གནས་ཚུལ་མཁོ་གཏོང་བ། བསོད་ནམས།
༼ཡོངས་འཛིན་འཇིགས་མེད་ཐེག་མཆོག་སྐུ་འཁྲུངས་ནས་ལོ་འཁོར་ང་དགུ་ལོན་པའི་རྗེས་དྲན་ཚོགས་འདུ་རེབ་གོང་སྨད་པ་ནས་འཚོགས་པ།༽
དེ་རིང་སྤྱི་ཟླ་༡༠ ཚེས་༥ ཉིན་མཁས་དབང་རྗེ་འཇིགས་མེད་ཐེག་མཆོག་རིན་པོ་ཆེ་ལགས་སྐུ་འཁྲུངས་ནས་ལོ་འཁོར་ང་དགུ་ལོན་པའི་རྗེས་དྲན་ཚོགས་འདུ་ཞིག་ཁོང་གི་འཁྲུངས་ཡུལ་སྨད་པ་ཧ་ར་པ་ཐུར་སྡེ་བའི་ན་གཞོན་ཤེས་ཡོན་ཅན་རྣམས་ཀྱིས་རྩ་འཛུགས་འོག་དེ་རིང་སྔ་དྲོའི་ཆུ་ཚོད་༡༠ སྟེང་ཁོང་གི་གཞིས་ཁྱིམ་ནས་འཚོགས་འདུག
ཐེངས་འདིར་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་དགེ་བཤེས་བློ་བཟང་ཆོས་གྲགས་མཆོག་དང་། དགེ་བཤེས་བློ་བཟང་དགེ་འདུན། དགེ་བཤེས་འཇམ་དབྱངས་ཆོས་འཕེལ། དགེ་བཤེས་དཔྱི་སའིཡོན་ཏན། དགེ་བཤེས་འདུན་ཡར་འཕེལ། དགེ་བཤེས་བློ་བཟང་དཔལ་ལྡན་སོགས་སྐྱེས་ཆེན་མང་པོ་ཕེབས་ཏེ་སྡེ་འདིའི་སྐྱ་སེར་ཕོ་མོ་ཡོངས་ལ་མཁས་དབང་གང་ཉིད་ཀྱི་རྣམ་ཐར་དང་འབྲེལ་ཏེ་གསུང་བཤད་སྨིན་རྒྱས་གནང་བར་མ་ཟད། མི་རབས་གསར་པའི་སློབ་མ་ཚོར་སློབ་སྦྱོང་ཡར་སྐུལ་དང་ཁོར་ཡུག་གཙང་བཟོ་བྱ་དགོས་པའི་ཤེས་བྱ་མང་པོ་ངོ་སྤྲོད་གནང་སྟེ་མཇུག་བསྡུས་འདུག
རྗེ་འཇིགས་མེད་ཐེག་མཆོག་ལགས་ནི་བོད་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ལོ་སྟེ་སྤྱི་ལོ་༡༩༥༤ ལོར་རེབ་གོང་སྨད་པ་སྡེ་བ་ནས་སྐུ་འཁྲུངས། དགུང་ལོ་བཅུ་བཞིའི་སྟེང་སྨད་པ་སློབ་ཆུང་གི་དགེ་རྒན་གནང་མུར་སློབ་སྦྱོང་ལ་ཐུགས་བརྩོན་ལྷོད་མེད་མཛད་དེ་དགུང་ལོ་ཉེར་ལྔའི་སྟེང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད། སྔ་ཕྱིར་མཁས་པའི་དབང་བོ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དང་། རྗེ་འཇིགས་མེད་རིགས་པའི་བློ་གྲོས་སོགས་ཀྱི་ཞབས་ལ་གཏུགས་ནས་ཐོས་བསམ་རྒྱ་ཆེན་གནང་། རྗེས་སུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་གདན་ས་ཆེན་མོ་རོང་བོ་དགོན་ཆེན་དུ་བཅུ་ཕྲག་རིག་པའི་གནས་ལ་བརྩོན་པ་ལྷུར་བླངས་པས་མཁས་པའི་གོ་འཕང་འཐོབ་ཅིང་། ༡༩༨༧ ལོར་ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གི་བཀའ་ལུང་ལྟར་པེ་ཅིན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་དུ་ཕེབས་ནས་གཞུང་ལུགས་འཆད་ཁྲིད་གནང་ཞིང་། ཕྱིས་སུ་སྐུ་འབུམ་མཚོ་སྔོན་ནང་བསྟན་སློབ་གླིང་སོགས་སུ་ཡང་ཕེབས་ཏེ་གཞུང་ལུགས་འཆད་ཁྲིད་རྒྱ་ཆེར་གནང་ཡོད།
༡༩༩༢ ལོར་ཡབ་རྗེ་ཤར་ཚང་སྐུ་ཕྲེང་བརྒྱད་པ་མཆོག་གི་ཡོངས་འཛིན་དུ་བཞུགས་ཏེ། ཤར་བླ་བྲང་ནོར་བུ་གྲུ་འཛིན་དུ་མདོ་སྔགས་ཟབ་གསང་ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བཞིན་རིས་མེད་ཀྱི་སློབ་ཚོགས་མང་དུ་བསྐྱངས་ཡོད། མཐར་བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་སྤྱི་ལོ་༢༠༠༡ ལོའི་བོད་ཟླ་༡༠ ཚེས་༢༩ ཉིན་རེབ་གོང་དུ་གློ་བུར་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན། བཀའ་རྩོམ་གྱི་སྐོར་ལ་《རོང་བོ་དགོན་ཆེན་གྱི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ》དང་།《བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ》《ལེགས་བཤད་རིན་པོ་ཆེའི་མཛོད་ལས་བྱུང་བའི་བོད་ཞང་ཤེས་རིག་སྐོར་གྱི་ཟིན་ཐོ》 《རིགས་ལམ་མེ་སྟག་ཕྲ་མོའི་ཁོང་འཛུམ》 《བརྡ་སྤྲོད་སྙིང་པོ་ལེགས་བཤད་རྗེས་འབྲངས།》 《ནང་རིག་སྤྱི་དོན།》 《སེམས་ཁམས་རིག་པ།》 《གཟུངས་མཆོག་ཡི་གེ་དྲུག་མའི་བརྒལ་ལན།》 《དབུ་མའི་དཔྱད་མཛོད》《བདེན་བཞིའི་རྩོད་ཡིག་སྔ་ཕྱིའི་ཟིན་ཐོ》སོགས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གསུང་རྩོམ་པོད་གྲངས་བཅུ་ཕྲག་ལས་བརྒལ་བ་ཙམ་ཡོད།
ཁོང་གི་གསུང་རྩོམ་པོད་གྲངས་བཅུ་ཕྲག་ལས་བརྒལ་བ་ཙམ་ཡོད་གསུངས་འདུག་པ་དེ་དག་པར་སྐྲུན་བྱས་ཟིན་པ་ཞིག་རེད་དམ།
ཕལ་ཆེ་བ་པར་བསྐྲུན་བྱས་ཟིན་པ་ཡོད།
ཡོངས་འཛིན་འཇིགས་མེད་ཐེག་མཆོག་ལ་གུས་འདུད་ཞུའོ།
དེ་རིང་སྔ་དྲོའི་ཆུ་ཚོད། བོད་རིགས་ཡོངས་ཀྱིས་གོ་ཐུབ་པའི་མིང་ཚིག་བཀོལ་སྤྱོད་ལ་དགའ་བསུ། ཐེངས་འདིར་ཞེས་པ་ཡང་བོད་རིགས་ཡོངས་ཀྱིས་གོ་དཀའ་བས། དུས་འདིར་ཞེས་འདིར་ཞེས་འབྲི་ན་བོད་རིགས་ཡོངས་ཀྱིས་གོ་དགོས། སྙིགས་མའི་དུས་འདིར་མང་ཐོས་བསྒྲུབ་ལ་བརྩོན། ཞེས་པ་ལྟ་བུ། ཁ་བརྡ་ཚང་ནས་ཡིག་གཟུགས་ཆེར་མཛད་པར་བཀའ་དྲིན་ཆེའོ།
