__ཁྲོ་གཏུམ།
ཉི་འོད་ཤར་ནས་འཛུམ་པའི་རི་ཀླུང་སོ་ཕྲེང་བགད
ལམ་ཆས་མགྲོན་གྱི་རྟ་ཕོས་སྒ་སྲབ་འཕྱོར་ལྭ་བྱས་ཏེ་རྣ་བ་ཀྲོག་སེ་རྒྱུ
ལམ་གྱི་རིང་ཐུང་ཨང་གིས་མ་བཅད་(སྤྱི་ལེ་ལྟ་བུ)རྟ་ཕོའི་འགྲོས་ཀྱིས་ཉི་ཐག་བཟུང་སྟེ
དལ་བུར་བསྐྱོད་པའི་གནའ་བོའི་མགྲོན་པོས་ལ་དང་ལུང་བ་སྒྲོག་མདུད་བྱས་མྱོང
ད་བར་བཤད་ན་རྟ་ལམ་ཉི་ཐག་མིག་གི་རྡེབ་དབང་ཙམ་ལས་བརྒལ་འདྲ
ཕ་མེས་ཡང་མེས་སོས་དལ་བག་ཕེབས་རྐང་ལམ་ཕྲ་མོ་སྐྱ་ཤར་སེ
རི་མགོའི་ཀི་སྒྲ་ཡང་ན་རྡེའུ་འབུམ་དེ་མིན་དར་ལྕོག་ཁ་བཀང་བསྒྲིགས
ཡངས་པའི་ཐང་དང་དམའ་བོའི་གཞུང་ལ་རྐང་པ་དཔར་བའི་དུས་དེ་ཙ་ན
མི་ནི་བློ་ཡངས་ས་ནི་མཐོང་ཡངས་དཔའ་རྙིང་དོད་པའི་རྒྱུད་འཛིན་བཤར
དེང་སང་རི་བོར་འགོས་པའི་གཏམ་རྒྱུད་ལན་རེ་མ་གཏོགས་ཆད་རྒྱུ་མེད
སྤང་ལ་སོང་བའི་སྤྲོ་འཆམ་རེ་རེས་སྔངས་པ་དང་བཅས་སྣ་སུ་རེ
དེ་མིན་ཨར་འདམ་རྡོ་ཆས་གྱོན་པའི་ཁང་བརྩེགས་དང་ནི་ཁང་པ་ལབ་བེ་ལེབ་བེ་རུ
སྔ་དྲོ་གྱེས་ཤིང་ཕྱི་དྲོ་འཛོམས་པའི་ལུགས་སྲོལ་གསར་མའི་འདུ་འཛིའི་འོག
མི་ཡི་འགྲོ་འོང་བྲེལ་འཚུབ་བར་དུ་བཙན་གྱིས་འཆའ་བའི་ངག་སྒོ་ན
སྡུག་མོས་ཁ་ཡི་བསམ་བློ་བརྐུས་ཏེ་མཚར་གཏམ་རི་མོ་གསུབ་མཁན་མང
དུས་ཀྱི་ཤོག་བུ་ཁྲ་ཁྲ་རིག་རིག་ངུ་དགོད་འཛོམས་པའི་ཞོར་ཟས་འདྲ
རྐང་པའི་འགུལ་བསྐྱོད་ཧ་ཅང་དམའ་ལ་ཀླད་པས་གོ་ལ་ཧྲིལ་ཟ་བསམ
དེ་ལྟར་སེམས་ཆད་ལུས་མ་ཆད་པའི་རྣམ་འགྱུར་འཛིན་པའི་གོ་ལའི་ཁྱོན
བཙག་རླུང་དེད་དེ་རླུང་བུར་གཏུགས་ཤིང་དེ་ཡི་ཁྲོད་དུ་གཉིད་ལ་དབུལ
༢༠༡༧།༠༢།༢༣ཞོགས་པར་ཉེ་མཚམས་སུ།