ཆབ་མདོ་ངག་ཕུན།
——པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་ཉེར་ལྔར་ཕེབས་པའི་རྗེས་དྲན།
གངས་རི་ལྗོངས་ཀྱི་གནས་མཆོག་ཞིང་ཁམས་ལ།།
སྔོན་བྱོན་ལོ་པཎ་རྣམས་ཀྱི་དྲིན་འོད་ལས།།
ཐུབ་བསྟན་དྲི་མེད་ཡོངས་སུ་དར་ཞིང་རྒྱས།།
མི་རྣམས་དགེ་བའི་ཆོས་ལ་བརྩོན་པ་འོ།།
ཤར་གྱི་ཕྱོགས་ལ་གུང་ཁྲན་མེ་རླབས་འབར།།
ཁ་དབྱངས་གངས་ཅན་ལྗོངས་ལ་སྒྲོག་བཞིན་འཕྲོག །
ཉེས་མེད་མི་རྣམས་ལྕགས་སྒྲོག་ནག་པོས་བསྡམས།།
གངས་ལྗོངས་མི་རྣམས་ཁྲག་དང་མིག་ཆུར་བསྒྱུར།།
པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ཐུགས་མ་བཟོད།།
ཡོད་ཚད་བློས་བཏང་མི་རིགས་བདེན་དོན་ཆེད།།
ཡིག་འབྲུ་ཁྲི་བདུན་སྙན་ཞུ་ཏང་ལ་ཕུལ།།
ཉེས་མིང་སྣ་ཚོགས་བཏགས་ཏེ་བཙོན་དུ་བཅུག །
མི་ལོ་བཅུ་ལྷག་སྡུག་གི་མུན་རུབ་ནང་།།
གངས་ལྗོངས་མི་རིགས་དོན་དུ་བཞུགས་དགོས་བྱུང་།།
འཇིགས་ཞུམ་མེད་པ་མི་རིགས་བདེན་དོན་རྩོད།།
བཀའ་དྲིན་ཅན་གྱི་པཎ་ཆེན་སྙིང་ནས་དྲན།།
དམར་པོ་གཞུང་གིས་གངས་ལྗོངས་མི་རྣམས་ལ།།
དགྲ་བོར་འཛིན་ནས་མནར་གཅོད་གང་འདྲ་བཏང་།།
ཁྲི་བདུན་སྙན་ཞུ་ནང་དུ་གསལ་པོ་བཀོད།།
དེ་དག་ང་ཚོའི་བདེན་དཔང་རིན་བྲལ་ཡིན།།
གཡོ་སྒྱུ་དུག་རླངས་འདྲ་བའི་རྒྱ་དཔོན་ཚོས།།
མི་དམངས་ངན་སྐུལ་བྱས་ཏེ་འཐབ་འཛིན་བཏང་།།
པཎ་ཆེན་ཞུམ་མེད་བདེན་པའི་ངར་སྒྲ་སྒྲོག།།
རྒྱ་དཔོན་ཅི་བྱེད་མེད་པ་ཁ་སྐྱེངས་གྱུར།།
སླར་ཡང་དམར་པོའི་བཙོན་ནས་ཐར་པ་མ་ཐག།
དལ་ལྷོད་མ་བཞུགས་མདོ་དབུས་ཁམས་གསུམ་ཕེབས།།
གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་རྣམས།།
རྒྱུན་འཛིན་དགོས་པའི་རིན་བྲལ་བཀའ་སློབ་གནང་།།
འཆི་ལ་ཉེ་བའི་གངས་ལྗོངས་མི་རྣམས་ལ།།
འཆི་མེད་བདུད་རྩིའི་བཅུད་ལྡན་སྦྱིན་དང་མཚུངས།།
བཀའ་དྲིན་བརྗེད་ཐབས་མེད་པའི་པཎ་ཆེན་ཁོང་།།
ད་ལྟའི་དུས་སུ་སྙིང་ནས་ཡང་ཡང་དྲན།།
རིམ་གྱིས་གངས་ལྗོངས་སྙིང་ནོར་ནུབ་ནས་བྱོན།།
གངས་ལྗོངས་མི་རྣམས་མགོན་མེད་ཤུལ་དུ་ལུས།།
སྡུག་གི་མུན་པ་གངས་ལྗོངས་ཡོངས་སུ་ཁྱབ།།
གངས་ལྗོངས་ལྷ་མི་ཡོངས་རྫོགས་སྡུག་གིས་ཁེངས།།
པཎ་ཆེན་ཆོས་ཀྱི་ཡང་སྲིད་བཅོ་ལྔའི་ཟླ།།
གངས་ལྗོངས་སྲིད་པའི་ཞིང་ལ་སྐུ་བལྟམས་པའི།།
གངས་ལྗོངས་ལྷ་མི་ཡོངས་རྫོགས་དགའ་ཞིང་འཛུམ།།
འོན་ཀྱང་གཡོ་སྒྱུ་ཅན་གྱི་དམར་པོའི་གཞུང་།།
ཡང་སྲིད་བཅོ་ལྔའི་དུང་ཟླ་གཟའ་ཡིས་འཛིན།།
གངས་ལྗོངས་ཞིང་ལ་སྡུག་གི་མུན་པ་རུབ།།
