སྐྱོ་བྲག་དགའ་དབང་།
ཡུལ་སྐྱོ་བྲག་ཏུ་དུས་བཞིའི་འགྱུར་བ་ཤིན་ཏུ་གསལ་པོ་ཡོད་ཅིང་། དུས་ཀྱི་དང་པོ་ནི་བོད་ཡུལ་སྤྱི་པའི་སྲོལ་བཞིན། དཔྱིད་ཀར་བྱེད་པས་དཔྱིད་ཟླ་ར་བ་ནི་ཧོར་ཟླ་དང་པོ་རེད། ཟླ་བ་དང་ལོ་རྟགས་སྒྲིག་པ་ན། ཧོར་ཟླ་དང་པོ་རྟ་རུ་བྱས་ཏེ་དགུན་ཟླ་ཐ་མ་སྦྲུལ་དུ་བྱེད་པའི་ཡུལ་སྲོལ་ཞིག་ཡོད་ལ། དཔྱིད་ཟླ་ར་བ་ཚེས་ཡོང་བ་ནས་ནམ་ཟླ་ས་ཆུ་དྲོས་པའི་འགོ་ཚུགས་པ་རེད།
འབྱུང་བའི་འཁོར་ཕྱོགས་ཤིག་གིས། དཔྱིད་ཟླ་ར་བ་རྟ་ཟླའི་ནང་དུ་རླུང་ཆེན་ལྡང་བ་དེ་ལ་རྟ་ཟླའི་རླུང་དམར་མ་ཟེར་ཞིང་། དེ་ནི་ཟླ་ཆུ་ཁམ་པ་ནུབ་ནས་ཤར་དང་། སྙིང་ཆུ་སྔོན་མོ་བྱང་ནས་ལྷོ་རུ་བཞུར་བའི་འདོམ་མཚམས་ཟླ་སྙིང་དཀར་ནག་སུམ་མདོ་བྱ་བ་དེ། སྐྱོ་བྲག་དགོན་པའི་ནུབ་ངོས་ན་ཡོད་པས། ནུབ་བྱང་གི་ལུང་པ་རྣམས་ནས་ཡོང་བའི་རླུང་ཆེན་དག་རེད།
རླུང་ཆེན་དེ་དག་ཡོང་བ་ན། ཟླ་ཆུའི་བྱེ་མ་རག་པ་དང་། རི་ལུང་གི་ཐལ་རྡུལ་ནག་པོ་རྣམས་ཁུར་བའི་རླུང་ཆེན་དམར་ནག་དྲག་ཏུ་འཁྲུགས་པས་གནམ་ས་བར་སྣང་ཡོངས་སུ་ཁེངས་ཏེ། མཚམས་རེ་སྐྱོ་བྲག་དགོན་པའི་ལྷོ་ངོས་མདུན་འཁྲིས་སུ་ཡོད་པའི་སྐྱོ་བྲག་གནས་རྒན་མ་ཞེས་པའི་གནས་རི་གྲགས་ཅན་དེ་ཡང་བསྒྲིབས་ནས་མི་མཐོང་བ་ཆགས་འགྲོ་ལ། རླུང་གིས་ཁུར་བའི་ཐལ་རྡུལ་རྣམས་ཁ་བ་བཞིན་འབབ་ཡོང་བ། ལྷ་མོའི་བསྟོད་ཚིག རླུང་ནག་འཚུབས་མ་དགུ་ཀློང་འཁྱིལ་བའི་དབུས། །ཞེས་པ་མངོན་སུམ་ཞིག་ཡོད་ནའང་། སེམས་ཅན་བསད་རབས་དང་། མཁར་ཁང་གཏོར་རབས། རྩི་ཤིང་སྒྱེལ་རབས་སོགས་ནི་གོ་མྱོང་མེད།
རྟ་ཟླའི་རླུང་དམར་མ་ནི། སྐྱོ་བྲག་ཉེ་འཁོར་གྱི་ཡུལ་ལུང་རྣམས་སུ་ཧ་ཅང་གྲགས་ཆེ་བ་སྟེ། འདས་ལོག་དག་གཤིན་ཡུལ་དུ་འགྲོ་བ་ནའང་གཤིན་པོ་རྣམས་ཀྱིས། རྟ་ཟླའི་ནང་གི་རླུང་དམར་དེ་ཨེ་གདའ། རོ་བསྟི་ཐང་གི་རྟ་རྒྱུག་དེ་ཨེ་གདའ། རི་དམར་ལ་ཡི་པད་དབྱངས་དེ་ཨེ་གདའ། ཞེས་འདྲི་ཡོང་རབས་ཀྱི་གཏམ་རྒྱུད་རྒས་པ་ཚོས་གཞོན་པོ་དག་ལ་བཤད་དུ་ཡོད་ཅིང་། ས་མིང་འདི་དག་ནི་སྐྱོ་བྲག་གནས་རྒན་མ་བསྐོར་དུ་འགྲོ་བའི་རི་ཐང་དག་རེད།