སྐྱིད་བྱམས་བསྟན་འཛིན་དགའ་བ།
༼བོད་མི་ས་ཡ་དྲུག་ལ་གྲོས་སུ་ཕུལ་བའི་བདག་གི་བསམ་གཞིགས།༽
གཞིས་བྱེས་བོད་མི་ཡོངས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ཏུ་གྱུར་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་འཛམ་བུ་གླིང་གི་བདེ་ཐབས་དང་ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་སྣོད་བཅུད་ཆགས་འཇིག་གི་དུས་སྐབས་སུ་སྐུ་ངལ་ཇི་ཙམ་བསྐྱོན་ཡོད་མེད་ཀྱི་མཛད་འཕྲིན་ཁག་ལ་ད་ལྟ་ཕྱིར་བལྟས་ཤིག་སློག་ནས་བལྟས་ན་༸གོང་ས་མཆོག་ལ་ཤེས་ནས་ཐོབ་པའི་དད་པ་རྣམ་དག་ཅིག་རང་རྒྱུད་ལ་སྐྱེ་ངེས་ཡིན་པ་དེ་གདོན་མི་ཟ་ལ། ཇི་སྲིད་བསྐལ་བ་མ་སྟོང་བ་དེ་སྲིད་དུ་བོད་ཀྱི་མི་རབས་ཕྱི་མ་རྣམས་ཀྱིས་དེ་བས་ཀྱང་ཁོང་གི་བཀའ་དྲིན་ལ་རྗེས་དྲན་ཞུ་ངེས་ཡིན་པ་དེ་ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་ཡིན།
ང་ཚོས་ཆུ་གྲོལ་སོང་ཟམ་པ་ག་ལེར་བཞུགས་ཞེས་པ་ལྟར་མིན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་འདི་དག་མ་བརྗེད་སྙིང་བཅངས་ཀྱིས་ལྷག་བསམ་རྣམ་དག་གི་ཐོག་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དེ་ཧ་ཅང་གི་འོས་བབ་དང་དུས་ལ་བབ་པ་ཞིག་ཆགས་ཡོད། རྗེས་དྲན་ཞེས་པ་ཡང་མི་རབས་ཕྱི་མའམ་ཡང་ན་རྗེས་སུ་དྲན་སའི་གང་ཟག་དེ་མཐོང་ཆོས་ཀྱི་ཡུལ་དུ་མ་གྱུར་བའི་དུས་སྐབས་སུ་རྗེས་སུ་དྲན་དགོས་པའི་དོན་མ་ཡིན་པར། གང་ཟག་དེ་སྐུ་འཚོ་བཞུགས་ཀྱི་དུས་སྐབས་སུ་དེའི་བཀའ་དྲིན་རྗེས་སུ་དྲན་ན་དེ་ནི་རྗེས་དྲན་མཚན་ཉིད་པ་ཆགས་ཡོད། འོན་ཀྱང་རྗེས་དྲན་སྔ་མ་དེ་ལས་ཕྱི་མ་འདིའི་རྗེས་སུ་འབྲང་མཁན་ཧ་ཅང་གི་ཉུང་ཉུང་ཡིན།
ཕྱི་ལོ་ ༢༠༡༤ ལོར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུས་ཏེ་ལས་གཞི་མི་ཉུང་བ་ཞིག་སྤེལ་ཡོད་ལ། ཕྱི་ལོ་༢༠༡༥ ཟླ་བ་ ༦ ཚེས་ ༢༡ ནས་ཕྱི་ལོ་ ༢༠༡༦ ཟླ་བ་ ༦ ཚེས་ ༢༡ བར་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་དགེ་ལུགས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་ཐོག་གྲོས་ཆོད་བྱུང་བ་བཞིན་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུས་ཏེ་མདོ་སྔགས་གཞུང་ཆེན་ཁག་ལ་མཁས་པའི་བགྲོ་གླེང་སོགས་ཐེངས་དུ་མ་ཚོགས་ཡོད། འདི་དག་ནི་བསྔགས་འོས་པ་ཞིག་རེད།
