རྡོ་རྗེ་བཀྲ་ཤིས་ཀྱིས།
བུ་མོ་དེ་བོད་རྩིས་བྱས་ན་ད་ལོ་་ལོ་བཅུ་བདུན་ཏག་ཏག་རེད། རྟ་མགྲིན་གྱི་པཱ་ལགས་ཀྱིས་ཆང་དཀར་ཤེལ་དམ་ཅིག་གི་སྐེ་ལ་ཁ་བཏགས་གཡོགས་ནས་བུ་མོའི་ཁྱིམ་དུ་འཁྱེར། བུ་མོའི་ཕ་མ་ལ་འཚམས་འདྲི་ཞུས་ཚར་མ་ཚར་གྱི་སྐབས་དེ་ལ་བུ་མོའི་གདོང་དམར་པོར་གྱུར་ནས་འཚབ་འཚུབ་ཀྱིས་ཁྱིམ་ནས་ཐོན། ཕ་མ་གཉིས་ཀྱིས་བུ་མོ་ཐོན་པ་དེ་ནི་ཡ་རབས་ཀྱི་སྤྱོད་པ་ཞིག་ཏུ་བསམས་ཏེ་སྣང་བ་ལ་ཡང་མ་བཞག བུ་མོའི་ཕ་མ་དང་རྟ་མགྲིན་གྱི་པཱ་ལགས་བཅས་ནས་རིམ་གྱིས་མགོ་མཇུག་ཡོད་པའི་ཁ་བརྡ་དེ་གློད་པར་བྱས། ཆུ་ཚོད་ཕྱེད་ཀ་ཙམ་གྱི་ནང་ཚུན་ལ་ཁོང་ཚོས་དོན་དག་དེ་ཐག་ཆོད་པར་གྱུར་པ་མ་ཟད། ལོ་གསར་ཚེས་པ་བཅུ་གསུམ་གྱི་ཉིན་བག་སྟོན་ཀྱང་བྱེད་རྒྱུའི་གཏན་འཁེལ་བྱས། ཤེལ་དམ་གྱི་སྐེ་ནས་ཁ་བཏགས་གྲོལ་ཏེ་མཆོད་ཁང་དུ་འཁྱེར། “དཀོན་མཆོག་མཁྱེན། ངའི་བུ་མོའི་ལས་དང་ལམ་འགྲོ་དཀོན་མཆོག་ཁྱེད་རང་མཁྱེན།”བུ་མོའི་ཨ་མའི་ངག་འདར་ཞོར་དུ་སྨྲས།
རྟ་མགྲིན་གྱི་པཱ་ལགས་ཀྱིས་རང་གི་བུའི་མི་ཚེའི་མདུན་མ་ཐག་ཆོད་རྗེས་བུ་མོའི་ཁྱིམ་ནས་ཐོན། བུ་མོ་ཡང་ཁྱིམ་མཚེས་ཀྱི་ནང་ནས་སླར་རང་ཁྱིམ་དུ་འཛུལ། “སྒྲོལ་མ། ཁྱོད་དང་རྟ་མགྲིན་གཉིས་སྒྲིག་ཡོད། ཚེས་པ་བཅུ་གསུམ་ཉིན་སྟོན་མོ་ཡིན།” བུ་མོའི་ཨ་ཕས་དེ་ལྟར་བཤད་རྗེས་བུ་མོའི་ཕྱོགས་ལ་མིག་ཀྱང་མི་ལྟ་བར་མ་ཎི་བགྲང་བར་ཆས། བུ་མོའི་གདོང་དམར་པོར་གྱུར། ཁྱམས་རྭ་ལ་གད་དར་བྱེད་པའི་ལས་ཀ་མགོ་བཙུགས། རྟ་མགྲིན་ནི་མིག་ཡ་ཅིག་ཞར་བའི་ཞ་ར་ཡིན་པ་ཙམ་དུ་མ་ཟད། མོ་རང་ལས་ལོ་ངོ་བཅུ་ལྷག་རྒན། ད་དུང་གཙང་སྦྲ་མེད་ཅིང་རྒྱུན་དུ་སྣབས་ཏོ་ལུག་ཡོད་སྟབས། གྲོང་པའི་མི་རྣམས་ཀྱིས་རྟ་མགྲིན་སྣ་ལུག་ཅེས་མིང་འདོགས་ཀྱང་བཏགས་ཡོད། སྒྲོལ་མ་ནི་ལང་ཚོ་དར་བཞིན་པ་མ་ཟད། གྲོང་པའི་བུ་མོའི་ཁྲོད་ནས་རྣམ་པ་མཛེས་པའི་མིང་གྲགས་རྒྱས་བཞིན་ཡོད། ད་ལྟ་ལོ་ན་ཡང་ཆུང་སྟབས་གཉེན་བསྡེབས་པའི་གྲ་སྒྲིག་དང་འདོད་པ་གང་ཡང་མེད། ད་རྟ་མགྲིན་སྣ་ལུག་གི་མནའ་མ་བྱེད་དགོས་པའི་རྒྱུ་མཚན་ནི་ཁོང་གི་ཁྱིམ་ལ་ལུག་སྟོང་ལུག་ཅིག་ཡོད་པ་དེ་ལས་གཞན་མེད།
