རྔ་བ་རྒྱལ་ཁམས་པ།
——————–
ཡུ་ཤི་མ་ཤི་ཁ་དང་དེའི་ཆོས་ལུགས།
ཡེ་ཤིའི་ཆོས་ལུགས་ཀྱི་སྲོལ་གཏོད་མཁན་ཡུ་ཤིའི་མ་ཤི་ཁའམ་ཡོངས་གྲགས་ལ་རྗེས་སུ་སི་ཞེས་འབོད་པ་དེ་ཉིད་ནི། ཨ་བྷིར་ཧམ་གྱི་བུ་གཉིས་པ་ཨ་ས་ཁུའི་རིགས་རྒྱུད་ལས་མཆེད་པ་ཡབ་ལྗོས་ཀྱི་མི་རིགས་ཤིང་བཟོ་མཁན་རྗོ་སི་སྤིས་དང། ཡུམ་མེ་རེ་གཉིས་ཀྱི་སྲས་སུ། རོམ་རྒྱལ་ཁབ་ཀྱི་ཞིང་ཆེན་ལྗོས་སྒྲིསཨ་ཞེས་པར་སྐུ་བལྟམས་ཤིང་། ན་ཟར་རིས་ཐི་ཞེས་པའི་ས་ཁུལ་ནང་ཤིང་བཟོས་ཕྱག་ལས་གནང་ནས་འཚར་ལོངས་བྱུང་བས། ན་ཟར་རིས་ཐིའི་རྗེ་སུ་སི་ཞེས་ཀྱང་འབོད་། ཁོང་དགུང་གྲངས་༣༢ཐོག་སྡུག་བསྔལ་་ལས་གྲོལ་ཐབས་ཀྱི་ཆོས་དང་། རང་ཉིད་མཐུ་དང་རྫུ་འཕྲུལ་ལ་མངའ་བརྙེས་པའི་རྟོགས་བརྗོད་སྣ་ཚོགས་ཡོངས་ཁྱབ་གནང་། ཁོང་གིས་སྐབས་དེའི་ཆོས་ལུགས་དབང་འཛིན་ཚོར་སྐྱོན་བརྗོད་དང་བཀའ་བཀྱོན་ཤུགས་ཆེ་གནང་སྟེ། རང་ཉིད་ནི་དཀོན་མཆོག་གི་སྲས་སམ། དཀོན་མཆོག་དང་གཅིག་མཚུངས་ཡིན་པར་ཞལ་གྱིས་བཞེས་ཤིང་། དཀོན་མཆོག་གི་རྒྱལ་གཞིས་གསར་བ་ཞིག་སླེབས་ལ་ཉེ་བས། མི་ཚང་མ་དཀོན་མཆོག་དེ་ཉིད་ཀྱི་སྐྱབས་འབངས་སུ་འཇུག་རྒྱུ་ནི་ཧ་ཅང་གི་དོ་གལ་ཆེན་པོ་ཡིན་པར་ནན་བརྗོད་བྱས། དེར་བརྟེན། ཞིང་ཆེན་ལྗོས་སྒྲིས་ཨ་ནང་གི་མང་ཚོགས་རྣམས་ཁྱུ་སྐོར་བྱས་ནས་ཤོག་བུ་རླུང་ཁྱེར་གྱི་དཀྲོགས་གཏམ་སྣ་ཚོགས་ཤིག་ཕྱོགས་གང་སར་བསྒྲགས། རོམ་གྱི་དབང་འཛིན་པ་ཚོ་གྲོང་ཁྱེར་ནང་གི་ཀི་ཟིང་གི་རྣམ་པ་དེར་བློ་དོྭགས་དང་སེམས་ཁྲལ་ཆེན་པོ་སྐྱེས་ཤིང་། གསར་དུ་ཡོང་རྒྱུའི་དཀོན་མཆོག་གི་རྒྱལ་གཞིས་ཞེས་པར་ཡིད་མ་ཆེས་པར་། སྐབས་དེའི་རོམ་གྱི་གཙོ་དཔོན་ཕོན་ཁྲིས་ཡོས་སི་ཁེ་ལ་གྲིས་རྗེས་སུ་སི་ལ་ཚོད་བགམ་རྗེས། དཔོན་པོ་དེ་ཉིད་ཀྱི་བཀས། ཁོང་དགུང་གྲངས་༣༣སྟེང་འཛིན་བཟུང་བྱས་ཏེ་སྡུག་སྦྱོང་སྣ་ཚོགས་བཏང་མཐར། ལྗེ་རོས་ས་ལམ་གྱི་ཁལ་བེ་རིས་ཞེས་པའི་རི་བོའི་རྩེར་རྒྱ་གྲམ་དབྱིབས་ཅན་གྱི་རྒྱང་ཤིང་ཐོག་འཛེར་ནོན་བྱས་ཏེ་སྐུ་སྲོག་བཀྲོངས་འདུག