སྤྱིར་ང་ཚོས་རྗེས་དྲན་ཞུ་སྟངས་ནི་དུས་རབས་བཅོ་ལྔ་པའི་འགོ་སྟོད་ནང་རྗེ་བདག་ཉིད་ཆེན་པོས་མཁས་གྲུབ་ཐམས་ཅད་མཁྱེན་པར། ང་དྲན་ན་སྔགས་མཚན་ཉིད་ལམ་རིམ་གཉིས་གཙོ་བྱས་པའི་ཡིག་ཆ་འདི་རྣམས་ངའི་ཁ་ཆེམས་ཡིན་པས་འདི་རྣམས་ལ་ལྟོས་ཞེས་གདམས་པར་མཛད་ཡོད་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཕྱི་ལོ་ ༢༠༡༣ ལོའི་འཁྲུངས་སྐར་ཉིན་ངའི་སྐྱེས་སྐར་གྱི་ལག་རྟགས་ཡག་ཤོས་ནི། སོ་སོས་སེམས་བཟང་པོ་བྱེད་རྒྱུ་དེ་ཡིན། སེམས་པ་བཟང་པོ་བྱེད་རོགས། སེམས་པ་འཁྲུགས་པ་དང་། ཁོང་ཁྲོ་ཟ་བ་དང་། གནོད་སེམས་དང་བརྣབ་སེམས་སོགས་མ་རུང་བའི་ཚོར་སྣང་བྱུང་སྐབས་ངའི་གདོང་པ་ཡིད་ལ་དྲན་རོགས་གྱིས།[1]ཞེས་གསུངས་ཡོད་པ་ལྟར་གཞན་ལ་སེམས་བཟང་པོ་བྱེད་རྒྱུ་དང་། དུས་རྒྱུན་དུ་༸གོང་ས་མཆོག་གིས་བཀའ་གནང་བའི་ལམ་སྟོན་བསླབ་བྱ་ཁག་ལ་སློབ་སྦྱོང་དང་དེ་དག་ཉམས་སུ་བླངས་ན་དེ་ལས་ལྷག་པའི་༸གོང་ས་མཆོག་གི་ཐུགས་དགྱེས་གཞི་ཞིག་མེད་ལ་བཀའ་དྲིན་རྗེས་དྲན་ཡང་དེ་ལས་ལྷག་པ་ཞིག་མེད་པས་དེ་ནི་རྗེས་དྲན་ཞུ་སྟངས་ཡག་ཤོས་དེ་ཆགས་ཡོད།
འོ་ན་རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་རྗེས་དྲན་སྐུ་བརྙན་ཆེན་པོ་འདི་འདྲ་ཞིག་བཞེངས་དགོས་པ་ཡིན་ནམ་ཞེ་ན། འདི་ནི་བོད་ཀྱི་བྱུང་རབས་ལོ་རྒྱུས་ཀྱི་ཆ་ནས་ཧ་ཅང་གི་གལ་གནད་ཆགས་ཡོད། ལོ་ངོ་བརྒྱ་ཕྲག་འགའི་རྗེས་ཀྱི་མི་རབས་དེ་དག་གིས་བོད་ཀྱི་བྱུང་རབས་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན་བཙན་བྱོལ་དུས་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་འདི་ཆེས་ཉག་ཕྲ་ཤོས་དང་གནས་སྟངས་ཛ་དྲག་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཏུ་ངོས་འཛིན་ཐུབ་ངེས་རེད་ལ། དུས་སྐབས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་ཞིག་བྱོན་མེད་ཚེ་བོད་མི་ས་ཡ་དྲུག་བྱེ་མ་ཆུ་སིམ་ལྟར་རིམ་ཡལ་དུ་གྱུར་ཡོད་པའི་གནས་ལུགས་ཀྱང་ཤེས་རྟོགས་ཐུབ་ངེས་རེད།