གཉེན་སྒྲིག་ཐག་ཆོད་པའི་མཚན་མོ་དེ་ལ་སྒྲོལ་མ་བློ་མ་བདེ། བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་། ཕ་མ་དང་སྤུན་མཆེད་ལ་བརྩེ་དུང་གི་སྐད་ཆ་བཤད་རྒྱུ་ནི་ཡ་རབས་ཤིག་མིན། ཡ་རབས་མིན་པ་ཙམ་དུ་མ་ཟད། ཧ་ཅང་ངོ་ཚ་དགོས་པའི་དོན་དག་ཅིག་ཡིན། ལང་ཚོ་དར་བཞིན་པའི་བུ་མོ་ཞིག་ཕ་མའི་མདུན་ནས་གཅེར་བུར་རྒྱུགས་པ་ལས་ཀྱང་བརྩེ་དུངས་ཀྱི་སྐད་ཆ་བཤད་རྒྱུ་ལ་ངོ་ཚ། སྒྲོལ་མས་རང་གི་མདུན་ལམ་དང་རྟ་མགྲིན་སྣ་ལུག་གི་ངོ་གདོང་གཉིས་གཅིག་མཇུག་གཉིས་མཐུད་ཀྱིས་སྒོམ། བསམས་ཀྱིན་བསམས་ཀྱིན་རང་གི་འཆི་བ་དང་རྟ་མགྲིན་སྣ་ལུག་གཉིས་རེས་མོས་ཀྱིས་སེམས་ངོར་ཤར། འོན་ཀྱང་སྒྲོལ་མ་ལ་སེམས་གཏམ་བཤད་ས་ཞིག་མ་རྙེད།
སྒྲོལ་མའི་ཕ་མ་གཉིས་ལ་བྲེལ་བ་ཞིག་ལངས་འདུག དེ་ནི་ཁྱིམ་ལ་གད་དར་བྱེད་རྒྱུ། སྒེའུ་ཁུང་ལ་ཤོག་ཁྲ་གསར་པ་སྦྱོར་རྒྱུ། ད་དུང་སྟོན་མོའི་མགྲོན་ལ་འབོད་འོས་པའི་ཐག་རིང་ཐུང་གི་ཁྱིམ་མི་སྤུན་མཆེད་སོགས་ཐོ་འགོད་རྒྱུ། ལས་ཀ་དེ་དག་གི་ཁྲོད་ནས་སྒྲོལ་མའི་སེམས་ཁམས་ཚོར་ཐུབ་པའི་དུས་ཚོད་ཙམ་ཡང་མ་འཁོར། སྒྲོལ་མ་ནི་གཟུགས་པོའི་ཐོག་ནས་ཕ་མའི་ལས་རོགས་གང་ཐུབ་ཐུབ་ཅིག་བྱེད་མོད། སེམས་ལ་རྟ་མགྲིན་ཞ་ར་དྲན་ནས་སྡོད། དེའི་དགོང་མོ་དེར་སྒྲོལ་མས་ཚེ་གཅིག་གི་མདུན་ལམ་ལ་བསམ་བློ་སླར་ཡང་བཏང་། འཆི་བ་ལས་གསོན་པའི་ལམ་ཁ་ཞིག་རྙེད། གསོན་པའི་ལམ་ཁ་དེ་ནི་ཕ་མའི་དྲིན་ལན་ལོག་འཇལ་དང་ཕ་མའི་སེམས་ལ་སྡུག་གི་ཁུར་བོ་འཇོག་པ་ཞིག་ཡིན་པ་མོས་ཤེས། འོན་ཀྱང་འཆི་བ་ལས་ལམ་ཁ་འདི་ལེགས་པར་མཐོང་།
