་པ་ཡིན། འོན་ཀྱང་ལོ་ཤས་སྔོན་ནས་འདིའི་སྐོར་གླེང་སློང་མང་དུ་བྱུང་འདུག་པར་མ་ཟད། དེའི་སྐོར་ཆེད་དུ་གཉེར་ནས་གཟུར་གནས་མཁས་དབང་མང་པོས་རྒྱུ་མཚན་དང་གསལ་བཤད་བྱས་པའི་ཡིག་འཇོག་ཉུང་ངུ་ཙམ་མཐོང་བའི་རྐྱེན་བྱས། བདེན་པ་ལ་ནི་བརྟག་དཔྱད་ཅི་ཙམ་མང་དུ་བྱས་པ་དེ་ཙམ་གསལ་དུ་འགྲོ་བ་ཆོས་ཉིད་ཡིན་པའི་ཚུལ་ལ་ངེས་པ་རྙེད། ལྷག་ཏུ་རྩོད་མེད་ཀྱི་རྒྱུན་ཤེས་འདི་ཙམ་ཡང་གསལ་པོ་མ་བཟོས་ཚེ་རྒྱ་ཡན་དུ་ཤོར་དོགས་ནས་བློ་དམན་བདག་གིས་ཀྱང་འདིའི་སྐོར་ཅུང་ཟད་བརྗོད་འདོད་བྱུང་བས། འདི་བཤད་པ་ལ།
དང་པོ་ལེགས་བཤད་གསེར་ཕྲེང་རྗེ་རིན་པོ་ཆེས་མཛད་པ་ཡིན་མིན་ཐོག་མར་གླེང་མཁན་ངོས་བཟུང་བ་དང་། དེ་ཀློང་ཆེན་རབ་འབྱམས་པས་མཛད་པ་ཡིན་ན་བྱུང་བ་དང་འགལ་བ། བསྟན་བཅོས་རང་གི་ལུས་དངོས་དང་འགལ་བ། ཤེས་བྱེད་གཞན་བསྟན་པ་དང་། གྲུབ་དོན་བསྟན་བཅོས་ཆེན་པོ་འདི་ཉིད་རྗེ་རིན་པོ་ཆེས་ཇི་ལྟར་མཛད་པའི་ཚུལ་སོགས་ལྔ་ལས།
དང་པོ་ནི། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་ ( ༡༨༠༨–༡༨༨༧) པོ་མཆོག་གིས་མངོན་རྟོགས་རྒྱན་གྱི་སྤྱི་དོན་ཁམས་གསེར་ཐག་དགོན་གྱི་དགེ་བཤེས་རྣམས་ཀྱི་ངོར། ལེགས་བཤད་གསེར་ཕྲེང་ལ་ཁུངས་གཏུགས་ཏེ་བརྩམས་པར་མཛད། གཞུང་འདི་ཉིད་ལེགས་བཤད་གསེར་ཕྲེང་ལ་ཁུངས་གཏུགས་པ་རྒྱུ་མཚན་དུ་བྱས་ནས་ཀློང་ཆེན་རབ་འབྱམས་པའི་བརྩམས་པ་ཡིན་ཞེས་པའི་ངག་རྒྱུན་འདུག་ཅེས་ཕྱི་ལོ་༢༠༠༠ / ལོར་ལྦཱ་ཎ་མཐོ་སློབ་ནས་དེབ་འདི་པར་སྐྲུན་གནང་བའི་སྔོན་གླེང་དུ་བཀོད་ནས། དེ་མི་འཐད་པར་བཤད་ཅིང་། ཡང་གསེར་ཕྲེང་དུ་ལྟ་བའི་སྐོར་བཤད་པ་ཀློང་ཆེན་རབ་འབྱམས་པའི་བཞེད་པའི་ལྟ་བ་དང་མཚུངས་པར་འཁྲུལ་ནས་བོད་སྤྲུལ་བསྟན་པའི་ (༡༨༩༨-༡༩༥༩)ཉི་མ་ཞེས་པས་རང་གི་སློབ་མ་འགའ་ཤས་ལ་འཆར་སྣང་ཙམ་བཤད་པ་ལ། འཆར་སྣང་ཙམ་དུ་མ་བཞག་པར་སློབ་རྒྱུད་འགའ་ཞིག་གིས་ཆེད་དུ་གཉེར་ནས། རྡ་སར་ཕྱི་ལོ་ ༢༠༠༤/ ལོར་པར་སྐྲུན་བྱས་པའི་ཀུན་བཟང་བླ་མའི་ཞལ་ལུང་གི་དཔར་སྐྲུན་གསལ་བཤད་ལ་གསེར་ཕྲེང་ནི་ཀློང་ཆེན་རབ་འབྱམས་པས་བརྩམས་པ་ཡིན་ཞེས་བྲིས་འདུག ལེགས་བཤད་གསེར་ཕྲེང་གྲུབ་ནས་མི་ལོ་ཧྲིལ་བོ་ལོ་ལྔ་བརྒྱ་ལྷག་འདས་ཟིན་པའི་རྗེས་སུ་གཞི་ནས་ཁུངས་མེད་འཆལ་གཏམ་ཐོག་མར་ཡིག་འཇོག་བྱས་པ་ནི་འདི་གཉིས་ལས་གཞན་རྙེད་སོན་མ་བྱུང་།
གཉིས་པ་ནི། ལེགས་བཤད་གསེར་ཕྲེང་ (༤༡༦/འབྲས་སྒོ་མང་དཔེ་ཁང་།) ལས། འདིས་ནི་ཁ་ཅིག་སྙིང་རྗེ་སོགས་སྒྲུབ་རྒྱུའི་ཚོགས་བཅུ་བདུན་དུ་བྱས་ནས་དེ་སྒྲུབ་བྱེད་ཀྱི་ཚོགས་བཅུ་བདུན་ཟུར་དུ་འཆད་པ་ཡང་བཀག་གོ ཞེས་བརྩེ་བ་སྙིང་རྗེ་ཆེན་པོ་སོགས་ཚོགས་བཅུ་བདུན་ནི་སྒྲུབ་རྒྱུའི་ཚོགས་སྒྲུབ་དང་། དེ་སྒྲུབ་བྱེད་ཀྱི་ཚོགས་བཅུ་བདུན་ཟུར་དུ་ཡོད་པར་འཆད་པ་པོ་ནི་གཡག་སངས་རྒྱས་དཔལ་གྱི་ཕར་ཕྱིན་ ( ༨༥/ བལ་ཡུལ་རྒྱལ་ཡོངས་ས་ཆེན་དཔེ་ཁང་།)དུ་དེ་ཇི་ལྟ་བ་བཞིན་གསལ་བས། དེ་ལྟར་ན། ཀློང་ཆེན་རབ་འབྱམས་པ་ནི། ཕྱི་ལོ་ ༡༣༠༨/ སྐུ་འཁྲུངས། དགུང་ལོ་ལྔ་བཅུ་རྩ་དྲུག་པ་ ༡༣༦༣/ ལ་དགོངས་པ་རྫོགས་པ་ཡིན་པས། དེ་དུས་གཡག་ཕྲུག་སངས་རྒྱས་དཔལ་( ཕྱི་ལོ་ ༡༣༥༠/ སྐུ་འཁྲུངས། ) ནི་དགུང་ལོ་བཅུ་གསུམ་ཙམ་ལས་མིན་པས། ཕར་ཕྱིན་སོགས་གཞུང་ཆེན་པོ་ལྟ་ཅི་བོད་ཡིག་འབྲི་ཀློག་ཤེས་པ་ཙམ་གྱི་སྐབས་ལ་ཁེལ་ཡོད་པས་བྱུང་བ་དངོས་དང་འགལ་ལ། ལེགས་བཤད་གསེར་ཕྲེང་ལས་ས་བཅད་བཀྲམ་སྟངས་དང་གཞུང་གི་གོ་དོན་སོགས་ཉ་དཔོན་ཀུན་དགའ་དཔལ་གྱི་ཕར་ཊཱིཀ་དང་ཤིན་ཏུ་མཐུན་ལ། དེ་ཡང་གུང་ཐང་བློ་གྲོས་ (༣/ སྒོ་མང་དཔེ་ཁང་)ཀྱིས། གསེར་ཕྲེང་ནི་ས་བཅད་སོགས་རྩོམ་ལུགས་ཕལ་ཆེར་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལྟར་རོ།། དེ་ཡང་བུ་ཊཱིཀ་ལུང་གི་སྙེ་མར་བརྟེན་ལ་ཞེས་བཤད་པ་ནི་ཐུགས་མད་པར་སྣང་། ཀློང་ཆེན་རབ་འབྱམས་པ་དགོངས་པ་རྫོགས་སྐབས། ཉ་དཔོན་ཀུན་དགའ་ ( ༡༣༤༥–༡༤༣༩)དཔལ་དགུང་ལོ་བཅུ་དགུ་ཙམ་ལས་མིན་པས། དེ་དུས་ཉ་ཊཱིཀ་གཞི་ནས་བརྩམ་རྒྱུ་ཡིན་ལ། དེར་མ་ཟད་ཉ་དཔོན་དགུང་ལོ་སོ་གཉིས་ཀྱི་ཐོག་རྩེ་ཆེན་དུ་རྗེ་རིན་པོ་ཆེ་དགུང་ལོ་ཉི་ཤུར་སོན་པའི་སྐབས་ཕར་ཕྱིན་གྱི་བཤད་པ་གཞི་ནས་གསན་ཡོད་པས་ཀློང་ཆེན་རབ་འབྱམས་པས་མཛད་པ་མིན་པ་བྱུང་བ་འདི་གཉིས་ཀྱིས་ཆེས་གསལ་བར་བྱས་སོ།།
