ཆབ་མདོ་ངག་ཕུན།
རྗེ་པཎ་ཆེན་བླ་མ་རིན་པོ་ཆེ།།
སྐུ་གཤེགས་ནས་མི་ལོ་ཉེར་དྲུག་འཁོར།།
རྗེ་བཀའ་དྲིན་བླ་མ་ཁོང་ཉིད་ལ།།
ད་རྗེས་དྲན་སྙིང་ནས་ཡང་ཡང་ཞུ།།
མགོན་ཁྱེད་ཀྱིས་གངས་ལྗོངས་བདེན་དོན་ཆེད།།
ཐུགས་ཞུམ་མེད་བདེན་པའི་དར་ཆེན་འཕྱར།།
ཆོས་སངས་རྒྱས་བསྟན་པ་གོང་མཐོར་མཛད།།
ད་རྗེས་དྲན་སྙིང་ནས་ཡང་ཡང་ཞུ།།
ཐུགས་ཞུམ་མེད་ཡིག་འབྲུ་ཁྲི་བདུན་མཛད།།
བོད་མི་རིགས་གནའ་བོའི་དགོན་སྡེ་རྣམས།།
དེ་གླང་ཆེན་སྨྱོས་ལྟར་གཏོར་བཤིག་སོགས།།
རྒྱ་དམར་པོས་བཏང་ཚུལ་སྙན་ཞུ་ཕུལ།།
དེའི་རྐྱེན་གྱིས་བླ་མ་བཙོན་དུ་བཅུགས།།
བོད་ཁ་བ་ཅན་གྱི་བླ་སྲོག་དང་།།
བོད་མི་རིགས་སྐད་ཡིག་གོམས་སྲོལ་རྣམས།།
ཆེས་རྗེས་ལུས་རྩིས་ནས་གཏོར་ཚུལ་དང་།།
བོད་ཁ་བ་ཅན་གྱི་སྡུག་བསྔལ་སོགས།
ཀུན་སྦ་གསང་མེད་པར་དྲང་པོར་བཀོད།།
རྒྱ་དམར་པོའི་མདུན་ལྕོག་སྟེང་དུ་བཞག།།
བློ་ཁོག་ཏུ་ངན་གཡོ་མེ་ལྟར་འབར།།
ཕྱི་ཚུལ་ལ་ཟོལ་འཛུམ་རྐྱང་བསྟན་ནས།།
བློ་འཁྱོག་པ་ཅན་གྱི་རྒྱ་དཔོན་ཚོས།།
རྗེ་བླ་མས་དྲང་བདེན་བརྗོད་པ་ལ།།
དེར་མ་འདོད་ཁོག་ལ་དུག་ཆུ་འཁོལ།།
རྗེ་བླ་མར་ཉེས་འཛུགས་སྣ་ཚོགས་ཀྱིས།།
མི་དཀར་པོ་སྟེང་ལ་ཞྭ་ནག་གཡོགས།།
ཆེས་གདུག་རྩུབ་མནར་གཅོད་རིམ་བཏང་ནས།།
རྒྱ་དམར་པོའི་བཙོན་དུ་ལོ་དགུ་དང་།།
ཟླ་བརྒྱད་རིང་་བཙོན་དུ་བཞུགས་དགོས་བྱུང་།།
མི་གཅིག་ཀྱང་མཐོང་ས་མེད་པའི་གནས།།
དེར་བྱིའུ་ལྕགས་ཁྲ་ནང་བཅུག་ལྟར།།
སྐུས་ངལ་བ་ཚད་མེད་མྱོང་དགོས་བྱུང་།།
ཐུགས་ཞུམ་མེད་བདེན་པའི་གོ་ཁྲབ་བཞེས།།
དེར་བདེན་པའི་རྩོད་གླེང་རྣོ་ངར་མཛད།།
རྒྱ་དམར་པོར་ཅི་བྱེད་མེད་པར་གྱུར།།
རྗེ་བཀའ་དྲིན་བཙོན་གྲོལ་ཐོབ་དང་བསྟུན།།
ཐུགས་ལྷོད་པོར་མ་བཞུགས་གང་སར་ཕེབས།།
བོད་མི་རིགས་ཆོས་དང་རིག་གཞུང་རྣམས།།
ད་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི།།
ཆེས་ཚོར་ཤུགས་ཆེན་པོའི་ལམ་སྟོན་མཛད།།
ཆེས་རིན་བྲལ་བསླབ་བྱ་དུ་མ་དེས།།
བོད་མི་རིགས་ཡོངས་ལ་གསོན་ཤུགས་སྦྱིན།།
སྐུ་གཟི་བརྗིད་ཆེ་བའི་པཎ་ཆེན་ཁོང་།།
དུས་ད་ལྟ་དྲན་ཞིང་སྐྱོ་བ་སྐྱེས།།
བོད་ཆོས་ལྡན་ཞིང་ཁམས་གནས་མཆོག་ལ།།