ཁོང་འདས་རྗེས་ཀྱི་ཉིན་གསུམ་པའི་རྗེས་སུ་སླར་ཡང་འདས་ལོག་བྱས་ཏེ། ཁོང་ལ་ཡིད་ཆེས་དང་དད་པ་བྱེད་མཁན་དག་ལ་། རང་ཉིད་འཆི་བདག་གི་གཡུལ་ལས་རྒྱལ་བའི་གོ་འཕང་ཐུན་མོང་དུ་ལོངས་སུ་སྤྱོད་རྒྱུ་ཡིན་ཞེས་པའི་འཕྲིན་གསར་ཞིག་ཕྱོགས་གང་སར་ཁྱབ་། དེ་ནས་བཟུང་ཁོང་གི་ཆོས་བརྒྱུད་འདི་བཞིན་རང་གི་རྗེས་འབྲངས་ཚོས་འགྲུལ་སྐོར་བརྒྱུད་ཕྱོགས་གང་སར་སྤེལ་ནས་དར་རྒྱས་བྱུང་ཞིང་། ལྷག་པར་དུ་ལྗོས་ཀྱི་ཆོས་བརྒྱུད་ལས་འགྱུར་བའི་མི་རིགས་ཕོལ་ཞུ་བ་དང་། ཡེ་ཤིའི་བླ་ཆེན་པོབ་རབས་དང་བོ་ཕིས་ཁྲིར་གཉིས་ཀྱིས་ཡེ་ཤིའི་ཆོས་རིག་རྣམ་བཞག་འདི་ཉིད་རོམ་ཀྱི་རྒྱལ་ཁམས་སུ་གདན་དྲངས་ཏེ། ཆོས་ལུགས་གསར་བ་འདི་ནི་རིགས་རུས་དང་དབུལ་ཕྱུག ལུང་ཚན་སོགས་གང་ཡིན་ལ་མ་ལྟོས་པར། མི་ཚང་མས་ཐུན་མོང་དུ་ཉམས་ལེན་གནང་རུང་གི་ཆོས་ལུགས་ཕྱོགས་ལྷུང་མེད་པ་ཞིག་ཡིན་ལུགས་། སློབ་ཁྲིད་དང་ཁྱབ་བསྒྲགས་ཤུགས་ཆེ་མཛད་པའི་ཉེར་ལེན་ལས། ཕྱོགས་གང་སར་མྱུར་དུ་མཆེད་ནས་དར་ཁྱབ་ཆེན་པོར་ཕྱིན། དུས་རབས་གསུམ་པ་ཡས་མས་ཤིག་ནས། ཆོས་བརྒྱུད་དེ་རོམ་གྱི་རྒྱལ་ཁམས་ཕལ་ཆེ་བར་དར་ཁྱབ་ཤུགས་ཆེ་ཞིག་པྱུང་འདུག་མོད། རོམ་གྱི་དབང་འཛིན་ཚོས་ཆོས་བརྒྱུད་དེ་ཉིད་འཛིན་མཁན་དག་ལ་འཇིགས་བསྐུལ་དང་། སྡུག་སྦྱོང་ཚད་མེད་བཏང་སྟེ་སྲོག་ཐོག་བཏང་བའི་ལོ་རྒྱུས་ནི་ཧ་ཅང་གི་ཡ་ང་བའི་གནས་ཤིག་རེད། སྤྱི་ལོ་༣༡༣ནང་རོམ་གྱི་རྒྱལ་བོ་ཆེན་པོ་ཁོན་སི་གྲན་ཁྲེན་གྱིས། ཆོས་་ལུགས་དེ་ལུགས་མཐུན་དུ་ངོས་ལེན་ཞུས་པ་ནས། སྡུག་སྦྱོང་དང་སྲོག་ཆད་གཅོད་པའི་བྱ་འགུལ་དེ་དག་མཚམས་བཞག དེ་རྗེས་ལོ་བརྒྱ་ཅུ་ཡས་མས་ཤིག་གི་རྗེས་ནས། ཆོས་ལུགས་དེ་བཞིན་རྒྱལ་ཁབ་ཀྱི་གཞུང་འབྲེལ་ཆོས་ལུགས་སུ་ཆགས་ནས། འཛིན་སྐྱོང་སྤེལ་གསུམ་གྱིས་དར་རྒྱས་ཆེན་པོ་བྱུང་སྟེ། སའི་གོ་ལའི་ཡུལ་གྲུ་མང་བོར་མཆེད་པས་འཛམ་གླིང་ཐོག་གི་ཆོས་བརྒྱུད་ཆེ་ཤོས་སུ་ཆགས་འདུག་གོ།
ཟུར་དུ་ཞུ་རྒྱུར། ལྗོ་སི་སྤིའི་འདི་རྗེས་སུ་སིའི་སྐྱེད་བྱེད་ངོ་མ་ཡིན་མིན་ཐད། བཤད་ཚུལ་མི་མཐུན་པ་འགའ་ཞིག་འདུག་ཀྱང་། འདིར་ལྷ་སྒྲུང་དག་གི་རྗེས་སུ་མ་འབྲངས་པར། འབྲི་མཁན་ཉིད་ཀྱིས་ཁོང་རྣམ་གཉིས་ཕ་བུ་ཡིན་ཤག་གིས་བྲིས་པར་དགོངས་འགལ་མེད་པར་ཞུ།
རྒྱལ་ཁམས་པས་རྩོམ་ཡིག་མཐོང་བས་དགའ་སྤྲོ་སྐྱེས་ཁྱེད་སྐུ་གཟུགས་བདེ་ཐང་ངང་བཞུགས་ཡོད་པ་དེ་རིང་དྲ་ཐོག་ནས་མཐོང་འཚམས་འདྲི་ཞུ་བཞིན་ཡོད་ད་བདེ་མོ་བྱུས།
རྔ་བ་རྒྱལ་ཁམས་པ་མཆོག་གི་ལོ་ཙཱའི་སྙིང་སྟོབས་ལ་གུས་འདུད་དང་རྗེས་སུ་ཡིད་རངས་ཡོད། ད་དུང་ཡང་མི་མཐུད་དུ་འགྱུར་རྩོམ་གང་མང་མང་དྲ་ཐོག་ཏུ་དགོད་རྒྱུ་རེ་བ་སྙིང་ནས་ཞུ།