གསུམ་པ་བསྟན་བཅོས་ཀྱི་ལུས་དངོས་དང་འགལ་བ་ནི། གསེར་ཕྲེང་ ༢༤༧/ ལས། དགེ་འདུན་འདི་དག་ནི་ཆེ་ལོང་ཙམ་སྟེ་རྒྱས་པར་ནི་ཡི་གེ་ལོགས་ཤིག་ཏུ་བྲིས་ཡོད་པས་དེར་ལྟའོ།། ཞེས་སྔར་བདེ་བ་ཅན་དུ་དགུང་ལོ་ཉེར་གཉིས་སྟེང་དགེ་འདུན་ཉི་ཤུའི་རྣམ་བཞག་བློ་གསལ་བགྲོད་པའི་ཐེམ་སྐས་བརྩམས་ཟིན་པ་ལ་ཞལ་འཕངས་མཛད་པ་དང་། གཞུང་དེ་ ༡༢༩༢/ ལས། དེ་ལྟ་ན་ཞུགས་པ་དང་གནས་པའི་གང་ཟག་དེ་དག་ནི་དུ་ཞིག་ཅེ་ན། ཞེས་སོགས་ནས། མཇུག་ཏུ། ཤེས་རབ་ཅན་དོན་ལ་རྟོན་པ་དག་ནི་མཐའ་དཔྱད་དེ་གསུང་རབ་ཀྱི་དོན་ཤེས་པར་འདོད་པས་དེ་དག་རྗེས་སུ་བཟུང་བའི་ཕྱིར་བདག་གིས་རྒྱས་བར་བཀྲལ་ལོ།། ཞེས་གསུངས་པ་དང་ཤིན་ཏུ་འགྲིག་པར་མ་ཟད། ཀློང་ཆེན་རབ་འབྱམས་པའི་གསུང་འབུམ་གང་ནའང་དགེ་འདུན་ཉི་ཤུའི་རྣམ་བཞག་ལོགས་སུ་ཟུར་ཙམ་ཡང་མེད་པ་འདིས་ཀྱང་ལེགས་བཤད་གསེར་ཕྲེང་ཀློང་ཆེན་རབ་འབྱམས་པས་བྱས་ཟེར་བ་ནི་འཆལ་གཏམ་འབའ་ཞིག་ཡིན་པ་ཧ་ཅང་གསལ་བའོ།། ཡང་གསེར་ཕྲེང་ལས། རྒྱན་འགྲེལ་ཉེར་གཅིག་གི་དོགས་དཔྱོད་གནང་སྐབས་ཡུམ་གསུམ་གནོད་འཇོམས་སློབ་དཔོན་དབྱིག་གཉེན་གྱིས་མཛད་མིན་སྐོར་གསུངས་པ་དེ་དང་། ཕྱིས་དགུང་ལོ་ལྔ་བཅུ་རྩ་གཉིས་དུས་སུ་བརྩམས་པའི་ལེགས་བཤད་སྙིང་པོ་རུ། དེ་དབྱིག་གཉེན་གྱིས་མཛད་མིན་སྐོར་དོགས་དཔྱོད་གནང་སྟངས་གཉིས་གཅིག་པ་གཅིག་རྐྱང་ཡིན་པར་མ་ཟད། ལེགས་བཤད་སྙིང་པོ་ ༨༡/ ལས། སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་དཾཥྚ་སེ་(ཁ་ཆེ་མཆེ་བའི་སྡེ) ནས་མཛད་པར་གྲགས་པ་ལྟར་ཡིན་ནོ།། ཞེས་ཐག་བཅད་ནས་གསུངས་པར་མཚུངས་པར་དེས་ཀྱང་། ལེགས་བཤད་འདི་རྗེའི་བརྩམས་ཆོས་ཡིན་པ་གསལ་པོ་མ་རེད་དམ། གཞན་ཡང་། གསེར་ཕྲེང་ ༩༧༩/ ལས། དེ་ལྟ་བུའི་ཡན་ལག་བཅུ་གཉིས་ནི་སྐྱེ་འགག་གི་རྗེས་སུ་གྲུབ་པའི་བདག་ཉིད་དུ་དངོས་པོར་སྨྲ་བ་རྣམས་འདོད་ལ། འདིའི་ངང་ཚུལ་སྤྲོས་པའི་མཐའ་བརྒྱད་ཀྱིས་དབེན་པར་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལས་འོངས་པ་ནི་འདིར་མ་བཀོད་དེ། མིང་ཙམ་ལས་ཀྱང་སྐྲག་པ་སྐྱེ་བར་སྣང་བའི་ཕྱིར་རོ།། དེའི་ཕྱིར་དེ་ལྟ་བུ་གཞན་ཡང་འདིར་རེ་ཞིག་མ་སྨྲས་སོ།། ཞེས་སྐབས་ལྔ་བའི་རྟེན་འབྲེལ་ཐད་ཀྱི་གསུངས་དེ་ལས། ལེགས་བཤད་འདིར་བཀོད་པ་ནི་ལྟ་བ་མཐར་ཐུག་མ་ཡིན་ལ། མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བ་བསྟན་ན་སྐྲག་པ་སྐྱེ་བའི་རྒྱུར་གསུངས་པའི་ཤུགས་ཀྱིས་ངོས་གཉིས་གསལ་ནུས་ཏེ། གཅིག་ན་འདིར་བཤད་པའི་ལྟ་བ་ནི་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ་དག་ལས་གསལ་བའི་ལྟ་བ་དང་ནང་འགལ་ཆགས་་ལ། གཉིས་ནས་གསེར་ཕྲེང་འདིར་བཀོད་པ་ནི་རྗེ་རིན་པོ་ཆེ་རང་ཉིད་ཀྱི་ལྟ་བ་མིན་པར། ལྟ་བ་མཐར་ཐུག་པ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་བ་ཡིན་པར་གསལ་བས། གསེར་ཕྲེང་འདིར་བཤད་པའི་ལྟ་བ་ཀློང་ཆེན་རབ་འབྱམས་པའི་བཞེད་པ་དང་མི་མཚུངས་བར་གསལ། རྒྱལ་ཚབ་རྗེའི་རྣམ་བཤད་སྙིང་རྒྱན་ (༤༦༤/ བློ་གླིང་དཔེ་ཁང་། ) ལས། སྟོང་བ་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང་། རྒྱུ་མཚན་སྔ་མ་གཉིས་གོ་ལྡོག་ནས་སྦྱོར་བ་ནི་གཞུང་འདིའི་དོན་མིན་པར་རྗེ་ཉིད་ཀྱི་གསུང་ལས་འབྱུང་བའོ།། ཞེས་ཞལ་འཕངས་མཛད་པ་དེ། རྗེའི་ལེགས་བཤད་གསེར་ཕྲེང་ ༦༢༤/ ལས། སྔར་འཁོར་འདས་གཉིས་ལ་རྟག་ཆད་དུ་བཤད་པ་དང་། འདིར་ཡང་འོག་ཏུ་འཁོར་བ་དང་ཞེས་སྔོན་ལ་བྱུང་བས་སྙིང་བརྩེ་བ་དང་བྲལ་བ་སྔོན་ལ་བྱུང་ཡང་སྡེབ་སྦྱོར་གྱི་ངོར་ཡིན་པས་ཤེར་སྒྲོན་ལྟར་ཤེས་རབ་དང་བྲལ་བ་དང་པོར་འདོན་ནོ།། ཞེས་རྒྱུ་མཚན་སྔ་མ་གཉིས་གོ་ལྡོག་ནས་སྦྱར་བ་ཇི་བཞིན་གསུང་བ་འདིས་ཀྱང་ལེགས་བཤད་རིན་པོ་གསེར་གྱི་ཕྲེང་བ་རྗེ་ཐམས་ཅད་མཁྱེན་པའི་བཀའ་གསུང་ཡིན་པ་ལ་སོམ་ཉི་དང་བྲལ་བའོ།།