རྗེ་མཁས་གྲུབ་ནམ་མཁའི་སྐར་ཚོགས་ལྟར།།
དེ་འཁྲུངས་ཀྱང་པཎ་ཆེན་སྣང་བ་བཞིན།།
བོད་མི་རིགས་བདེན་དོན་རྩོད་མྱོང་མེད།།
བོད་མི་རིགས་ཆགས་འཇིག་འགག་རྩ་ལ།།
ཐུགས་ཞུམ་མེད་མི་རིགས་བདེན་དོན་རྩོད།།
བོད་ཁ་བ་ཅན་ལ་བཀའ་དྲིན་ཆེ།།
རྒྱ་དམར་པོའི་འགོ་ཁྲིད་ཅི་ཟེར་ལ།།
དེར་མི་ཉན་བོད་རིགས་མི་མང་ལ།།
ཕན་ཐོགས་པ་ཡོད་མེད་ཞིབ་འཇུག་གནང་།།
བོད་མི་རིགས་ཐོབ་ཐང་རྩོད་ལེན་གནང་།།
བོད་ཁ་བ་ཅན་གྱི་ཆོས་རིག་རྣམས།།
དེ་མི་ཉམས་དར་ཆེད་སྐུ་ངལ་བསྐྱོན།།
རྗེ་བཀའ་དྲིན་པཎ་ཆེན་བླ་མ་དྲན།།
རྗེ་བླ་མའི་ལྷག་བསམ་དུང་ལྟར་དཀར།།
ཐུགས་ངལ་བ་མེད་པརགངས་ལྗོངས་བསྐྱངས།།
དྲིན་ཆེ་བའི་ཕ་མས་བུ་ཕྲུག་རྣམས།།
སེམས་བརྩེ་བའི་དྲིན་གྱིས་བསྐྱངས་པ་ལྟར།།
རྗེ་ཁྱེད་ཀྱིས་གངས་ལྗོངས་སྐྱོང་གནང་མཛད།།
རྗེ་པཎ་ཆེན་བླ་མ་སྙིང་ནས་དྲན།།
དུས་ད་ལྟ་གངས་ལྗོངས་ཞིང་ཁམས་ལ།།
རྗེ་ཁྱེད་ཉིད་བཞུགས་ན་སྐྱིད་པ་ལ།།
བོད་གངས་ཅན་པ་རྣམས་བསོད་ནམས་དམན།།
སྐུ་མ་ཟིན་གཟའ་བདུད་དམར་པོས་འཕྲོག །
སེམས་དེ་ལས་སྐྱོ་བ་ཅི་ཞིག་ཡོད།།
རྗེ་བླ་མས་མཐའ་མའི་གསུང་བཤད་དེར།།
གཙང་བཀྲས་ལྷུན་ཆེན་མོའི་འདུ་ཁང་ནང་།།
ཐུགས་ཞུམ་པ་མེད་པའི་བཀའ་སློབ་གནང་།།
རྒྱ་གུང་ཁྲན་ཏང་གིས་དབང་བསྒྱུར་འོག།།
བོད་ཁ་བའི་་ཡར་རྒྱས་གཏོར་བཤིག་ཕྱོགས།།
གཉིས་བསྡུར་ན་གཏོར་བཤིག་ཕོག་ཚབས་ཆེ།།
དེ་ལ་སོགས་བཀའ་སློབ་ཡུན་རིང་གནང་།།
ད་བཀའ་དྲིན་ཆེ་འོ་པཎ་ཆེན་མཆོག །
ཁྱེད་རྗེས་དྲན་སྙིང་ནས་ཡང་ཡང་ཞུ།།
ཞེས་པ་འདི་ནི་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་པཎ་ཆེན་རིན་པོ་མཆོག་སྐུ་ཞིང་ལ་ཕེབས་ནས་མི་ལོ་ཉེར་དྲུག་འཁོར་བའི་རྗེས་དྲན་མཚོན་ཆེད་དུ་སྦྱར་བའོ།
པཎ་ཆེན་བཅུ་པ་ཆོས་ཀྱི་རྒྱལ་མཚན། །
ལྔ་བཅུ་མ་ལོན་ཞིང་ཁམས་བརྗེས་དགོས། །
ཆོལ་གསུམ་བོད་རིགས་དོན་དུ་ངེས་པས། །
ཉེར་དྲུག་འཁོར་བར་རྗེས་དྲན་ཞུ་འོ། །
༸པཎ་ཆེན་བསྟན་དགེ།
༸པཎ་ཆེན་བཅུ་པའི་སེམས་བསྐྱེད་མཐུ་ནུས་ཀྱིས། །
བཅུ་གཅིག་བསྟན་དགེའི་བདེན་པའི་སྟོབས་སྨིན་ཤོག །
མཆོག་གསུམ་བྱིན་རླབས་ལས་འབྲས་བདེན་སྟོབས་གྱིས། །
༸པཎ་ཆེན་བསྟན་འཛིན་དགེ་འདུན་མྱུར་གྲོལ་ཤོག །