སང་ཞོགས་ནམ་མ་ལངས་གོང་ནས་སྒྲོལ་མ་ཁྱིམ་ནས་བྲོས། སྒྲོལ་མ་ཟི་ལིང་དང་དེ་ནས་ལྷ་སར་ཐོན། ལྷ་ས་ལ་སླེབས་པའི་ཉི་མ་དེ་ནི་ཁྱིམ་ནས་བྲོས་པའི་ཉིན་ལྔ་པ་དེ་རེད། བར་སྐོར་ནས་ཁམས་པ་རྡོ་རྗེ་ཟེར་བའི་ཚོང་པ་ཞིག་ལ་ཐུག ཚོང་པ་ལ་འགྲམ་ན་ཚོང་ཁང་ཞིག་ཡོད་པ་དེར་ལས་ཀ་བ་ཞིག་མཁོ། སྐྱེ་བ་སྔོན་མའི་ལས་ཟེར་བ་དེ་འདི་འདྲ་རེད། སྒྲོལ་མ་ལ་ཁམས་པའི་ཚོང་པའི་ལས་ཀ་ཐོབ། སྒྲོལ་མ་འགྲམ་ལ་སླེབས་ནས་ཟླ་བ་གསུམ་ལ་ཁམས་པའི་ཚོང་ཁང་དུ་ལས་ཀ་བྱས། སྒྲོལ་མའི་རྣམ་པ་མཛེས་པ་དང་སྒྲོལ་མའི་རྣམ་རིག་གྲུང་པ་དེས་སྦྱིན་བདག་རྡོ་རྗེ་ཡང་དགའ་བཞིན་ཡོད། འོན་ཀྱང་ཕ་ཡུལ་གྱི་གནད་དོན་དང་སྒྲོལ་མའི་ཕ་མའི་གནས་ཚུལ་དེས་སྒྲོལ་མ་བློ་བདེ་བོ་ཞིག་མ་ཡོང་།
སྒྲོལ་མ་སླར་ཡང་བྲོས། ད་ནི་སྒྲོལ་མ་བལ་ཡུལ་དུ་སླེབས། བལ་ཡུལ་བརྒྱུད་ནས་རྒྱ་གར་དུ་སླེབས། ད་ནི་སྒྲོལ་མ་ལ་ཆ་བཞག་ན། ཕ་མ་དང་ཕ་མའི་བཅིངས་ཐག་ནས་རྒྱལ་ཁབ་གཉིས་ཀྱིས་བརྒལ་ཡོད། སྒྲོལ་མའི་ལོ་ཚོད་ལ་བརྟེན་ནས་ད་ནི་སློབ་གྲྭ་ཞིག་ལ་འགྲོ་བ་ལ་རེ་བ་ཆད། རྡ་རམ་ས་ལའི་རི་གྲོང་འགྲིམས། མཚམས་རེར་ཟ་ཁང་འགའ་རེར་ཟླ་བ་ཁ་ཤས་ལ་ལས་ཀ་བྱས། མཚམས་རེར་གྲོགས་པོ་གྲོགས་མོ་ཚོའི་མཉམ་དུ་གཙུག་ལག་ཁང་ལ་བསྐོར་བ་བྱས། དེ་ལྟར་བྱེད་བཞིན་པའི་སྐབས་དེར་སྒྲོལ་མའི་མི་ཚེ་ལ་འགྱུར་བ་ཞིག་ཐེབས། ཐེངས་འདིར་སྒྲོལ་མ་ལ་ཨུ་ཚུགས་རྒྱག་མཁན་དེ་ནི་ཇོར་ཇི་ཟེར་བའི་ཨ་རི་བ་ཞིག་རེད། ཇོར་ཇི་ནི་ཐེངས་དང་པོར་རྒྱ་གར་ལ་སྤྲོ་གསེང་ལ་ཡོང་བ་ཞིག་ཡིན་པ་དང་། དེ་ཡང་ཨ་རིའི་ཆོས་ཚོགས་ཤིག་བརྒྱུད་ནས་རྒྱ་གར་རྡ་རམ་ས་ལ་དང་བོད་ཀྱི་ཆོས་ངོ་འཕྲོད་པ་ཞིག་རེད།
ཇོར་ཇི་ཡིས་སྒྲོལ་མ་མཐོང་མ་ཐག་ཁ་གདངས་མིག་གཅེར་ནས་བུ་མོ་འདི་མ་གཏོགས་ང་ལ་དགོས་རྒྱུ་གཅིག་ཀྱང་མི་འདུག་བསམས་པ་འཁོར། བོད་སྐད་ཐར་ཐོར་ཅིག་ཤེས་པ་དེ་སྤྱད་ནས་སྒྲོལ་མ་ལ་འཚམས་འདྲི་དང་། སྒྲོལ་མ་ལ་དུས་བཀག་གིས་མཇལ་འཛོམས་བྱེད་པ། སྒྲོལ་མ་ལ་ལག་རྟགས་ཉོ་བ་སོགས་ཤ་ཚ་ཚ་བྱས། ཇོར་ཇི་ཡིས་དེ་ལྟར་ཉིན་གྲངས་བསྟུད་མར་བྱས་སྟབས་སྒྲོལ་མའི་སེམས་ཀྱང་ཇོར་ཇི་ལ་ཆགས། རྟ་མགྲིན་ཞ་ར་དང་ཇོར་ཇི་བསྡུར་ན་ཇོར་ཇི་ནི་གཟུགས་ཁམས་དར་ཞིང་ལོ་ན་གཞོན་པ་མ་ཟད། ཕོ་གསར་ཀྱང་རྫིག་ཐག་ཆོད་ཅིག་འདུག མཐའ་མ་དེར་ཇོར་ཇི་དང་སྒྲོལ་མ་གཉིས་ལ་ལུས་འབྲེལ་ཀྱང་ཆགས། ལས་ཟེར་བ་འདི་ལ་མཚམས་དང་ཚོད་ཟེར་བ་ཞིག་ག་ན་ཡོད།