འགྲོ་འདུག་རང་དབང་མེད་པའི་ཆུང་སྲིད་མཆོག།།
སྙིང་ནས་དྲན་ཞིང་བྲང་ཁོག་ཟུག་གཟེར་ཁེངས།།
རྒྱ་གཞུང་ཁ་ནས་ཆོས་དད་ཡོད་སྨྲ་སོགས།།
ཀུན་ལ་འབྲུག་ལྟར་བསྒྲགས་ཀྱང་དོན་དངོས་མེད།།
འཛམ་གླིང་སྐྱེ་བོ་ཡོངས་ཀྱི་གསལ་པོ་རྟོགས།།
ང་ཚོ་ཁྲེལ་གཞུང་མེད་པའི་དམར་པོ་གཞུང་།།
ཡང་སྲིད་ཡིད་འོང་བཅོ་ལྔའི་དུང་ཟླའི་འོད།།
གངས་རིའི་རྩེ་ནས་འོད་ཟེར་འཕྲོར་ཉེ་སྐབས།།
མ་རུང་སྤྲིན་ནག་ངན་པའི་རིམ་གྱིས་སྒྲིབ།།
དམར་པོ་ལྕགས་ཁྲ་ནང་དུ་བཙན་གྱིས་བཅུགས།།
ཉེས་མེད་གངས་རི་ལྗོངས་ཀྱི་སྙིང་ནོར་ཁོང་།།
བྱིའུ་ཕྲུག་ལྕགས་ཁྲའི་ནང་དུ་བཅུག་པ་བཞིན།།
འཕུར་དབང་མེད་པའི་སྡུག་གི་གནས་སུ་ལྷུང་།།
འཛམ་གླིང་ནང་དུ་བཙོན་པ་ཆུང་ཤོས་ཡིན།།
ཞི་བདེའི་གནས་ལ་དགའ་བའི་འཛམ་གླིང་ཀུན།།
ཆུང་སྲིད་མུན་སྡོང་གནས་ལས་གྲོལ་བའི་ཐབས།།
གྲོགས་མགོན་མ་ཆུང་བརྩེ་བའི་གཟིགས་པར་མཛོད།།
བདག་གི་སྙིང་ནས་གསོལ་བ་སྨོན་ལམ་འདེབས།།
ཆུང་སྲིད་བཙོན་གྲོལ་ཐུབ་ནས།།
གངས་ལྗོངས་མི་དམངས་ཀུན་ལ།།
ཞལ་མཇལ་གསུང་ཐོས་ཡོང་བའི།།
བདག་གི་སྨོན་ལམ་འདེབས་སོ།།
གངས་ལྗོངས་ལྷ་མི་ཡོངས་རྫོགས།།
མཐུ་དང་ནུས་ཤུགས་ཡོད་ན།།
ཆུང་སྲིད་བཙོན་ཁང་ནང་ནས།།
མྱུར་གྲོལ་གདོང་རོགས་མཛོད་དང་།།
གཞུང་དང་གཞུང་འབྲེལ་མ་ཡིན།།
ཚོགས་སྡེ་ཡོངས་སུ་རྫོགས་པས།།
ནུས་པ་གཅིག་ཏུ་སྤུངས་ནས།།
ཆུང་སྲིད་གློད་ཐབས་གནང་མཛོད།།
ཆུང་སྲིད་བཙོན་དུ་ཚུད་ནས།།
མི་ལོ་ཉེར་ལྔ་ཕྱིན་སོང་།།
སེམས་པ་དེ་ལས་སྐྱོ་བ།།
གང་ཞིག་ཡོད་པ་མ་ཡིན།།
ད་ནི་གངས་རི་ལྗོངས་ཀྱི།།
ལྷ་མི་ཡོངས་སུ་རྫོགས་པའི།།
ནུས་ཤུགས་ཡོད་ཚད་སྟོན་ནས།།
ཆུང་སྲིད་ལྷོད་གྲོད་ཡོང་ཤོག།།
སེམས་ཁམས་གདུང་བའི་ཁེངས་བཞིན།།
རྗེས་དྲན་རྩོམ་ཡིག་འདི་ཉིད།།
བདག་གི་སེམས་ནང་གང་ཤར།།
ཤོག་དཀར་སྟེང་ཕབ་ཡོད།།
ཅེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ཉེར་ལྔ་འཁོར་བའི་རྗེས་དྲན་ཚུལ་དུ་བྲིས་པའོ།།
མི་རིགས་ཀྱི་དཔའ་རྒོད་ཀུན་གཟིགས་པཎ་ཆེན་རིན་པོ་མཆོག་ལ་སྙིང་དབུས་ནས་རྗེས་དྲན་ཞུ།
བོད་མི་རིགས་ཀྱི་དཔའ་བོ་དང་རིག་གཞུང་གི་ཚེ་སྲོག་ཡོད་ཚད་བློས་གཏོང་གིས་སྲུང་སྐྱོབ་གནང་མཁན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་སྙིང་དབུས་ནས་རྗེས་དྲན་ཞུ་བ་དང་ཆབས་ཅིག་གང་ཉིད་ཀྱི་ཡང་སྲིད་འཁྲུལ་བྲལ་རིན་པོ་ཆེ་མཆོག་གང་མགྱོགས་བཙོན་བཀྲོལ་ཐོབ་པའི་སྨོན་ལམ་ཞུ་རྒྱུ་ཡིན།