འོན་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་འདྲའི་ཉག་ཕྲ་བའི་དུས་སྐབས་ཤིག་ལ་བྱོན་ཡོད་སྟབས་ཁོང་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་མི་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་ཐོག་གསོན་གནས་ཐུབ་ཡོད་པ་ཙམ་དུ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་ཁག་མི་ཉམས་རྒྱུན་འཛིན་གྱིས་འཛམ་གླིང་ཡོངས་ལ་དར་ཁྱབ་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཏུའང་ངོས་འཛིན་བྱ་ངེས་རེད།
སྐབས་དེ་དུས་ཀྱི་མི་རབས་དེ་དག་ནི་ད་ལྟ་ང་ཚོ་ནང་བཞིན་བཙན་བྱོལ་བའི་གནས་བབ་འོག་གནས་སྡོད་བྱེད་མཁན་དག་མིན་པར། ཕ་ཡུལ་གྱི་མི་རབས་ཕྱི་མ་དེ་དག་ཆགས་ཡོད། སྐབས་དེ་དུས་ད་ལྟ་ང་ཚོས་བཞེངས་བར་འགྱུར་བའི་རྗེས་དྲན་སྐུ་བརྙན་ཆེན་མོ་འདིས་དུས་སྐབས་འདིའི་ལོ་རྒྱུས་ཀྱི་བྱུང་བ་ཧྲིལ་པོ་མཚོན་ཐུབ་པ་ཙམ་དུ་མ་ཟད། བཙན་བྱོལ་དུས་སྐབས་ཀྱི་བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་སེམས་ཁམས་ཀྱང་མཚོན་ཐུབ་པས། རྗེས་དྲན་སྐུ་བརྙན་ཆེན་མོ་འདི་མི་རབས་ཕྱི་མ་རྣམས་ཀྱི་དད་རྟེན་ཙམ་མ་ཡིན་པར། སྙིང་སྟོབས་འཕེལ་གཞིའི་རྟེན་དུའང་འགྱུར་ངེས་པ་བཅས་ནི་རྒྱུ་མཚན་གྱི་ཕྱོགས་གཅིག་རེད།
ཕྱོགས་གཞན་ཞིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་མ་བཞུགས་པའི་དུས་ངན་དེ་ཤར་མཚམས་སུ་གཞིས་བྱེས་བོད་མི་ཡོངས་ཀྱིས་སྐྱོ་གདུང་ཚད་མེད་ཀྱི་ཀློང་ནས་༸གོང་ས་མཆོག་གི་རྗེས་དྲན་སྐུ་བརྙན་ཆེན་མོ་ཞིག་འགྱོད་གདུང་གི་སྨྲེ་ངག་དང་བཅས་ས་གནས་ག་གེ་མོ་ཞིག་ཏུ་བཞེངས་ངེས་ཡིན་པ་དེ་མ་འོངས་ལུང་བསྟན་མི་དགོས་པ་ཞིག་ཡིན་པས། དེས་ན་ཁྱེད་ཀྱིས་བསམ་བློ་ཞིག་ཐོངས་དང་། དུས་སྐབས་དེར་བཞེངས་བར་འགྱུར་བའི་རྗེས་དྲན་སྐུ་བརྙན་ཆེན་མོ་དེ་མིང་དོན་མཚུངས་པའི་རྗེས་དྲན་སྐུ་བརྙན་ཆེན་མོ་ཞིག་ཆགས་ངེས་སམ།