ཡོངས་འཛིན་འཇིགས་མེད་ཐེག་མཆོག་གི་མཛད་པའི་རྗེས་དྲན་དུ། “མི་རབས་གསར་པའི་སློབ་མ་ཚོར་སློབ་སྦྱོང་ཡར་སྐུལ་དང་ཁོར་ཡུག་གཙང་བཟོ་བྱ་དགོས་པའི་ཤེས་བྱ་མང་པོ་ངོ་སྤྲོད་གནང་སྟེ་མཇུག་བསྡུས་འདུག” མཛད་པར་རྗེས་ཡི་རང་། སྤྱི་ལོ་༢༠༠༦ སྤྱི་ཟླ་༦ ཚེས་༢༤ ཉིན་འབིས་མདོ་བདུན་གྱི་གྲོང་ཡུལ་ཞིག་ཏུ་དཀོན་མཆོག་ཚེ་རིང་དང་། ཁོང་གི་མ་དང་། ཁོར་ཡུག་གཙང་མར་བྱེད་མཁན་གྱི་བུ་དང་བུ་མོ་རྣམས་དང་མཉམ་དུ་བདག་གིས་ཀྱང་། ལྕང་རྭ་ཞིག་ན་མ་ཎི་ཆུས་བསྐོར་བཅས་ཡིད་དུ་འོང་བ་ཡོད་ཀྱང་། གྲོང་ཚོ་དེའི་གད་སྙིགས་འཕང་ས་ལྟ་བུར་ཆགས་པ་ལ་གཙང་མ་བྱེད་ཐུབ། ཡུལ་མི་བསམ་བློ་ཅན་འགས་ལེགས་སོ་ཞེས་པ་མཚོན་བྱེད་མཐེ་བོང་ཡར་བསླངས་ཏེ་བསྟན་པ་མཐོང་བའི་དྲན་གསོས་སུ་བྲིས་སོ།
རྒན་ལ་དྭགས་བློ་དཔལ་ལགས། མཆན་འབྲི་སའི་ཡིག་གཟུགས་ཆེ་ཆུང་འགྲིག་འདུག་གམ
འདྲེ་རིག་ལྡན་མཆོག
མཆན་འབྲི་སའི་ཡིག་གཟུགས་ཆེ་ཆུང་འགྲིག་འདུག བཀའ་དྲིན་ཆེའོ།
འ་ཁ་ཁ་ཡང་མི་སྙན་པ་ཞིག་གོ་སོང་། རྗེས་རབས་པའི་ནང་གི་སློབ་སྦྱོང་དང་བསམ་བློ་གང་ཐད་ནས་ཡག་པོ་ཞིག་རེད། སྔོན་མ་ཞིག་ལ་༼ཚན་རིག་པ་ཞིག་གིས་ནང་པའི་གཞུང་ལ་སློབ་སྦྱོང་བྱས་པའི་ཟིན་ཐོ༽ འདི་འདྲ་ཞིག་བཀླགས་མྱོང་། ཚིག་དོན་གང་ཅིའི་ཐད་ནས་ཤིན་ཏུ་ཡིད་དུ་འོང་པ་ཞིག་ཡོད། དེ་འཇིགས་མེད་ཐེག་མཆོག་ལགས་ཀྱིས་བསྒྱུར་བ་ཡིན་པ་ཡོད། དེ་མིན་གནའ་སྔོན་མ་སྦྲང་ཆར་སྟེང་ན་ཁོང་གི་རྩོམ་ཡིག་ཁ་ཤས་ཀློག་མྱོང་། ཁོང་ལ་རྗེས་དྲན་བྱེད་རིན་ཡོད་ལ། སེམས་བསམ་པའི་སྟེང་ནས་རྗེས་དྲན་བྱེད།
ཡོངས་འཛིན་འཇིགས་མེད་ཐེག་མཆོག་སྐུ་འཁྲུངས་ནས་ལོ་འཁོར་ང་དགུ་ལོན་པའི་རྗེས་དྲན་ཚོགས་འདུ་རེབ་གོང་སྨད་པ་ནས་འཚོགས་པ་ལ་འདི་ནས་རྗེས་དྲན་གུས་འདུད་ཞུ། ཁོང་གི་སྐོར་ལ་ཆེན་པོ་རང་མི་ཤེས་མོད། འོན་ཀྱང་གོང་འཁོད་གསུངས་རྩོམ་ནང་དུ《ལེགས་བཤད་རིན་པོ་ཆེའི་མཛོད་ལས་བྱུང་བའི་བོད་ཞང་ཤེས་རིག་སྐོར་གྱི་ཟིན་ཐོ》ཞེས་པ་ཞིག་འདུག་པས་ག་འདྲ་ཞིག་ཡོན་ནམ་བསམ་ནས་བལྟ་འདོད་ལངས་བྱུང་།