ཡང་གསེར་ཕྲེང་ ༤༡/ ལས། རིགས་པ་འདི་དག་གིས་ཆོས་ཐམས་ཅད་སྐྱེ་མེད་དུ་སྒྲུབ་པའི་ཕྱིར་རོ།། ཞེས་རྟེན་འབྲེལ་གྱི་གཏན་ཚིགས་སོགས་ལྔས་བསྒྲུབ་བྱ་བདེན་མེད་གཅིག་བུ་ཡིན་པར་གསུངས་བ་དང་། གྲུབ་མཐའ་མཛོད་ (༡༠༥/ དུ། མ་ཡིན་དགག་གཏན་ཚིགས་སུ་བཀོད་པ་རྟེན་འབྲེལ་ཆེན་པོ་དང་། མེད་དགག་གཏན་ཚིགས་སུ་བཀོད་པ་གཅིག་དང་དུ་བྲལ་ལོ།། ཞེས་དང་། འདིའི་གཏན་ཚིགས་སུ་བཀོད་པ་ཞེས་པ་ནི་གཏན་ཚིགས་རང་ལ་མི་བཤད་པར་དེའི་བསྒྲུབ་བྱ་ལ་བཤད་པར་གཅིག་དུ་བྲལ་གྱི་གཏན་ཚིགས་འཆད་སྐབས། དེ་ཉིད་ (༡༠༩/ ལས། ཡང་དག་པའི་གཏན་ཚིགས་སུ་བསྒྲུབས་པ་དེའི་བསྒྲུབ་བྱ་ནི། སྒྱུ་མ་ལ་སོགས་པ་ཡོངས་དཔྱོད་མ་ཡིན་པར་དགག་པ་ནི་མ་ཡིན་ཏེ། བདེན་པའི་དངོས་པོ་བཀག་པ་ཙམ་རྣམ་བཅད་མེད་དགག་བསྒྲུབ་པ་ཡིན་ནོ།། ཞེས་གཅིག་དུ་བྲལ་གྱི་གཏན་ཚིགས་ཀྱི་བསྒྲུབ་བྱ་མེད་དགག་དང་། རྟེན་འབྲེལ་གྱི་གཏན་ཚིགས་དེའི་བསྒྲུབ་བྱ་མ་ཡིན་དགག་ཡིན་པར་བཤད་པ་གཉིས་འགལ་བ་ལྟག་སྤྲོད་དུ་སོང་འདུག་པ་དང་། གསེར་ཕྲེང་༤༣༨/ ལས། ས་དགུ་པ་ལ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་སྙེད་དང་། ཞེས་པ་འདི་དང་། གྲུབ་མཐའ་མཛོད་ ༢༠༠/ དུ། ས་དགུ་པ་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་བ་སྙེད་པ་དང་། ཞེས་པ་གཞི་སྣོད་དང་ཡོན་ཏན་ལྷག་པའི་གྲངས་ཙམ་ཡང་མི་མཐུན་པར་འགལ་བར་གནས་པ་ནི་གཉིས་ཀ་ཕར་ཕྱིན་རང་ལུགས་ཡིན་པ་གང་ཞིག་ལ་མི་འཐད་པར་བཤད་པ་ཡིན་གྱི་མཁས་པ་གཅིག་གི་གསུང་ལའང་གྲུབ་མཐའི་ཁྱད་ཕྱེ་བ་ལ་ཁྱད་པར་ཡོད་པ་སྤྱི་ལུགས་ཡིན་པས། བཞེད་ཚུལ་མི་མཐུན་པ་འདིས་ཀྱང་ཀློང་ཆེན་པའི་མ་ཡིན་པ་ཤེས་སླའོ།། དེའི་ཕྱིར། ཡང་དག་པའི་རྒྱུ་མཚན་གང་ཡང་མི་འདུག་ན་འཆལ་གཏམ་ཙམ་གྱིས་ཅི་ཡང་མི་འགྲུབ་པས་བརྡོལ་གཏམ་མིན་པར་ལེགས་བཤད་གསེར་གྱི་ཕྲེང་བ་འདི་རྗེ་བླ་མ་མཆོག་གིས་མཛད་པ་མིན་པའི་གཞུང་དང་སྦྱར་བའི་རྒྱུ་མཚན་ཁུངས་འཁྱོལ་བ་ཞིག་ནི་རྡུལ་བྱེ་བ་བརྒྱར་གཤགས་པའི་ཆ་ཙམ་ཡང་སྟོན་དུ་མེད་སྙམ་སྟེ་ཡོད་ན་སྟོན་ཅིག་དང་བདེན་པ་བདར་བར་བགྱི་བ་ལས། གཞུང་དངོས་ལ་མུན་ནག་མདའ་འཕེན་ལས་མེད་ན། ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་མཁས་པ་ཀུན་ལ་གྲགས་ཤིང་གྲུབ་པ་ལྟར་མི་འདོད་བཞིན་དུ་ཁས་ལེན་དགོས་སོ།།
བཞི་པ་ཤེས་བྱེད་གཞན་བསྟན་པ་ལ་རྒྱུ་མཚན་དྲུག་ལས། ༡༽ རྫ་དཔལ་སྤྲུལ་གྱི་རྒྱན་འགྲེལ་སྤྱི་དོན་སེམས་བསྐྱེད་ཀྱི་ ༤༡/ ཐད་དུ། ཉེས་པ་མེད་དེ། རྒྱལ་སྲས་ལ་ཡོད་པས་སངས་རྒྱས་ལ་ཡོད་པ་མི་ཁེགས་ལ། རྒྱལ་སྲས་རྣམས་ཀྱིས་ཐོབ་པར་བྱ་བའི་སེམས་བསྐྱེད་ཅེས་ཀྱང་དགོངས་པ་བརྟག་ནུས་ཏེ། དེ་ལྟ་མིན་ན་སྔར་གྱི་ས་མཚམས་དང་འགལ་ཞིང་དོན་དམ་སེམས་བསྐྱེད་ཀྱང་མེད་པར་ཧ་ཅང་ཐལ་ལོ།། ཞེས་སོགས་གཞུང་གོང་འོག་ཀུན་ཏུ་ཕར་ཆེལ་གསེར་ཕྲེང་ཕབས་བཤུས་བྱས་པ་ལྟ་བུར་སྣང་ལ། དེ་ཡང་སྔར་རྫ་དཔལ་སྤྲུལ་གྱི་རྒྱན་འགྲེལ་རྩྭ་དཔར་མའི་མཇུག་རྩོམ་དུ་རྗེའི་གསེར་ཕྲེང་ལས་བསྡུས་པའི་སྐོར་བཀོད་ཡོད་ཀྱང་། ཕྱིས་པར་སྐྲུན་བྱས་པའི་དཔེ་མང་པོ་ལས་མཇུག་བྱང་བཅད་དེ་སུས་མཛད་ཀྱང་མི་ཤེས་པར་བྱས་འདུག་པ་ནི་ཅི་འདྲའི་ཡིད་ཁོང་ནས་ཆད་དགོས་པ་ཞིག་མ་རེད་ཨང་།
༢༽སྟག་ཚང་ལོ་ཙཱ་བས་དང་ཐོག་འགལ་བའི་ཁུར་ཆེན་ཉི་ཤུ་རྩ་བདུན་གྱི་དགག་པ་བརྩམས་ཡོད་ཀྱང་། གང་མཚམས་ཤིག་ནས་རྗེའི་ལེགས་བཤད་གསེར་ཕྲེང་ལ་གཟིགས་རྟོག་གནང་རྗེས། “ཁྱོད་བློ་ཉི་མ་གཞོན་ནུའི་དུས་ཀྱི་ཚེ།། མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།། བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ།། ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།།” ཞེས་ཁྱེད་རང་དགུང་ལོ་ཆུང་དུས་ནས་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་པ་ཆ་ཚང་བར་ཁོང་དུ་ཆུད་འདུག་པས་ངའི་ང་རྒྱལ་གྱི་ཁེངས་པ་ཞུམ་སོང་ཞེས་བསྟོད་ཚིག་ཕུལ་གནང་མཛད་པས། སྟག་ཚང་ལོ་ཙཱ་བས་མདོ་དང་རྒྱན་གྱི་པད་ཚལ་རྒྱས་པ་མཐོང་ས་དེ་གསེར་ཕྲེང་ལས་གཞན་རྗེའི་གསུང་གང་འཇོག་ཅེས་པའང་ལོག་བཤད་པ་དག་གིས་ནམ་ཡང་ལན་འདེབས་མི་ནུས་པའི་དྲི་བ་ཆེན་པོ་ཞིག་རེད།
༣༽ཡང་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ ( ༤༤/དགའ་བྱང་དཔེ་ཁང་།) ལས། མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྣམ་བཤད་ཆེན་མོ་དེ་ཉིད་ཀྱི་རྩོམ་པའང་མཛད། ཅེས་མཁས་གྲུབ་སྨྲ་བའི་ཉི་མས་གསུངས་པ་དེ་དང་། རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་མཛད་པའི་རྗེའི་རྣམ་ཐར་(༡༤༡/ སེར་བྱེས་རིག་མཛོད་དཔེ་ཁང་།)ལས་ཀྱང་། བདེ་བ་ཅན་དུ་ཕར་ཕྱིན་གྱི་ཊཱིཀ་ཆེན་པོ་དེ་ཡང་མཛད། ཅེས་དང་། བཀའ་བརྒྱུད་ཀྱི་སློབ་དཔོན་ཆེན་པོ་འགོས་ལོ་ཙཱ་བའི་དེབ་སྔོན་( སྟོད་ ༣༦༩/ གསར་རྙིང་གི་ཆོས་འབྱུང་དཔེ་དེབ།) ལས། ཡང་རྗེ་བཙུན་རེད་མདའ་བས་མཁས་པ་ཆེན་པོ་ཉ་དཔོན་ཀུན་དགའ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་ལེགས་པར་བསླབས། ཕྱིས་སློབ་མ་རྣམས་ཀྱིས་བསྐུལ་ནས་འགྲེལ་པ་དོན་གསལ་གྱི་ཊཱིཀྐ་ཡང་མཛད། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་རྗེ་རེད་མདའ་བ་ལས་གསན་ཏེ། དུས་ཕྱིས་བྱ་བྲལ་ལ་མ་བྱོན་པའི་གོང་དུ་ལེགས་བཤད་གསེར་ཕྲེང་ཞེས་བྱ་བའི་ཊཱིཀྐ་ཆེན་མོ་དེ་མཛད། ཅེས་སོགས་དུས་དང་ཡུལ་སློབ་དཔོན་སོགས་གཅིག་ལས་གཅིག་ཁ་གསལ་བའི་ཡིག་འཇོག་བྱས་པ་དག་ཞལ་རྫུན་ཡིན་མི་སྲིད། མ་ཟད་སྐབས་དེ་དུས་ནི་བོ་དོང་པཎ་ཆེན། རོང་སྟོན་ཤཱཀྱ་སེང་གེ་ལ་སོགས་པ་དངོས་གནས་དྲང་གནས་ཚབ་མཚོན་བྱེད་འོས་པའི་མཁས་པ་བརྒྱ་ཕྲག་མང་པོ་བཞུགས་པས་རིགས་པའི་ཚ་རླབས་དགུང་དུ་འཕྱོ་བའི་སྐབས་ལ་ཁེལ་ཡོད་པ་དང་། ཕྱིས་སུ་བྱོན་པའི་གོ་ཤཱཀ་གཉིས་ལ་སོགས་པས་འདི་ལྟ་བུའི་ཕར་ཕྱིན་གྱི་བརྗོད་བྱ་ཟབ་ཅིང་བརླིང་བ་པོད་ཆེན་པོ་འདི་འདྲ་ཞིག་རྗེའི་བརྩམས་པ་མ་ཡིན་བཞིན་དུ་འུད་ཆེན་པོས་བསྒྲགས་པ་ལ་བཏང་སྙོམས་སུ་འཇོག་སྲིད་པ་ཞིག་གཏན་མ་ཡིན་ནོ།།
༤༽ སྤྱིར་མཁས་པ་ཆེན་པོ་དག་ལ་སོ་སོའི་ཐུན་མོང་མ་ཡིན་པའི་གཞུང་རྩོམ་སྟངས་དང་ཚིག་གཤིས་ནི་ལོགས་སུ་ཡོད་པས། ཀློང་ཆེན་རབ་འབྱམས་པའི་མཛོད་བདུན་གྱི་རྩོམ་གཤིས་དང་། ལེགས་བཤད་གསེར་ཕྲེང་གི་རྩོམ་གཤིས་གཉིས་རྩ་བ་ཉིད་ནས་མཚུངས་ཀྱི་མི་འདུག དེའི་ཕྱིར་གོང་གི་སྐད་ཆ་དེ་གཞི་འཛིན་ས་མི་འདུག་ཅེས་མཁས་བ་འགས་གསུངས་པ་ནི་ཧ་ཅང་བདེན་པར་སྣང་། མཐོང་རྒྱ་ཞན་པའི་བདག་གིས་ནི་ཀློང་ཆེན་རབ་འབྱམས་པའི་གསུང་ལས། གྲུབ་མཐའ་མཛོད་མ་གཏོགས་བཀླགས་མ་མྱོང་ཡང་། བལྟས་ཙམ་ཉིད་ནས་ལེགས་བཤད་གསེར་ཕྲེང་དང་རྩོམ་གཤིས་མི་འདྲ་བར་གསལ་ཐག་ཆོད་ཤེས་ནུས་པའི་ཕྱིར་རོ།།
༥༽ལེགས་བཤད་གསེར་ཕྲེང་དང་། རྒྱལ་ཚབ་རྗེའི་རྣམ་བཤད་སྙིང་རྒྱན་གཉིས་ལ། དཔལ་ས་སྐྱའི་མཁས་པ་རོང་སྟོན་རྗེས་འབྲང་དང་བཅས་པའི་ཁྲོད་དུ་དགེ་ལྡན་པའི་ཕར་ཕྱིན་རྣམ་བཤད་གཉིས་ཞེས་ཡོངས་སུ་གྲགས་པ་དང་། ལེགས་བཤད་འདིའི་བཤད་རྒྱུན་ཡང་དགེ་ལྡན་པའི་མཁས་པ་རྣམས་ལ་མ་ཉམས་པར་སྣང་བ་དང་། ཀློང་ཆེན་རབ་འབྱམས་པའི་རྣམ་ཐར་གང་ནའང་ཕར་ཕྱིན་གྱི་རྣམ་བཤད་ཆེན་མོ་བརྩམས་ཟེར་བ་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ།།
༦༽ འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ནི། ལྟ་བའི་ལེགས་བཤད་ཆེན་པོ་ལྔ་ལ་སོགས་པ། གངས་རིའི་ཁྲོད་དུ་སྔར་མ་གྲགས་པའི་བསྟན་བཅོས་ཆེན་མོ་བརྩམས་གནང་མཁན། སོ་སོར་ཐར་པའི་ཕམ་ལྷག་གི་ལྟུང་བ་ཕྲ་མོ་ཙམ་ཡང་འོང་མ་མྱོང་བའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཞིག་གིས་གཞན་གྱི་རྩོམ་དབུ་ཞབས་བསྒྱུར་ནས་རང་གི་ཡིན་ཁུལ་བྱེད་པ་ནི་གཏན་ནས་མི་སྲིད་པ་ཤེས་པར་གྱིས་ཤིག མ་གཞི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་ནི། སངས་རྒྱས་ཀྱི་བསྟན་པ་སྤྱིའི་མཛེས་རྒྱན་དང་། སྔ་འགྱུར་བསྟན་པའི་སྒྲོན་མེ་འགྲན་ཟླ་བྲལ་བ་ཞིག་སྟེ། གྲུབ་མཐའ་སོགས་མཛོད་བདུན་དང་། ངལ་གསོ་སྐོར་གསུམ། སྙིང་ཐིག་ཡ་བཞིའི་ཆོས་སྐོར་སོགས་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་ལྷག་བཞུགས་པའི་ངེས་དོན་གྱི་མཁས་དབང་ཆེན་པོ་ཞིག་ལགས་ན། གལ་སྲིད་རང་བདེན་དུ་མཆིས་ཚེ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་ཡིག་འཇོག་ཚིག་བཅད་གཅིག་ཙམ་ཡིན་ཡང་སློབ་རྒྱུད་རྣམས་ཀྱིས་གསུང་འབུམ་དུ་འཇུག་གང་ཐུབ་བྱེད་ངེས་པས། ཀློང་ཆེན་རབ་འབྱམས་པ་ནི་(༡༣༠༨- ༡༣༦༣) ལ་དགོངས་པ་རྫོགས་པ་ཡིན་ལ། རྗེ་རིན་པོ་ཆེ་ ༡༣༥༧- ལ་སྐུ་འཁྲུངས་པ་ཡིན་པས། ལེགས་བཤད་གསེར་ཕྲེང་ཀློང་ཆེན་རབ་འབྱམས་པས་དགུང་ལོ་ལྔ་བཅུ་རྩ་དྲུག་ལ་བརྩམས་པ་ཡིན་པའི་དབང་དུ་བྱས་ནའང་། མ་མཐའ་ཁོང་དགོངས་པ་རྫོགས་ནས་བགྲང་བྱ་ཉི་ཤུ་རྩ་དྲུག་ཙམ་ལ་བདག་པོ་གཅིག་ཀྱང་རྒྱག་མཁན་མེད་པའི་རྒྱན་འགྲེལ་གྱི་བཤད་པ་རྨད་དུ་བྱུང་བའི་ལེགས་བཤད་གཏོས་ཆེ་བ་ཞིག་ལྷག་འདུག་པ་ཧ་ཅང་ངོ་མཚར་མི་ཆེའམ། འདི་ལྟ་བུའི་ཁུངས་དང་གཏན་ཚིགས་གཅིག་ལས་གཅིག་བཙན་པ་དག་ཡོད་བཞིན། རྒྱུ་མཚན་དང་སྒྲུབ་བྱེད་ལྟར་སྣང་ལ་བརྟེན་པའི་རྫུན་བསྒྲིགས་འདི་ལྟ་བུ་ཁྱོད་ལ་སྨྲ་དགོས་པའི་ལས་སུ་ཞིག་གིས་བཅོལ་བ་རེད། སྟོན་པ་ཐུགས་རྗེ་ཅན་དང་། རིས་མེད་ཀྱི་སློབ་དཔོན་དག་ལ་ངོ་མི་གནོང་། བདེན་པར་སྨྲ་བའི་ཚད་མའི་སྐྱེས་བུ་དག་ལ་ཞེ་མི་འཇིགས་པར་ལེགས་བཤད་ལོག་བཤད་དུ་སྨྲ་བའི་ཆོས་སྤོང་གི་ལས་ལ་ཅིའི་ཕྱིར་བྲེལ། ཞེས་འདྲིའོ།།
