ཨེ་མ་ཧོ།
ལས་སྨོན་རྟེན་འབྲེལ་བཟང་པོའི་བླ་སློབ་ཆོས་མཆེད་དད་གུས་ཅན་དང་དེང་དུས་འབྲེལ་བའི་དྲ་གྲོགས་ཡོངས་ལ་འཚམས་འདྲི་གུས་ཕྱག་བཅས་ཞུ་འབྲས།
ཞུ་འདོད་དང་ཡིད་སྨོན་དངོས་དེ་སློབ་ཆེན་རྣམ་པ་དང་མཁས་བཙུན་བཟང་པོའི་མཁན་སྤྲུལ་རྣམ་པའི་བདག་རྐྱེན་ལས་༧སྐྱབས་རྗེ་དམ་པ་བྱ་བྲལ་རིན་པོ་ཆེའི་གདན་ས་ལུ་མདོའི་ཆོས་སྒར་ཆེན་མོ་སྔར་བཞིན་ལུང་རྟོགས་བཤད་སྒྲུབ་ཕྲིན་ལས་དར་ཞིང་རྒྱས་པར་མཇལ་བས་དགའ་སྤྲོ་བླ་ལྷག་ཏུ་བརྟས།
རང་ཡང་ཕྱི་ལོ་གོ་གཅིག་ནས་གོ་ལྔའི་བར་མི་ལོ་ལྔའི་རིང་བཀའ་དྲིན་ཅན་གྱི་བླ་མ་དམ་པའི་བཀའ་ཆོས་ཐོབ་པའི་སྐལ་བཟང་དང་རྙེད་དཀའ་བའི་མི་ཚེའི་སྙིང་པོ་སོན་པར་སེམས་ཁུང་གི་སྒྲོན་མེ་དང་འགྱུར་མེད་ཀྱི་དད་གུས་ཞིག་བཅོས་མིན་ཞིག་ཡོད་པ་ནི་རང་ཉིད་འཛམ་གླིང་གོ་ལ་ཧྲིལ་བོ་ལན་གྲངས་དུ་མར་བསྐོར་བར་བྱས་ཀྱང་སྙན་ངག་མཁན་གྱིས་བྲིས་པའི་མི་ལའི་རྣམ་མགུར་ལྟ་བུ་མ་ཡིན་པར་རང་གི་སྙིང་དབུས་སུ་ནུབ་མེད་དུ་ཆོས་དབྱིངས་ཁྱབ་བརྡལ་དམ་པའི་ཡེ་ཤེས་རང་གཟུགས་མཆོག་ཉིད་བཅོས་མིན་ཞིག་ནམ་ཡང་མཆིས་སོ།།
ང་ཚོའི་བླ་མ་དམ་པའི་ཐུགས་དགོངས་དམ་པ་ཆོས་ཀྱི་དབྱིངས་སུ་བསྡུས་ཤིང་འདས་པ་ལྟ་བུའི་ཚུལ་བསྟན་ཅིང་བཞུགས་མེད་པ་ལྟ་བུར་སྣང་ན་ཡང་། ང་ཚོའི་དམ་ཚིག་དང་བླ་མའི་ཐུགས་དང་ནམ་ཡང་འབྲལ་བར་མེད་པར་ཀུན་གྱིས་མཁྱེན་གསལ་ལས་ངས་ཁྱེད་རྣམ་པར་རོས་བླ་མར་ཁ་བརྡ་ལྟ་བུ་དང་གདམས་ངག་གང་ཡང་བཤད་མི་དགོས་མོད།
འདིར་ཞུ་འདོད་པ་དངོས་དེ་དེར་བཞུགས་ཀྱིས་མཁན་སྤྲུལ་རྣམ་པས་དབུས་བྱས། གྲྭ་ཚང་རྣམ་པས་ཟུར་བརྒྱན། སྡེ་འབངས་ཡོངས་ཀྱིས་རོགས་དན་བཟང་པོས་བཤད་སྒྲུབ་ཕྲིན་ལས་འཁོར་གསུམ་ལྡན་གྱིས་བསྐལ་བ་ནམ་གནས་བར་དུ་དར་རྒྱས་ཕུན་ཚོགས་སུ་ཡོངས་པར་སྙིང་ནས་རེ་བསྐུལ་དང་། རྒྱལ་ཕྱི་ནང་གི་ཆོས་མཆེད་རྣམ་པས་ཀྱང་སོ་སོའི་ཁ་རྒྱག་པ་ཙམ་གྲགས་འདུག་རྒྱུ་མིན་པར་ཁ་ཁོག་ཀུན་མཚུངས་ཀྱིས་ལུ་མདོའི་ཆོས་སྒར་ཆེན་མོ་ངེས་དོན་མདོ་སྔགས་བཤད་རྒྱས་ཆོས་གླིང་ལ་ཕྱི་དཔལ་འབྱོར་གྱིས་རོགས་སྐྱོར་གནང་བ་དང་། ནང་ཆིག་སྒྲིལ་གྱི་མདུན་ལམ་སྟོན་པ་དང་ལོ་རེའི་ནང་དུ་དམིགས་བསལ་གྱིས་དམ་པའི་ཆོས་དང་འབྱུང་འགྱུར་ལ་བགྲོ་གླེང་འཚོགས་པ། གསང་བ་ཉམས་རྟོགས་ཟབ་མོས་སྒྲུབ་པའི་མཆོད་འབུལ་གྱིས་༧སྐྱབས་རྗེ་བླ་མ་དམ་པས་ཐུགས་རྗེས་མི་མངོན་དབྱིངས་ནས་མི་ཁྲེལ་བ་ཞིག་ང་ཚོས་ངོ་ནས་བྱེད་པར་ཅི་ནས་ཀྱང་དགོས་པར་སེམས་སོ།།
སླད་ཆར། དམ་ཚིག་གསེར་གྱིས་ཐག་པས་དམ་དུ་འཆིང་བའི་ཆོས་མཆེད་དམ་པ་ཡོངས་ཀྱི་སྐུ་ཚེ་ཡུན་རིང་བརྟན་ཅིང་བཞེད་དོན་དམ་པའི་ཆོས་བཞིན་འགྲུབ་པའི་སྨོན་ལམ་བཅས་༧སྐྱབས་རྗེ་བླ་མ་དམ་པ་ཆོས་དབྱིངས་ཁྱབ་བརྡལ་རྗེས་དྲན་གླིང་དུ་དད་གུས་མོས་ཕྱག་གིས་ནུབ་ཕྱོགས་རྒྱ་མཚོའི་འགྲམ་ནས་དཔལ་དགྱེས་པས་གང་དྲན་དུ་ཕུལ་བར་དགེའོ།། །།