ཟླ་བ་དྲུག་ཙམ་གྱི་རྗེས་ལ་སྒྲོལ་མ་ཡང་ཇོར་ཇིའི་ཕ་ཡུལ་ལ་སླེབས། ཇོར་ཇིའི་ཕ་མ་གཉིས་ནི་ལོ་ན་རྒས་པ་དང་ཡེ་ཤུའི་ཆོས་ལ་དད་པ་ཧ་ཅང་ཆེ་བ་ཞིག་རེད་འདུག དེ་ཙམ་མ་ཟད། ཡེ་ཤུའི་ཆོས་ཁོ་ན་ལ་བརྟེན་ནས་མི་ཚེ་འཚོ་བ་ཞིག་རེད། ཇོར་ཇི་ཡིས་སྒྲོལ་མ་འཁྲིད་ནས་ཁྱིམ་ལ་སླེབས་པའི་ཉི་མ་དང་པོ་དེ་ལ་ཁོང་ཚོ་ནང་མི་ལྷན་འཛོམས་ཤིག་བྱས། སྐབས་དེར་ཕ་མ་གཉིས་ཀྱིས་གུས་ཞབས་དང་བཅས་སྒྲོལ་མ་ལ་དྲི་བ་བཏང་། དྲི་བ་དེ་དག་རིམ་གྱིས་བརྩེ་དུངས་ཀྱི་ཐོག་ལ་འཁོར། སྒྲོལ་མའི་གདོང་སླར་ཡང་དམར་པོར་གྱུར། འོན་ཀྱང་ཐེངས་འདིར་སྒྲོལ་མ་ངོ་ཚ་སྒོམ་ཐུབ་པར་གྱུར། “ང་ཇོར་ཇི་ལ་དགའ། ང་ཇོར་ཇི་ལ་དགའ་བ་ནི་ཁོང་གིས་ང་ལ་ཁྲེལ་མེད་དང་ཐུབ་ཚོད་མི་གཏོང་བའི་ཡིད་ཆེས་སླེབས་སོང་། དེ་བཞིན་ཁོང་གིས་ངའི་ཡིད་བཀུག་བྱུང་།” སྒྲོལ་མས་དབྱིན་ཇིའི་སྐད་ཐར་ཐོར་ཞིག་གིས་དེ་ལྟར་བཤད། ཕ་མ་གཉིས་ཀྱིས་རང་གི་ལག་པ་གཡོན་པས་མགོ་དང་སྙིང་ག་དེ་ནས་ཕྲག་པ་གཡས་གཡོན་ལ་རེག་ཙམ་བྱས་རྗེས་ཕན་ཚུན་གྱི་ལག་པ་ནས་འཇུས་ཏེ་མིག་བཙུམས་ནས། “ད་ཐེངས་དཀོན་མཆོག་གིས་ངའི་བུ་ཇོར་ཇི་ལ་བོད་ཀྱི་བུད་མེད་འདི་འདྲའི་ཡག་པོ་གཅིག་གནང་བྱུང་། དཀོན་མཆོག་ཐུགས་རྗེ་ཆེ། ཐུགས་རྗེ་ཆེ།” ཞེས་སྨྲས། སྒྲོལ་མ་མགོ་སྒུར་ནས་བསྡད་འདུག
བརྩམས་སྒྲུང་བ་ཞིག་ཆག་རྒྱུའི་རེ་བ་ཆེན་པོ་འདུག བརྩམས་སྒྲུང་གི་ཆ་རྐྱེན་འགའི་ནང་ནས་གཉིས་ནི་ཁོར་ཡུག་དང་མི་སྣ་ཞིབ་འབྲི་དེ་རེད། རྗེས་སུ་བརྩམས་སྒྲུང་གི་ནང་དུ་ཁོར་ཡུག་དང་མི་སྣ་ཞིབ་འབྲིའི་ཕྱོགས་སུ་ཐུགས་གཟབ་གནང་རོགས།
སྒྲུང་ཟེར་ན་ཅི་ཤེས་མོད་དངོས་བྱུང་གསར་འགྱུར་ཅིག་གི་ཚུལ་དུ་བཟུང་ན་འོས་སྙམ་མོ། །
ཡག་པོ་བྲིས་འདུག མུ་མཐུད་དུ་འབྲི་རོགས།