ལྔ་པ་ནི། མི་ཞིག་གི་མི་ཚེ་ལེགས་ལམ་དུ་འགྲོ་མིན་ནི་ལོ་ཆུང་ཆུང་སྐབས་ནས་རང་བཞིན་བཟང་པོ་ཞིག་དང་། གང་ལ་སྦྱང་བྱའི་གཞུང་ལ་སློབ་འདོད་ཀྱི་འདུན་པ་བརྟན་པོ་ཞིག་འཇོག་གནང་མཛད་རྒྱུ་ཡིན་པ་སྨྲ་ག་ལ་དགོས། དེའི་ཕྱིར། ཞི་དུལ་ཆོས་ཀྱི་བཤེས་གཉེན་ཆོས་རྗེ་དོན་གྲུབ་རིན་ཆེན་པའམ་ཤར་ཕྱོགས་པ་རིགས་པའི་དཔའ་བོ་གང་གིས་རྗེ་ཉིད་དགུང་ལོ་བཅུ་དྲུག་བར་དུ་བསྐྱངས་ཏེ། དམ་པ་ཆོས་ཀྱིས་རྒྱུད་སྨིན་པར་བྱེད་པའི་བཀའ་དྲིན་ཟླ་མེད་བཤེས་གཉེན་ཁོང་དང་། རྗེ་རེད་མདའ་བ། ཉ་དཔོན་ཀུན་དགའ་དཔལ་ལ་སོགས་པའི་མདུན་ནས་གཞུང་ཆེན་པོའི་བདུད་རྩི་ངོམས་མེད་དུ་བཞེས་གནང་མཛད་པ་དང་། དེ་དུས་མཁས་པའི་འབྱུང་གནས་ལྟ་བུ་གཙང་རོང་གི་ས་སྐྱ་དང་། གསང་ཕུ་དང་བདེ་བ་ཅན། འདར་བཟང་ལྡན། ངམ་རིང་འགའ་རོང་ཆོས་སྡེ། ཆོས་གྲྭ་ཆེན་པོ་ཨེ་དང་གནས་རྙིང་རྣམས་སུ་གྲོགས་རིགས་པ་སྨྲ་བ་བརྒྱ་ཕྲག་མང་པོ་དང་ལྷན་གཞུང་ཆེན་སྐོར་ལ་བརྒལ་བརྟག་ལེགས་པར་མཛད་པ། ཕར་ཕྱིན་དང་འབྲེལ་བའི་གཞུང་ཆེན་པོའི་དཔེ་གཟིགས་རྒྱ་ཆེན་པོ་མི་རྣམས་ཀྱི་བློ་ཡུལ་དུ་མི་ཤོང་བའི་དཀའ་སྤྱད་མཛད་པ་སོགས་རྒྱན་འགྲེལ་རྩོམ་པའི་རྒྱུ་ཕུན་སུམ་ཚོགས་པ་དེ་དག་གྲུབ་པས། རྗེ་ཉིད་ཀྱི་ཐུགས་དགོངས་ལ་དེ་སྔོན་བོད་དུ་རྒྱན་འགྲེལ་མང་དུ་སྣང་ཡང་མཐའ་ཆོད་པའི་རྒྱ་ཆེར་འགྲེལ་ཞིག་རྙེད་སོན་མ་བྱུང་བས། ད་ནི་ཅིས་ཀྱང་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་འགྲེལ་ཞིག་དགོས་གལ་ཤིན་ཏུ་ཆེ་བར་ཐུགས་ལ་འཁྲུངས། དེ་ནས་དགུང་ལོ་ཉེར་བདུན་ལ། སྐྱིད་ཤོད་ཚལ་གུང་ཐང་དུ་ཐུགས་ལྷོད་ལྷོད་ཀྱིས་བཞུགས་ཏེ། རྒྱལ་བའི་བཀའ་དང་། བསྟན་བཅོས་འགྱུར་རོ་ཅོག་ལ་དཔེ་གཟིགས་འབྱམས་ཀླས་པ་གནང་། ཞོལ་དུ་བསགས་སྦྱོང་ཡང་མཛད། དགུང་ལོ་ཉེར་དགུ་ལ་”གསུང་རབ་མཐའ་དག་གི་དོན་ལ་རྣམ་པར་དཔྱོད་པའི་སྒོ་དུ་མ་ཐུགས་ལ་འཁྲུངས་ཏེ། “སྔོན་མེད་པའི་བསྟན་བཅོས་ལེགས་བཤད་གསེར་གྱི་ཕྲེང་བའི་བཀའ་རྩོམ་གྱི་འགོ་འཛུགས་གནང་། དགུང་ལོ་སུམ་ཅུ་པ་ན་ལེགས་བཤད་གསེར་གྱི་ཕྲེང་བ་ཕལ་ཆེར་གྲུབ། དེ་ནས་ལྷ་སར་བྱོན། ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་དུ་སྙུང་གནས་མང་དུ་མཛད་པ་སོགས་སྒྲིབ་སྦྱོང་རྒྱ་ཆེན་བྱས། སླར་ཡང་ཚལ་ཡང་དགོན་དུ་བྱོན་ནས་ལེགས་བཤད་གསེར་ཕྲེང་གི་འཕྲོ་སྐྱོང་གནང་ཞིང་། དགུང་ལོ་སུམ་ཅུ་སོ་གཅིག་པ་ཕྱི་ལོ་ ༡༣༨༧/ རབ་བྱུང་བདུན་པའི་བགྲང་བྱ་དང་པོའི་སྣྲོན་ཟླ་བའི་ནང་“མཁས་གྲུབ་བར་མ་ཆད་དུ་བྱོན་པའི་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་མཇུག་ཡོངས་སུ་”རྫོགས་པར་སྦྱར་བའོ།། དེ་ལྟ་བུའི་ལེགས་བཤད་ཆེན་པོ་འདིས་ནི། རྒྱན་རྩ་འགྲེལ་གྱི་ཚིག་དོན་རྣམས་གོ་བདེ་ལ་འཆར་སྐྱེན་པར་བཀྲལ་ཞིང་ཤུགས་ལས་ཐོན་པའི་དོན་རྣམས་ཀྱང་ཐང་མར་བརྡལ་བར་མཛད་པ་དང་། ལྷག་པར་དུ་རིགས་པའི་གནད་གསང་དག་ལ་དམིགས་ཕུག་པའི་སྒོ་ནས་ཕྲ་ཞིབ་ཀྱིས་བརྟག་ཞིབ་བྱས་ཏེ། རྒྱལ་བའི་བཀའ་དང་པཎ་གྲུབ་བཅུ་བདུན་ལ་སོགས་པ་རྒྱ་བོད་ཀྱི་གཞུང་ཆེན་དག་གི་དགོངས་དོན་ལ་གཏུགས་པས་དོགས་པ་ལྷག་མ་མ་ལུས་པར་ཆོད་ངེས་སུ་མཛད་གནང་བ་དང་། ཞོར་དུ་མཁས་གྲུབ་ཤཱནྟི་བ་ལ་སོགས་པའི་རྒྱ་བོད་ཀྱི་མཁས་པ་སོ་སོས་མཛད་པའི་འགྲེལ་བཤད། ཡང་འགྲེལ་དང་བཅས་པ་ལ་ཡང་དག་པའི་ཤེས་རབ་ཀྱིས་གཞིག་སྟེ་མི་འཐད་པའི་ཆ་རྣམས་མཐའ་དཔྱད་དེ་སུན་ཕྱུང་བ་དང་། འཐད་པའི་ཆ་རྣམས་ལ་རྒྱབ་རྟེན་གྱི་ཁུངས་ལུང་གསལ་པོ་བསྟན་ཏེ་རང་གི་ལུགས་སུ་མངའ་གསོལ་བར་མཛད་པ་དང་། “ སྒོས་སུ་མདོ་རྒྱན་སྦྱོར་ཚུལ་གྱི་སྐབས་སུ་ཉི་སྣང་གི་ཚིག་བརླིང་པོ་རྣམས་ཉི་ཁྲི་དག་(འཕགས་པས་དག་བསྒྲིགས་མཛད་པས་ཉི་ཁྲི་ལེའུ་བརྒྱད་མ་ཡིན། )གཏུགས་ཀྱི་ལྡེ་མིག་གིས་ཕྱེ་སྟེ་མཉམ་མེད་རྔོག་ལོ་ཆེན་པོའི་བཤད་སྲོལ་དང་བསྟུན་ནས་” སྔོན་ཆད་ཡོངས་སུ་མ་གྲགས་པའི་ལམ་སྲོལ་བཟང་པོ་གསལ་བར་ཕྱེ་བ་སོགས་ཁྱད་ཆོས་དུ་མའི་སྒོ་ནས་གངས་ཅན་གྱི་མཁས་མཆོག་མཐའ་ཀླས་པས་མཛད་པའི་རྣམ་བཤད་ཀུན་གྱི་ནང་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་གཟུར་གནས་བློ་ལྡན་རྣམས་མགྲིན་གཅིག་ཏུ་གླེང་། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་བརྩམས་གནང་བཛད་པས། ཕན་བདེའི་རྩ་ལག་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་ཅི་ཡང་བསྒྲེངས་པ་ནི་གངས་ཅན་པ་སྤྱིས་ལན་གསབ་པར་མི་ནུས་པའི་བཀའ་དྲིན་གྱི་གནས་སུ་ཆེའོ།།
