ཆབ་མདོ་ངག་ཕུན།
—-བོད་ཀྱི་རླབས་ཆེན་གྱི་སློབ་གསོ་བ་བཀྲ་ཤིས་ཚེ་རིང་རྗེས་དྲན་དུ།
བོད་ཀྱི་ཆབ་སྲིད་འཕོ་འགྱུར་སྐབས།།
ཚབ་མཚོན་མི་སྣ་གལ་ཆེན་་ཞིག །
གཤེགས་པ་ཐོས་པའི་བློ་ཕམ་བྱུང་།།
སློབ་གསོའི་བྱ་གཞག་རླབས་ཆེན་མཛད།།
གཙང་ཕྱོགས་རྣམ་གླིང་རྫོང་ཁོངས་ཀྱི།།
དབུལ་པོའི་ཁྱིམ་རྒྱུད་ཅིག་ལ་འཁྲུངས།།
དགུང་ལོ་བཅུ་ལ་སོན་པའི་སྐབས།།
གཞུང་གི་བཀའ་ལྟར་ནང་མ་འཁྲབ།།
རིམ་གྱིས་གར་པ་མཚོ་ཆེན་དུ།།
ཟློས་གར་ཚོགས་པའི་སློབ་མར་གྱུར།།
བརྩོན་པ་ལྷོད་མེད་སྦྱོང་བ་དང་།།
དགུང་ལོ་ཆུང་ཡང་བློ་རིག་བཀྲ།།
སྐབས་གཅིག་ཕ་ཡུལ་ཕྱོགས་སུ་ཕྱིན།།
བོད་ཀྱི་རིག་གནས་ཁག་ལ་སྦྱངས།།
རིམ་གྱིས་ལྷ་སར་ཕྱིར་ཕེབས་ནས།།
གར་པ་གནས་ལ་བརྩོན་བཞིན་བཞུགས།།
ཚོང་གི་ལས་དོན་ཞིག་གི་ཆེད།།
རྒྱ་གར་འཕགས་པའི་ཡུལ་དུ་ཕེབས།།
དབྱིན་ཡིག་གཙོར་བཟུང་ནུབ་གླིང་གི།།
ཤེས་རིག་སྦྱོང་བརྩོན་ལྷོད་མེད་གནང་།།
ལྷག་པར་ཨ་རིའི་ཕྱོགས་སུ་ཕེབས།།
དབྱིན་ཡིག་ལ་སོགས་ཆབ་སྲིད་སྦྱངས།།
ཕ་ཡུལ་ཕན་བདེའི་ཡོང་བའི་དོན།།
ཡོད་ཚད་བློས་བཏང་ཕ་ཡུལ་ཕེབས།།
ལས་དོན་རླབས་ཆེན་བསྒྲུབ་བསམ་ཡང་།།
གདུག་རྩུབ་ཆེ་བའི་རྒྱ་གཞུང་གིས།།
ཉེས་མིང་སྣ་ཚོགས་རིམ་བཏགས་ནས།།
དམར་པོའི་བཙོན་དུ་ལོ་དྲུག་བཅུགས།།
དཀའ་སྡུག་སྣ་མང་མྱོང་དགོས་བྱུང་།།
འོན་ཀྱང་སེམས་ཤུགས་ཞུམ་མེད་ཀྱིས།།
བདེན་པའི་བརྩོན་ལེན་རིམ་པར་མཛད།།
མཐའ་མཇུག་བཙོན་པའི་གནས་ལས་གྲོལ།།
རིམ་གྱིས་བཙོན་གྲོལ་ཐོབ་དང་བསྟུན།།
བོད་ལྗོངས་སློབ་གསོའི་ལས་དོན་གྱི།།
རང་ནུས་ཡོད་ཚད་འདོན་སྤེལ་གནང་།།
བོད་ཀྱི་རིག་གཞུང་དར་སྤེལ་བརྩོན།།
ལས་ཞོར་དལ་ལྷོད་མ་བཞུགས་པར།།
རང་རིགས་དོན་གཉེར་ཅན་རྣམས་ལ།།
དབྱིན་ཡིག་སློབ་ཁྲིད་རིམ་པར་མཛད།།
ཀུན་ལ་ཕན་ཐོགས་རླབས་ཆེན་བྱུང་།།
ལྷག་པར་གྲོང་གསེབ་ཁག་གི་ནང་།།
བུ་ཕྲུག་ཤེས་ཡོན་མེད་རྣམས་ལ།།
