ཨེ་མ་ཧོ།
ན་མོ་གུ་རུ་ཧ་ཡ་གྷུར་ཝ་ཡེ།།
དཔལ་ཡི་དམ་རྟ་མགྲིན་ཞབས་ལ་འདུད།།
བྱམས་སྙིང་རྗེའི་རྟ་རྒོད་འགྲོས་ལྡན་ལ།།
གཞན་ཕན་བདེའི་དཀྱུས་ཐོག་ཆོད་པ་དང་།།
ཁྲོམ་ལྷ་མིའི་ངོ་སོ་ཐོབ་པར་དགོས།།
རྟ་ཕ་མ་ལྟ་བུ་འདུ་ཤེས་དང་།།
གསོ་བདག་སྐྱོང་བུ་ཚ་བཞིན་དུ་གཉེར།།
རྒྱུག་གོམས་པ་རླུང་ལ་འགྲན་པའི་ཚེ།།
ལྕག་ཚ་མོས་མི་བྲབ་ཀ་མེད་རེད།།
རབ་ཡིན་ན་རྟ་མགྲིན་རྐྱང་རྒོད་སྒོམ།།
འབྲིང་མ་གྱུར་འགྲོ་བའི་སྡུག་བསྔལ་སེམས།།
དེ་མིན་ཡང་རང་ལ་དཔེ་བླངས་ནས།།
ཁྲེལ་མེད་པའི་རྟ་རྒྱུག་སྤོང་ན་ལེགས།།
ཕ་བླ་མའི་དགོངས་རྒྱུ་སེམས་ཅན་ཡིན།།
མ་རྟ་རྒན་སྡུག་ལ་སྦྱར་བ་ན།།
ལས་དགེ་བ་མེད་པར་ཀུན་ཤེས་ཀྱང་།།
སེམས་ཀུན་སློང་བཅོས་པ་ཤིན་ཏུ་གལ།།
སེམས་མ་དག་རྟ་རྒྱུག་སྲོལ་ངན་འདི།།
ལུས་མ་དག་དུད་འགྲོ་སྡུག་ལ་སྦྱར།།
དོན་མ་དག་སྡུག་གི་གཞི་མ་ལས།།
བོད་སྒམ་པོས་མཐོང་ན་ཐུགས་རེ་ཁྲེལ།།
ཕྱི་རྒྱལ་ཁབ་བཟང་པོའི་བཞག་པ་ལ།།
རྟ་བྱི་ཁྱི་ནང་མི་བཞིན་དུ་གཉེར།།
ཚེ་གོང་བོར་བདག་སྐྱོང་ལེགས་གནང་ནས།།
སྐབས་རེ་གཉིས་གཟེངས་རྟགས་ཆེད་དུ་རྒྱུག།
རྒྱུ་ནོམ་པ་རྟ་རྒན་ཆེད་དུ་བྱིན།།
ལས་དཀའ་ཚེགས་མི་ཚེ་སྡུག་ལ་སྦྱར།།
དོན་སྙིང་རྗེ་མེད་པའི་ལས་ཀ་དག།
གྲོགས་ཞིང་འབྲོག་རྒད་པོས་མཚམས་བཞག་མཛོད།།
ཅེས་པ་རབ་གནས་ཤིང་ལུག་ནག་ཟླའི་དབང་ཕྱོགས་དགའ་བ་དང་པོར་སྤྲུལ་སྐུ་ངང་ཆུང་རིན་པོ་ཆེ་འམ་ཁམས་སྨྱོན་གྱིས་ཕ་ཡུལ་གྱི་སྙིང་རྗེ་མེད་པའི་རྟ་རྒྱུག་ལ་ཐུགས་སུན་དང་གསུང་སྐུལ་བཞིན་དུ་ཤྲྰི་ཨེ་མ་ཧོས་དབྱིན་ཡུལ་རྫོགས་ཆེན་ཆོས་ཚོགས་ཁང་ནས་གང་ཤར་བགྱིས་པར་དགེའོ།། །།
རྟ་མ་ཞོན་རང་རྟའི་སེམས་ལ་ཞོན། །
རྟ་རྟ་ལྕག་ཞུས་ན་རང་སེམས་ཞུས། །
ནོར་སེམས་ཅན་ཚོགས་ལ་སྙིང་རྗེ་སྒོམས། །
ལུས་རང་ལུས་དཔེ་སྦྱར་གཞན་ལ་སོམས། །
ནོར་རྟ་ལུག་འཛོམས་པ་འབྲོག་པའི་རྒྱན། །
ནོར་ར་ལུག་མང་གསོད་སྡིག་པའི་ལས། །
རྟ་རྟ་རྒྱུགས་གཏོང་བ་བོད་མིའི་སྲོལ། །
སྡུག་ངན་དགུ་གཏོང་བ་ངོ་ཚའི་གཞི། །
ན་མོ་གུ་རུ་ཧ་ཡ་གྷུར་ཝ་ཡེ།། ཞེས་པ་དེ། ན་མོ་གུ་རུ་ཧ་ཡ་གྲཱི་ཝཱ་ཡ། ཞེས་པ་དག་པར་སེམས་སོ།