ཅེས་པ་ནི་བདག་ཉིད་ཆེན་མོ་རྗེ་བློ་བཟང་གྲགས་པ་མཆོག་ནས་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བའི་སྔོན་མེད་པའི་བསྟན་བཅོས་ཆེན་མོ་མཛད་ནས་བགྲང་བྱ་དྲུག་བརྒྱ་སོ་གཅིག་པ་བོད་རྒྱལ་ལོ་༢༡༤༥/ ཕྱི་ལོ་ ༢༠༡༨/ ལོའི་ཟླ་ ༩/ ཚེས་༡༣- ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་རོང་པོ་ཁང་ཚན་དུ་བློ་བཟང་བསྟན་འཛིན་ནས་བྲིས།
བཀའ་བརྒྱུད་ཀྱི་སློབ་དཔོན་ཆེན་པོ་འགོས་ལོ་ཙཱ་བའི་དེབ་སྔོན་( སྟོད་ ༣༦༩/ གསར་རྙིང་གི་ཆོས་འབྱུང་དཔེ་དེབ།) ལས། ཡང་རྗེ་བཙུན་རེད་མདའ་བས་མཁས་པ་ཆེན་པོ་ཉ་དཔོན་ཀུན་དགའ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་ལེགས་པར་བསླབས། ཕྱིས་སློབ་མ་རྣམས་ཀྱིས་བསྐུལ་ནས་འགྲེལ་པ་དོན་གསལ་གྱི་ཊཱིཀྐ་ཡང་མཛད། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་རྗེ་རེད་མདའ་བ་ལས་གསན་ཏེ། དུས་ཕྱིས་བྱ་བྲལ་ལ་མ་བྱོན་པའི་གོང་དུ་ལེགས་བཤད་གསེར་ཕྲེང་ཞེས་བྱ་བའི་ཊཱིཀྐ་ཆེན་མོ་དེ་མཛད།
(དོན་)ཟབ་རྒྱལ་བའི་གསུང་གི་གྲུར་ཞུགས་ཏེ། །
(གྲུབ་)མཐའ་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིང༌། །
རྣམ་གྲོལ་(རིན་ཆེན་)གླིང་དུ་ལུས་ཅན་རྣམས། །
ཀུན་ནས་བཀྲི་མཛད་(ཆོས་རྗེའི་)ཞབས་ལ་འདུད། །
འདིར་མཆོད་པར་བརྗོད་ཡུལ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་ཡིན་ལ་ཀློང་ཆེན་གྱིས་ཆོས་རྗེ་དོན་གྲུབ་རིན་ཆེན་ལ་མཆོད་པར་བརྗོད་དམ།
བློ་གསལ་རྒྱུ་སྐར་བྱེ་བའི་དབུས་ན་བརྗིད། །
འཕྲིན་ལས་འོད་དཀར་ཕྱོགས་བཅུ་ཀུན་ཏུ་གསལ། །
ལེགས་བཤད་བདུད་རྩིའི་ཟེར་གྱིས་བདག་བློའི་མཚོ། །
མཛེས་པ་སྐྱེད་མཛད་ཡོངས་འཛིན་རྣམ་བཞི་རྒྱལ། །
འདི་སྐབས་ཀྱི་ཀློང་ཆེན་གྱི་ཡོངས་འཛིན་རྣམ་བཞི་ངོས་འཛིན་རྒྱུ་ཡོད་དམ།
ཁོ་བོ་འདི་འདྲ་ཞིག་གོ་མྱོང་ཡོད། སྔར་གདན་སའི་དགེ་བཤེས་ཞིག་ཨ་མདོ་ཕྱོགས་སུ་གནས་སྐོར་དུ་འགྲོ་སྐབས་བཀྲ་ཤིས་འཁྱིལ་གྲྭ་བ་ཞིག་གི་སར་གནས་ཚང་ཡར་ནས་བསྡད་སྐབས། གྲྭ་བ་དེས་དཔེ་ཆ་ཞིག་ཀློག་གི་ཡོད་གཟིགས་སྐབས་དགེ་བཤེས་དེས་ཉིད་ཀྱིས་ཀློག་གནང་བའི་ཕྱག་དཔེ་དེ་གང་ཡིན་ནམ་ཞེས་དྲིས། གྲྭ་དེས་འདི་ཁྱེད་ལ་དགོས་རྒྱུ་ཞིག་ཡིན་ནི་མ་རེད། འདི་ལེགས་བཤད་གསེར་གྱི་ཕྲེང་བ་ཡིན་ནི་རེད། ཞེས་དགེ་བཤེས་ཉམ་ཆུང་དེ་ལ་ཁྱད་སོ་དང་བཅས་ལན་བྱིན། དེ་ནས་དགེ་བཤེས་དེས་སུས་གསུངས་པ་ཡིན་ནམ། ཞེས་དྲིས། གྲྭ་བ་དེས། དེ་ད་་ཨ་ཁུ་གུང་ཐང་ཚང་མིན་ནུ། ཞེས་ལན་བྱིན། དེས་ན་མདོ་སྨད་ཕྱོགས་ལ་གུ་ཐང་རིན་པོ་ཆེ་སྐད་གྲགས་ཡོད་སར་གསེར་ཕྲེང་གུང་ཚང་གི་གསུངས། ཀློང་ཆེན་སྐད་གྲགས་ཡོད་སར་ཀློང་ཆེན་པས་གསུངས། རྗེ་རིན་པོ་ཆེ་སྐད་གྲགས་ཡོད་སར་རྗེ་རིན་པོ་ཆེས་གསུངས། སྟོན་སོགས་ཕལ་ཆེར་རང་སྡེ་འདྲེན་རྒྱུ་མང་གསུངས་པ་ཅི་མི་བདེན།
[རྡ་སར་ཕྱི་ལོ་ ༢༠༠༤/ ལོར་པར་སྐྲུན་བྱས་པའི་ཀུན་བཟང་བླ་མའི་ཞལ་ལུང་གི་དཔར་སྐྲུན་གསལ་བཤད་ལ་གསེར་ཕྲེང་ནི་ཀློང་ཆེན་རབ་འབྱམས་པས་བརྩམས་པ་ཡིན་ཞེས་བྲིས་འདུག ] དེ་དུས་གོང་ས་མཆོག་གིས་གླེང་བརྗོད་དེ་བདེན་པ་མིན་པ་གསུངས་བ་ངོས་ནས་གསལ་པོ་དྲན་གྱི་འདུག རྗེ་རིན་པོ་ཆེ་དེ་འདྲའི་སྐྱགས་བརྫུན་གསུང་མཁན་ཞིག་མ་རེད། ལྷ་པར་དུ་རྗེ་གསུང་བུམ་ཕྱོགས་སྒྲིག་གནང་མཁན་རྒྱལ་ཚབ་རིན་པོ་ཆེ་རེད། ཁོང་གིས་གཞན་གྱི་དཔེ་ཆ་བརྐུ་ནས་བཅུ་དགོས་དོན་ཡོད་བ་མ་རེད་གསུས་སོང།
སྔོན་གྱི་རྒྱ་གར་མཁས་པའི་གསུངས་མང་པོ་ཞིག་མཁས་པ་གཞན་ལ་ཁ་ཡར་བ་མང་པོ་འདུག། ང་ཚོའི་བོད་ལ་མཁས་པ་གཞན་གྱི་གསུང་རང་ངམ་རང་ཕྱོགས་ལ་ཚུལ་འདྲེན་པ་མང་པོ་འདུག འདི་གཉིས་ཀྱི་ཁྱད་པར་གང་གི་སྟེང་ནས་འགྲོ་བ་ཡིན་ནམ་
དུས་རབས་བཅུ་གསུམ་སྐབས་སུ་ཆོས་ཅན། མ་ཤེས་ན་རྗེ་ལ་དྲིས་གསུང་མཁན་མེད་པར་ཐལ། རྗེ་དུས་རབས་བཅུ་གསུམ་པའི་ནང་ད་དུང་འཁྲུངས་མེད་པའི་ཕྱིར།
རྩོམ་འདི་གལ་ཆེ། ནུབ་ཕྱོགས་པ་ཚོས་བཤད་རྒྱུར། དང་པོ་རྫུན། གཉིས་པ་ཨུ་ཚུགས། གསུམ་པ་བདག་དབང་། བཞི་པ་རྒྱུན་འཇགས་ཅེས་འཇིག་རྟེན་འདིའི་ནང་གི་གནས་ཚུལ་མང་པོ་ཞིག་ནི་ཆགས་སྡང་གི་བློ་ལ་བརྟེན་ནས། བློས་བཏགས་པ་ཡིན་སྟབས། ང་ཚོ་ན་གཞོན་རྣམས་གཟབ་དགོས།