འོན་ཀྱང་དུས་སྐབས་དེར་རྗེས་དྲན་སྐུ་བརྙན་ཆེན་མོ་དེ་མིང་དོན་མཚུངས་མིན་ལ་མ་ལྟོས་པར་དེ་འདྲ་ཞིག་བཞེངས་རྒྱུ་ལས་བྱ་ཐབས་གཞན་གང་ཡང་ལྷག་མེད། སྐབས་དེར་ཤེས་ལྡན་པ་མང་པོས་རྗེས་དྲན་སྐུ་བརྙན་ཆེན་པོ་དེ་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་དུས་སྐབས་སུ་བཞེངས་ཡོད་ན་དགེ་མཚན་དུ་མ་ཡོད་ཚུལ་བརྗོད་ངེས་ལ། ཕྱི་རྒྱལ་པ་གནད་ཡོད་མི་སྣ་ཚོས་ཀྱང་དེ་ལྟར་བརྗོད་ངེས་ཡིན། འོན་ཀྱང་སྐབས་དེ་དུས་བསམ་བློ་དེ་འདྲ་ཞིག་འཁོར་ཡང་ཕྱིས་དྲགས་ཏེ་སྔ་བསྣུར་བྱེད་ས་མེད་པར་ལུས་ངེས་རེད།
དེས་ན་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་བོད་མི་ས་ཡ་དྲུག་གིས་ཁོང་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ཕུལ་བའི་ཞལ་འདེབས་མ་དངུལ་གྱིས་རྗེས་དྲན་སྐུ་བརྙན་ཆེན་མོ་འདི་འདྲ་ཞིག་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་དུས་སྐབས་སུ་བཞེངས་ཐུབ་ན་ཕྱོགས་གཅིག་ནས་༸གོང་ས་མཆོག་དགུང་ལོ་བཅུ་དྲུག་ནས་དུས་ད་ལྟའི་བར་སྤྱིར་འཛམ་གླིང་ཡོངས་ཀྱི་བདེ་ཐབས་དང་ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོའི་བདེ་ཐབས་ཆེད་སྐུ་ངལ་ཚད་མེད་བསྐྱོན་པའི་མཛད་འཕྲིན་ཁག་ལ་བོད་མི་ས་ཡ་དྲུག་ནས་གཅིག་འགྱུར་གྱི་ངོས་འཛིན་དང་རྗེས་སུ་དྲན་བཞིན་པ་མཚོན་པ་ཙམ་དུ་མ་ཟད། རྗེས་དྲན་སྐུ་བརྙན་ཆེན་མོ་འདིར་༸གོང་ས་མཆོག་རང་ནས་རབ་གནས་སོགས་གནང་སྟེ་མི་རབས་ཕྱི་མ་རྣམས་ཀྱི་དད་རྟེན་དུ་བཞུགས་ན་དགེ་མཚན་ཆེ་བ་དང་། བོད་ཀྱི་བྱུང་རབས་ལོ་རྒྱུས་ཀྱི་བདེན་དཔང་དུའང་འགྱུར་ངེས་པ་སོགས་དགེ་མཚན་མང་དུ་མཆིས་པས། རྗེས་དྲན་སྐུ་བརྙན་ཆེན་མོ་འདི་འདྲ་ཞིག་བཞེངས་དགོས་པ་དེ་བོད་ཀྱི་བྱུང་རབས་ལོ་རྒྱུས་ཀྱི་ཆ་ནས་ཧ་ཅང་གི་གལ་གནད་ཆགས་ཡོད།