སློབ་སྦྱོང་གོ་སྐབས་ཐོབ་ཆེད་དུ།།
ཡོད་ཚད་བློས་བཏང་སློབ་གྲྭ་བཙུགས།།
གངས་ལྗོངས་ན་གཞོན་བུང་བ་རྣམས།།
ཤེས་རིག་རྒྱས་པའི་ལྡུམ་ར་བསྐྲུན།།
ལོ་འདབ་རྒྱས་ཤིང་ཡངས་པའི་སྟེང་།།
ལྡིང་སྐོར་རྒྱབ་བཞིན་གླིང་ཆེན་བསྐོར།།
གངས་ལྗོངས་མི་རིགས་གནས་དགོས་ན།།
དེ་ཡི་ཤེས་རིག་གནས་དགོས་པའི།།
ངེས་ཤེས་ཟབ་མོ་ཡོངས་སུ་རྙེད།།
བརྩོན་པ་ལྷོད་མེད་དར་སྤེལ་མཛད།།
གངས་ལྗོངས་ན་གཞོན་ཕོ་མོ་ལ།།
ཤེས་རིག་ལོ་འདབ་རྒྱས་པའི་ཆེད།།
སློབ་གྲྭ་བདུན་ཅུ་ལྷག་ཙམ་བཙུགས།།
བཀའ་དྲིན་ཆེ་འོ་བཀྲ་ཚེ་མཆོག །
གངས་ལྗོངས་མི་རིགས་ཡོངས་རྫོགས་ཀྱིས།།
ཁོང་ལ་མིག་དཔེ་ཡར་བལྟས་ནས།།
གངས་ལྗོངས་ཤེས་རིག་མི་ཉམས་ཆེད།།
ལས་དོན་གནང་མཛོད་གངས་ཅན་པ།།
ཕ་ཡུལ་ཕན་བདེའི་ཆེད་དུ་ཞེས།།
ལོ་རྒྱུས་དེ་ཉིད་བཀླགས་རྒྱུ་བྱུང་།།
འཇོན་འཇོན་བཏང་བཏང་མ་ཡིན་པར།།
མ་སྦས་གསང་པོར་གསུངས་ནས་འདུག །
མི་རིགས་རླབས་ཆེན་མི་སྣ་ཞིག །
སྐུ་ཚེ་མ་ཟིན་ཕྱི་ལམ་གཤེགས།།
ཐོས་པས་ཡིད་ལ་སྐྱོ་བ་སྐྱེས།།
ཁྱེད་ལ་བཀའ་དྲིན་རྗེས་དྲན་ཞུ།།
སྐུ་ཚེ་མ་ཟིན་གཤེགས་ན་ཡང་།།
སླར་ཡང་མི་ལུས་བཟང་ཐོབ་ནས།།
བླ་མ་ཡི་དམ་མཁའ་འགྲོ་སོགས།།
གསོལ་བ་སྙིང་ནས་ཡང་ཡང་འདེབས།།
ཞེས་པ་འདི་ནི་ཁོང་གི་ལོ་རྒྱུས་ཁག་ལ་གཞིར་བཟུང་ནས་བྲིས་པ་ཞིག་ཡིན་པ་དང་། ཁོང་ནི་བོད་མི་རིགས་ཀྱི་ཤེས་རིག་གི་ཐོག་ལ་བྱས་རྗེས་བཞག་མཁན་གྱི་མི་རིགས་ཀྱི་རླབས་ཆེན་སློབ་གསོ་བ་ཞིག་ཀྱང་ཡིན་སྟབས། ངས་ཁོང་ལ་སྙིང་དབུས་ནས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། ཆབ་མདོ་ངག་ཕུན་གྱིས་ཟླ་ཚེས་བཟང་པོར་ཕུལ།
བོད་ཀྱི་རླབས་ཆེན་གྱི་སློབ་གསོ་བ་བཀྲ་ཤིས་ཚེ་རིང་རྗེས་དྲན་དུ།
་
གངས་ལྗོངས་ན་གཞོན་ཕོ་མོ་ལ།།
ཤེས་རིག་ལོ་འདབ་རྒྱས་པའི་ཆེད།།
སློབ་གྲྭ་བདུན་ཅུ་ལྷག་ཙམ་བཙུགས།།
བཀའ་དྲིན་ཆེ་འོ་བཀྲ་ཚེ་མཆོག །
་
ཆབ་མདོ་ངག་ཕུན་གྱིས།