སྔོན་མ་ཕ་བོང་ཁ་པར་ནག་ཉེས་བཀལ་ནས་ཁོང་གུ་རུ་རིན་པོ་ཆེའི་སྐུ་ཆུ་ལ་བསྐུར་རབས་བཤད། དོན་དངོས་ལ། དགེ་ལུགས་པའི་གདན་ཐོབ་ཡོད་པའི་བླ་མ་མང་པོ་ཞིག ༼དེའི་ནང་རྒྱལ་བ་སྐུ་འཕྲེང་བཅུ་གསུམ་པ་ཚུད་ཡོད།༽ཕ་བོང་ཁ་སྣང་བར་འགྲོ་གི་མེད། ཁོང་སྤྲུལ་སྐུ་ཁ་ཆེ་དབང་ཐང་དང་བླ་བྲང་སོགས་རྒྱབ་རྩ་ཅི་ཡང་མེད་མཁན་ཞིག་རེད། འོན་ཀྱང་ཕ་བོང་ཁ་པར་སློབ་མ་ཤིན་དུ་མང་བས། བླ་ཆེན་མང་པོ་སྣང་བར་མི་འགྲོ་སྟབས། སྐུ་དྲག་འགའ་ཤས་ཀྱིས་གྲོས་བྱས་ནས། མདོ་སྨད་སྤྱི་ཁྱབ་ལས་ཁུངས་ཀྱིས་སྐུ་དྲག་ཚོས་ཐོག་མར་དཀྲོག་གཏམ་འདི་འདྲ་ཞིག་བླངས། དེ་རྙིང་མའི་དགོན་པ་སོགས་ལ་ཁྱབ་ནས། ཕ་བོང་ཁ་པར་ཉེས་པ་གནམ་ལས་ཆེ་བ་ཞིག་བཀལ་བ་རེད།
དོན་དངོས་ཐོག་བསམ་བློ་བཏང་ན། ཕ་བོང་ཁ་པའི་རྩ་བའི་བླ་མ་སྟག་ཕུ་རྡོ་རྗེ་འཆང་དགེ་རྙིང་འདྲེས་མ་རེད། གཙོ་བོ་རྙིང་མ་རེད། ཕ་བོང་ཁ་མ་གྲོངས་བར་ལ་རྟག་ཏུ་རས་སེར་པོ་ཞིག་གི་ནང་ལ་ཅ་དངོས་རྩ་ཆེན་ཞིག་བྲལ་མེད་ལ་འཁུར་བཞིན་ཡོད། རྗེས་མ་གྲོངས་རྗེས་སློབ་མ་ཚོས་བལྟ་སྐབས་དེའི་ནང་ལ་སྟག་ཕུ་དབར་ལ་ཡིག་འབྲེལ་ཤ་སྟག་ཡིན་པ་དང་། གཙོ་བོ་སྟག་ཕུར་གུ་རུ་རིན་པོ་ཆེའི་གཟིགས་སྣང་ཇི་འདྲ་བྱུང་བ། དག་སྣང་དེ་ཚོའི་ནང་ལ་ཕ་བོང་ཁ་པའི་མ་འོངས་ཀྱི་ལུང་བསྟན་སོགས་ཡོད། གོང་གི་གསུང་དེ་སྟག་ཕུའི་གསང་རྣམ་ནང་ལ་ཡོད། དེས་ན་ཕ་བོང་ཁས་རྙིང་མར་རྒོལ་བ་ཟེར་བ་ནི་རྩ་བ་ནས་ཁོང་གི་ལོ་རྒྱུས་དང་མི་མཐུན།
ཕ་བོང་ཁས་བྲག་རི་རྡོ་རྗེ་འཆང་ཞེས་དགེ་ལུགས་ཀྱི་སྐབས་དེ་དུས་ཀྱི་བླ་ཆེན་ཞིག་ནས་རྙིང་མའི་ཆོས་སྐོར་མང་པོ་བསན་འདུག དེ་བཞིན་ཕ་བོང་ཁས་ཕུར་ལྕོག་ངག་དབང་བྱམས་པའི་དྲུང་ནས་རྟ་མགྲིན་ཡང་གསང་ཞུས་ནས་བསྙེན་པ་བཏང་བ་རེད། ཁོང་གིས་དེ་བཞིན་རྙིང་མའི་ཆོ་ཁ་གཅེས་བཏུས་སྒྲུབ་ཐབས་འདོད་འཇོ་ཞུ་བ་དེ་གསན་རྩིས་ཀྱིས་རྙིང་མའི་བླ་མ་ཞིག་འཚོལ་བཞིན་པའི་སྐབས་ལ་གཏམ་འཁྱམ་དེ་མགོ་ཚུགས་པ་རེད།
ཕ་བོང་ཁས་རང་གི་བླ་མ་དྭགས་པོ་འཇམ་དཔལ་ལྷུན་གྲུབ་ལ་བདེ་མཆོག་གི་དབང་གནང་རོགས་ཞུ་དུས། དྭགས་པོས། སྔོན་མ་སྐྱེད་རྫོགས་མང་པོ་ཉམས་ལེན་བྱས་མྱོང་། དེང་སང་མ་ནི་མ་གཏོགས་གཞན་པ་ཉམས་ལེན་བྱེད་ཀྱི་མེད་ཅེས་རྫུན་མངོན་གསལ་འདོད་པོ་བཤད་ནས་ཕ་བོང་ཁ་པར་བདེ་མཆོག་གི་དབང་སྤྲད་མེད། རྗེས་མ་དྭགས་པོའི་བླ་བྲང་ནང་ནས་ཤེས་ཚོར་བྱུང་བར། ཕ་བོང་ཁ་པ་རྙིང་མའི་ཆོས་ལ་དད་པ་ཆེ་བས་ཁོང་གི་བླ་མ་མ་མཉེས་པ་རེད་འདུག རྗེས་མ་ཕ་བོང་ཁ་པས་བདེ་མཆོག་ལུས་དཀྱིལ་གྱི་དབང་དྭགས་པོ་མཁས་གྲུབ་ཀྱི་ཡབ་སྔགས་ཆེན་དགེ་རྙིང་འདྲེས་མ་ཉམས་ལེན་བྱེད་མཁན་ཞིག་གི་དྲུང་ནས་ཞུས་ནས། བདེ་མཆོག་ལུས་དཀྱིལ་བོད་ཀྱི་དབུས་ཁུལ་ལ་ཕྱོགས་བཞིར་ཁྱབ་པ་རེད། ལུས་དཀྱིལ་དེའི་རྒྱུད་པ་དགེ་ལུགས་ཡིན་མིན་ཁྱེད་ཚོས་ཞིབ་འཇུག་བྱོས་དང་ཧང་སངས་ཡོང་།
བྱས་ཙང་དཀྲོག་གཏམ་ཐོག་མ་ནས་འགོག་དགོས་པ་དེ་གལ་ཆེ།
་་་་་་་་་་་་ “མ་རིག་ན་བུ་ལ་དྲིས།། མ་ཤེས་ན་རྗེ་ལ་དྲིས།། “ ་་་་་་་་་་་་་་་
་
ངས་གོ་ཡ་ལ།
གང་ཡིན་རྗེ་ལ་དྲིས། གར་ཡོད་བུ་ལ་དྲིས།
དུས་རབས་ཀྱི་ཆ་ལ་ཀླུ་སྙོན་བདེན། དུས་རབ་ཅུ་བཞི་པ་ཡིན་ས་རེད།
ཀླུ་སྨྱོན་བདེན།
“ཉ་དཔོན་ཀུན་དགའ་ ( ༡༣༤༥–༡༤༣༩)དཔལ་དགུང་ལོ་བཅུ་དགུ་ཙམ་ལས་མིན་པས། དེ་དུས་ཉ་ཊཱིཀ་གཞི་ནས་བརྩམ་རྒྱུ་ཡིན་ལ། དེར་མ་ཟད་ཉ་དཔོན་དགུང་ལོ་སོ་གཉིས་ཀྱི་ཐོག་རྩེ་ཆེན་དུ་རྗེ་རིན་པོ་ཆེ་དགུང་ལོ་ཉི་ཤུར་སོན་པའི་སྐབས་ཕར་ཕྱིན་གྱི་བཤད་པ་གཞི་ནས་གསན་ཡོད་པས་ཀློང་ཆེན་རབ་འབྱམས་པས་མཛད་པ་མིན་པ་བྱུང་བ་འདི་གཉིས་ཀྱིས་ཆེས་གསལ་བར་བྱས་སོ།།” ཟེར།
ཉ་དབོན་པའི་འཁྲུངས་འདས་ཀྱི་ལོ་ཚིགས་ནོར་ ༡༢༨༥-༡༣༧༩ འདུག་པ་མ་ཟད། ཙོང་ཁ་པས་ཉ་དབོན་པ་ནམ་མཇལ་གྱི་དུས་ཚིགས་ཀྱང་ནོར་འདུག ཙོང་ཁ་པ་ ༡༣༥༧-༡༤༡༩ དབུས་སུ་ཕེབས་སྐབས་ཉ་དབོན་པ་དགུང་ལོ་ ༨༩ ཕེབས་ཡོད།
ཡང་ཁོང་གིས། “ཀློང་ཆེན་རབ་འབྱམས་པའི་གསུང་འབུམ་གང་ནའང་དགེ་འདུན་ཉི་ཤུའི་རྣམ་བཞག་ལོགས་སུ་ཟུར་ཙམ་ཡང་མེད་པ་འདིས་ཀྱང་ལེགས་བཤད་གསེར་ཕྲེང་ཀློང་ཆེན་རབ་འབྱམས་པས་བྱས་ཟེར་བ་ནི་འཆལ་གཏམ་འབའ་ཞིག་ཡིན་པ་ཧ་ཅང་གསལ་བའོ།།”
“མཐོང་རྒྱ་ཞན་པའི་བདག་གིས་ནི་ཀློང་ཆེན་རབ་འབྱམས་པའི་གསུང་ལས། གྲུབ་མཐའ་མཛོད་མ་གཏོགས་བཀླགས་མ་མྱོང་ཡང་། བལྟས་ཙམ་ཉིད་ནས་ལེགས་བཤད་གསེར་ཕྲེང་དང་རྩོམ་གཤིས་མི་འདྲ་བར་གསལ་ཐག་ཆོད་ཤེས་ནུས་པའི་ཕྱིར་རོ།།” འདི་གཉིས་ནང་འགལ་མ་ཡིན་ནམ།