མི་ལ་ལའི་བསམ་པར་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་དུས་སྐབས་སུ་རྗེས་དྲན་སྐུ་བརྙན་ཆེན་མོ་འདི་འདྲ་ཞིག་བཞེངས་ན་དེ་ནི་རྣམ་རྟོག་སློང་གཞི་ཞིག་ལས། དགོས་པ་རྒྱུ་མཚན་གཞན་གང་ཡང་མ་གཟིགས་མཁན་ཡང་ཡོང་སྲིད། དེས་ན་དེ་འདྲའི་རྣམ་རྟོག་ཅན་གྱི་མི་རྣམས་ལ་ནི་ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གྲྭ་ཁག་བཅུ་དགུའི་རྒན་བདག་རྣམས་ལ་ཕེབས་པའི་བཀའ་སློབ་དེའི་ནང་། འདི་ལོར་བླ་ཆེན་ཁག་ལྷན་འཛོམས་ཀྱིས་༸གོང་ས་མཆོག་གི་ཡང་སྲིད་སྐོར་ལ་ཚོགས་འདུ་ཞིག་ཚོགས་རྒྱུ་ཡིན་པའི་བཀའ་སློབ་གནང་ཡོད་པ་དེ་ཡང་རྣམ་རྟོག་སློང་གཞི་ཞིག་ཆགས་ངེས་པས། མི་དེ་ཚོའི་གྲས་ཀྱིས་དུས་ནམ་ཡང་ཆུ་མ་ཤོར་གོང་གི་རག་དང་། རྐྱེན་མ་ཡོང་གོང་གི་བཟློག་པ་རྒྱག་རྒྱུ་ནི་ཉིན་མོའི་སྐར་མ་ལྟར་ཡིན།
དེས་ན་ང་ཚོས་ཕུགས་རྒྱང་རིང་པོའི་བསམ་བློ་མང་ཙམ་བཏང་བའི་ཐོག་ནས་རྗེས་དྲན་སྐུ་བརྙན་ཆེན་མོ་འདི་འདྲ་ཞིག་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་དུས་སྐབས་སུ་བཞེངས་པ་དང་། དེའི་རྗེས་སུ་བཞེངས་པ་གཉིས་ཀྱི་དགེ་མཚན་ལ་གཟིགས་ཚེ་ད་གཟོད་ངའི་བསམ་ཚུལ་འདི་དག་ལ་མང་ཚོགས་ནས་རྒྱབ་སྐྱོར་བྱེད་ངེས་ཡིན་པའི་གདེང་ཚོད་ང་ལ་ཡོད།
དེ་ལྟ་བུའི་རྗེས་དྲན་སྐུ་བརྙན་ཆེན་མོ་དེའི་རིང་ཚད་ལ་ཧྥི་ཀྲི་ ༡༡༣ ཡོད་པ་ཞིག་བཞེངས་ན་རྒྱབ་ལྗོངས་ལོ་རྒྱུས་ཀྱི་དོན་སྙིང་ཧ་ཅང་ལྡན་ཏེ། དེ་ཡང་སྔོན་བྱོན་སྐྱེས་ཆེན་དམ་པ་མང་པོས་༸གོང་ས་མཆོག་དགུང་གྲངས་ ༡༡༣ བར་བཞུགས་རྒྱུའི་ལུང་བསྟན་གནང་ཡོད་པ་མ་ཟད། ༸གོང་ས་མཆོག་ནས་ཀྱང་དགུང་གྲངས་ ༡༡༣ བར་བཞུགས་རྒྱུའི་ཞལ་བཞེས་ཐོབ་ཡོད་པར་བརྟེན། དེའི་རྟེན་འབྲེལ་མཚོན་བྱེད་དང་བོད་མི་ས་ཡ་དྲུག་ནས་ཀྱང་༸གོང་ས་མཆོག་དགུང་གྲངས་ ༡༡༣ བར་བཞུགས་རྒྱུར་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་པ་མཚོན་པ་སོགས་དགེ་མཚན་མང་དུ་མཆིས་སྟབས། སྐུ་བརྙན་དེའི་རིང་ཚད་ལ་ཧྥི་ཀྲི་ ༡༡༣ ཡོད་པ་ཞིག་བཞེངས་ན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད།