ཀླུ་སྨྱོན་གྱི་བཤད་པ་རྗེ་དུས་རབས་བཅུ་བཞི་བའི་ནང་འཁྲུངས་བ་བདེན། རིག་པའི་རྡོ་རྗེའི་བཤད་པ་སྔ་མ་ཉ་དབོན་ཀུན་དགའ་དཔལ་(༡༣༤༥ —- ༡༤༣༩) གྱི་འཁྲུངས་འདས་མ་རེད་ཟེར་བ་ཁྱེད་རང་ཉིད་ཀྱིས་ནོར་འདུག བཤད་པ་ཕྱི་མ་ངས་ཀློང་ཆེན་པའི་གསུང་འབུམ་ཁྲོད་དུ་དགེ་འདུན་ཉི་ཤུའི་རྣམ་བཞག་མི་འདུག་ཟེར་བ་ནི་གསུང་འབུམ་གྱི་དཀར་ཆགས་ལ་བལྟས་པ་ཡིན་ལ། གྲུབ་མཐའ་མཛོད་ལ་ཞིབ་མཇལ་ཐེངས་གཅིག་བྱས་པ་ལས་གཞན་ལ་ཞིབ་མཇལ་བྱས་མེད་ཟེར་བ་ལ་ནང་འགལ་གང་ཡོད་དམ། རིག་པ་སྨྲ་བ་ལགས་ནས་གསལ་བོ་མཛད་རོགས་ཞུ།
སྐུ་ཞབས་བློ་བཟང་བསྟན་འཛིན་ལགས།
ངས་ནོར་མེད། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་འཁྲུངས་འདས་ ༡༢༩༢-༡༣༦༡ དང་། ཉ་དབོན་ཀུན་དགའ་དཔལ་གྱི་འཁྲུངས་འདས་ལོ་ཚིགས་ ༡༢༨༥-༡༣༧༩ ཡིན། གལ་ཏེ་ཁྱེད་ཀྱིས་གསུངས་པ་ལྟར་ཉ་དབོན་པ་ ༡༣༤༥–༡༤༣༩ ཡིན་ན། ཀུན་མཁྱེན་དོལ་པོ་སངས་རྒྱས་སྐུ་གཤེགས་སྐབས། ཉ་དབོན་པ་དགུང་ལོ་ ༡༦ ལས་སོན་མེད། དེ་ལྟར་ན་ཉ་དབོན་པས་ཀུན་མཁྱེན་དོལ་པོ་སངས་རྒྱས་བླ་མར་བསྟེན་ནས་གདམས་པ་ཞུས་ཚུལ་ལ་འགྲེལ་བཤད་ཇི་ལྟར་གནང་རྒྱུ་ཡིན་ནམ། དེ་ཡང་<>ལས། ཉ་དབོན་པའི་རྣམ་ཐར་དུ།
“དེ་ནས་དགུང་ལོ་བཅུ་དགུར་སྙི་ཐང་དུ་བྱོན་ནས། མཁན་ཆེན་བཀྲ་ཤིས་སེང་གེའི་མདུན་དུ་བསྙེན་རྫོགས་མཛད་པས་དགེ་སློང་རྡོ་རྗེ་འཛིན་པར་གྱུར་ཏོ།། སྐུ་ལ་ཚུལ་ཁྲིམས་ཀྱི་དྲི་བཟང་སྣོམ་པར་མངོན་ནོ།།
དེ་ནས་ཞྭ་ལུ་དང༌། གསང་ཕུ་གདན་ས་མཐིལ་མཚུར་ཕུ་འབྲི་གུང༌། ལྷ་ས། བསམ་ཡས། འཆིང་ཕུག་ལ་སོགས་དབུས་གཙང་ཀུན་ལ་གྲྭ་སྐོར་མཛད་དོ།། འགྲན་ཟླ་བྲལ་བའི་རྩོད་རྒྱལ་བ་ཞེས་གྲག་གོ།
དེའི་ཚེ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་བྱ་རྒོད་གཤོང་དུ་བྱོན་པའི་དུས་སུ་ཞལ་མཇལ་ནས། གསུང་གླེང་མཛད་པས་ཆོས་རྗེ་རིན་པོ་ཆེ་མཉེས་ནས་གནང་སྦྱིན་མཛད་དོ།། ཁོང་ཀྱང་ཆོས་རྗེའི་གསུངས་ཐོས་པ་ཙམ་གྱིས་བློ་གྲོས་པདྨོའི་ཁ་ཕྱེས་ནས། མི་ཕྱེད་པའི་དད་པ་སྐྱེས་ཏེ་ཇོ་ནང་དཔལ་དུ་བྱོན་པའི་ཞབས་ཏོག་མཛད་ནས། དུས་ཀྱི་འཁོར་ལོའི་དབང༌། རྡོར་ཕྲེང་ཞེ་བཞི་འམ་བཞི་བཅུར་ཕྱེ་བ། ཉེར་བརྒྱད་དུ་ཕྱེ་བ། གཤེད་དམར་ལྷ་ལྔ། སྒྲོལ་མ་རྔོག་ལུགས། རྟ་མགྲིན་ཕྱག་རྡོར། ཚེ་དཔག་མེད་ལྷ་དགུ་སྟེ། དེ་དག་གི་དབང་ལུང༌། ལམ་འབྲས་ས་ལུགས་ཞྭ་ལུགས། ཡེ་ཤེས་སྤྱན་སྒྲུབ། སྦས་པ་མིག་འབྱེད། སྦྱོར་དྲུག་ལ་སོགས་ཁྲིད་རིགས་ཐམས་ཅད་གསན་ཅིང༌། དེ་ནས་སེམས་འགྲེལ་སྐོར་གསུམ། གུར་བརྟག་སམ་གསུམ། ངེས་དོན་མདོ་བཅུ་ལ་སོགས་བོད་ཀྱི་འགྱུར་ཚད་ཐམས་ཅད་ལེགས་པར་ཞུས་སོ།།’’ ཞེས་སོ།།
ཀློང་ཆེན་པའི་གསུང་འབུམ་དཀར་ཆག་ཚད་ལྡན་ཞིག་མེད་ལ། TBRC ཚང་ནས་བསྒྲིགས་པ་དེའི་ནང་དུ་<>སོགས་གཞུང་ཆེན་རེ་ཟུང་ཡང་འཁོད་མེད་ན། དེར་གཟིགས་པ་ཙམ་གྱིས་ཁོང་གིས་དགེ་འདུན་ཉི་ཤུའི་རྣམ་གཞག་མཛད་ཡོད་མེད་ཐག་གཅོད་བྱེད་མི་ཐུབ་སྙམ། ཁོང་གི་གསུང་ཡོངས་རྫོགས་ལ་ཞིབ་གཟིགས་གནང་ནས། ད་གཟོད་དེ་མེད་དོ་ཞེས་གསུངས་ན་འོས་པར་མཐོང་ངོ་།།
གོང་གི་ནང་དུ། རིགས་ལྡན་རྒྱལ་བ་ཇོ་བཟང་དཔལ་བཟང་པོས་མཛད་པའི་ཆོས་རྗེ་ཡབ་སྲས་བཅོ་ལྔའི་རྣམ་ཐར་ཉེ་བར་བསྡུས་པ་ངོ་མཚར་རབ་གསལ་ཞེས་པ་དང་།
འོད་གསལ་མཛོད་ཅེས་པ་བཅུག་ཡོད་མོད། གོང་དུ་མཆན་བུར་ཤར་མི་འདུག་པས། འདིར་སླར་ཡང་བཀོད་པ་ཡིན་ནོ།།
ག་རེ་ཡིན་ནམ། གུག་རྟགས་དེ་ <<> གཏན་ནས་ཤར་མི་ཐུབ་ཀི
བསམ་ཤེས་ལགས་ཀྱིས་ཕ་བོང་ཁའི་སྐོར་བཀོད་པ་རྣམས་ཀྱི་ཁུངས་གང་ནས་རེད་
རྗེའི་ལེགས་བཤད་གསེར་ཕྲེང་དང་འབྲེལ་བའི་གཏམ་ཉུང་ངུ་དེ་ཧ་ཅང་ཡག་པོ་གླེང་འདུག མདོ་བརྒྱན་སྦྱར་བ་བཅུ་གཉིས་དང། མ་སྦྱར་བ་དགུ་བཅས་རྒྱ་འགྲེལ་ཉེར་གཅིག་གི་དོན་གནད་དུ་བསྡུས་པ་ལེགས་བཤད་གསེར་གྱི་ཕྲེང་བ་དེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་ན་ཕྲ་བའི་དུས་སུ་མཛད་ཚུལ་རྣམ་ཐར་དད་པའི་འཇུག་ངོགས་སུ་གསལ་བ་ཙམ་མ་ཟད། ལྟ་བའི་ལེགས་བཤད་ལྔ་ལ་སོགས་པ་རྗེའི་གསུང་རྣམས་ལ་ཐོས་བསམ་རྣལ་མ་ཞིག་བྱས་ན། བསྟན་བཅོས་དེ་ཉིད་འཇམ་མགོན་བླ་མ་ཙོང་ཁ་པས་མཛད་པ་ཡིན་མིན་ལ་ལོག་རྟོག་ཕྲ་མོ་ཙམ་ཡང་སྐྱེ་མི་སྲིད་སྙམ་མོ།།
རྗེའི་ལེགས་བཤད་གསེར་ཕྲེང་ནང་གི་བརྗོད་བྱ་སྙིང་པོའི་་སྐོར་གསལ་བཤད་ཅིག་བྱུང་ན་མང་པོ་ཞིག་ལ་ཕན་ངེས། ཤེས་འདོད་ནས་བྲིས་པ་ཡིན།