དེས་ན་ང་ཚོས་རྗེས་དྲན་སྐུ་བརྙན་ཆེན་མོ་འདི་འདྲ་ཞིག་བཞེངས་སྐྲུན་ཐུབ་ཚེ་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྤྱིར་འཛམ་གླིང་ཡོངས་དང་ཁྱད་པར་དུ་བོད་གངས་ཅན་ལྗོངས་ལ་བཀའ་དྲིན་ཆེ་ཤོས་ཀྱི་རླབས་ཆེན་མི་སྣ་དེ་ཆགས་ཡོད་པ་ལྟར། རྗེས་དྲན་སྐུ་བརྙན་ཆེན་མོ་འདི་ཡང་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་བཞེངས་སྐྲུན་གནང་བའི་སྐུ་བརྙན་ཆེ་ཤོས་དང་ལོ་རྒྱུས་ཀྱི་བྱུང་བ་ཧྲིལ་པོ་མཚོན་པའི་སྐུ་བརྙན་བྱིན་ཅན་ཞིག་ཏུ་འགྱུར་ངེས་སོ། །
དགུང་ལོ་བརྒྱ་དང་བཅུ་གསུམ་བར་བཞུགས་རྒྱུའི་གསོལ་འདེབས་ཞུ་དགོས་གསུངས་ན་བསམ་བློ་ཞིབ་ཙམ་བཏང་ན་མ་འགྲིགས་པ་རང་རེད།རྒྱུ་མཚན་ནི་དགུང་གྲངས་བརྒྱ་དང་བཅུ་གསུམ་བར་བཞུགས་ན་འགྲིགས་ཀྱི་ཡོད་པའི་གནས་སྟངས་ཤིག་མཐོང་བས་རེད། ཞབས་པད་བསྐལ་པ་བརྒྱ་དང་སྲིད་མཐའིབར་དུ་བཞུགས་སོ་གསོལ་བའི་གསོལ་འདེབས་ཞུ་དོན་ནི་ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་ཐུགས་རྗེས་བཟུངས་དགོས་ཙང་དེའི་རྟེན་འབྲེལ་ཁྱད་པར་ཅན་ཡོད་ངེས། དེའི་ཕྱིར་ལོ་བརྒྱ་ཕྲག་གི་ཚད་བཟུང་ནས་གསོལ་འདེབས་ཞུ་བ་ཟེར་བ་དེ་ཆོས་ཕྱོགས་ཀྱི་ངོས་ནས་སམ་གནས་སྟངས་གཞན་གྱི་ཕྱོགས་ནས་གང་འདྲས་ཡིན་ནམ།
རི་མོ་དེར་བྲིས་མི་ལེགས་པ་མང་པོ་འདུག་པས། ཚོགས་ངན་ཚབ་ཆེན་བསགས་འདུག་ན། རི་མོ་དེ་ཕྱིར་བསྡུ་བྱས་ན་ལེགས། ལག་ཁོམ་ན་རི་མོ་མ་འབྲི་ཟེར་བ་དེ་འདི་འདྲའི་རི་མོ་བའི་རིགས་ལ་ལབ་ཡོད་པ་གསལ་པོ་རེད།
༅༅།མི་ཚེ་འདི་ལ་རིང་ཐུང་དུ་མ་དང།སྐྱིད་སྡུག་འདི་ལ་ཡང་མི་རྟག་མ་ཤེས་ལ།།
རྒྱུ་ནོར་འདི་ཡང་བརྟན་མིན་མི་དཔོག་པས།།རང་གི་བྲོད་པ་རྒྱག་ཙམ་མཆིས་པ་ལགས།།
༅༅། སྐྱིད་བྱམས་བསྟིན་འཛིན་་དགའ་བ་ནས་གངས་ལེགས་བྲིས་འདུག་པ་དགའ་བསུ་དང་བཀྲིས་བདེ་ལེགས་ཡོད། སྒོ་གསུམ་གུས་པའི་ཐོག་ནས་བྲིས་པ་ཞིག་ཏུ་མངོན་། རང་ཉིད་ཀྱི་ངོས་ནས་
རྒྱབ་བསྐྱོར་གཙང་མ་ཡོད་།
ཡིན་ཡང་གལ་ཆེ་དོན་ཆེ་ཡིན་པར་བརྟེན་ཤེས་ལྡན་བླ་མ་དགེ་བཤེས་མཁས་དབང་བཀའ་ཟུར་ཟབ་གདོང་རིན་པོ་ཆེ་དང། ས་སྐྱ་བདག་ཁྲི་རིན་པོ་ཆེ་སོགས་ཆོས་རྒྱུད་ཁག་གི་དབུ་བླར་ངེས་པར་དགོངས་སྐོར་ཞུ་གནང་དགོས་པ་གལ་ཆེ་བསམས་ལགས།