མཁན་སྤྲུལ་ཐུབ་བསྟན་མཁྱེན་བརྩེ་བློ་གྲོས།
ཡ་ཡ། རྟ་ནག་པ། མ་གཞི་དེ་རིང་ངས་ཁྱོད་ལ་ལན་མ་བྲིས་ཀྱང་ཆོག ངོ་མ་བཤད་ན་འབྲི་འདོད་ཀྱང་མི་འདུག ངས་འབྲི་འདོད་མི་འདུག་ཟེར་བ་དེ་ལ་ཕྱོགས་གསུམ་གྱི་རྒྱུ་མཚན་ཡོད།
རྒྱུ་མཚན་དང་པོ།
ང་ནི་ཁྱོད་དང་བསྡུར་ན་མི་ལོ་ཧྲིལ་པོ་བཅུ་བཞི་བཅོ་ལྔའི་རིང་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་མཐར་ཕྱིན་ནས། ཐོས་བསམ་པ་སྟོང་ཕྲག་དུ་མའི་ནང་ནས་འབུར་དུ་ཐོན་ཏེ་ལུགས་མཐུན་གྱི་གོ་མིང་ཐོབ་པ་ཞིག་ཡིན་པས། ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ།། སྙེ་མ་སྟོང་པ་མགོ་འཕང་མཐོ་ཟེར་བའི་དཔེ་ལྟར། ཁྱོད་ལྟ་བུ་ཡོན་ཏན་གྱི་རྨང་གཞི་ཅི་ཡང་མེད་ཀྱང་ཡིག་རྨོངས་སེལ་ཙམ་གྱིས་ང་རྒྱལ་གྱི་ལྟོ་བ་ལྒང་ཕུག་བཞིན་སྦོས་པ་ཞིག་དང་མཉམ་དུ་བགྲོ་གླེང་བྱེད་ཁུལ་བྱེད་པ་ནི། ཨ་སྒོར་ས་ཡ་དུ་མའི་མ་རྩ་ཅན་གྱི་ཕྱུག་བདག་ཅིག་དང་། ཧིན་སྒོར་ལྔ་བཅུའི་ཁ་མི་གང་བའི་སྤྲང་པོ་ཞིག་གཉིས་ཀྱིས་མ་རྩ་མཉམ་དུ་བཞག་སྟེ་ཚོང་རྒྱག་རྒྱུའི་གྲོས་མོལ་བྱེད་པ་དང་འདྲ་བས། ངས་ངོ་མ་ཁྱོད་དང་མཉམ་དུ་རྩོད་གླེང་བྱེད་རྒྱུ་དེ་ལ་ང་རང་ཡང་ངོ་ཚ་གི་འདུག དེར་མ་ཟད་མི་ལོ་བཅུ་བཞི་བཅོ་ལྔའི་རིང་། ལུང་དང་རིགས་པའི་བང་མཛོད་དུ་གྱུར་པའི་མཁས་པ་བརྒྱ་ཕྲག་དུ་མ་དང་མཉམ་དུ་འཆད་རྩོད་ཀྱི་ལམ་དུ་ཞུགས་ཤིང་། ཡོན་ཏན་གྱི་རྨང་གཞི་ཟབ་ཅིང་རྒྱ་ཆེ་བའི་མཁས་པ་རྣམས་དང་བགྲོ་གླེང་གི་ཞུན་ཐར་གཅོད་སྐབས། ཁོང་རྣམས་ཀྱི་ཐད་ཀར་ལངས་རྒྱུ་ཤིན་ཏུ་དཀའ་བའི་ཉམས་མྱོང་མཐར་ཕྱིན་ཡོད་པས། དེ་རིང་ཁྱོད་ཀྱིས་ང་ལ་བསྙད་པ་ཡིན་སྐད་ཀྱི་ལན། བྱིས་པའི་གཉིད་ལབ་བམ། རིག་ཚོ་མ་ཟིན་པའམ། ར་བཟི་བའི་དུས་ཀྱི་སྐད་ཆའམ། གཡེམ་མ་མུ་ཆོར་སྨྲ་བའི་གཏམ་དང་འདྲ་བོ་དེ་མཐོང་བས་ངོ་མ་སྙིང་རྗེ་ཕྲན་བུ་ཞིག་ཀྱང་སྐྱེས་སོང་། ལན་རྒྱག་རྒྱུ་མེད་ཀྱང་ད་དུང་ཨུ་ཚུགས་བྱས་ནས་ཅིག་འབྲི་ཁུལ་བྱེད་པ་དེ་ངོ་ཚ་ནས་ཁས་ལེན་མ་ཕོད་པ་ཙམ་དང་། ངོས་ལེན་བྱེད་རྒྱུའི་བློ་ཁོག་གིས་མ་འདང་བ་ཙམ་རེད།
རྒྱུ་མཚན་གཉིས་པ།
ངས་ཁྱོད་ལ་གཤགས་བཅོས་སྐོར་དགུ་བཏང་བ་ཡིན། ཡིན་ན་ཡང་ཁྱོད་ཀྱིས་ངའི་གཤག་བཅོས་བརྒྱད་པ་ཁོ་ན་མ་གཏོགས། གཤག་བཅོས་གཞན་བརྒྱད་པོ་དེ་ལ་ལན་ཨ་བྲའི་རིལ་མ་ཙམ་ཞིག་བཏབས་མི་འདུག ད་དུང་ “མཁན་སྤྲུལ་ཚང་གི་རྟ་ནག་གཤག་བཅོས་དགུ་སྐོར་བོ་རེ་རེ་ལ་གསལ་ཐག་ཆོད་པའི་ལན་ལྡོན་པར་ཡི་གེའི་ཚེགས་སུ་ཆེ་རྐྱེན།”ཟེར། དེས་ན་ངས་གཤག་བཅོས་སྐོར་བརྒྱད་ལ་ལན་བཏབ་མི་འདུག་པས། ད་ངས་ཁྱོད་ལ་ཡང་བསྐྱར་ལན་ཅི་ཞིག་རྒྱག་ཨེ་རེད། ཁྱོད་ཀྱིས་ཡི་གེའི་ཚེགས་ལ་འཛེམ་པར་ཁ་གཡར་ནས་སྡོད་དང་ངས་གཤག་བཅོས་དགུ་སྐོར་དེས་ཁྱོད་ཀྱི་མི་ཚེ་གང་ལ་རྗེས་འདེད་བྱེད་ཀྱི་རེད་ལ། ནམ་ཞིག་ཡང་བསྐྱར་ཁྱོད་དང་མི་གཞན་ཞིག་རྩོད་པ་ལ་ཐུག་ན། སྐབས་དེར་མི་དེས། སྔོན་མཁན་སྤྲུལ་ཐུབ་མཁྱེན་གྱིས་ཁྱོད་ལ་གཤག་བཅོས་འདི་ལྟར་བཏང་སོང་ཡང་། ཁྱོད་ཀྱི་ཁ་ནང་ན་ལྕེ་མ་གཏོགས་གང་ཡང་ཐོན་རྒྱུ་མེད་པས་ང་ཚོ་འདི་འདྲ་ཉོས་ཡོད་པ། ཞེས་ངོ་མཚང་འབྲུ་ངེས་ཡིན་པས་དེ་དུང་ཡང་བསྐྱར་ངའི་ཐོག་ཏུ་སྤྲོ་མ་ལངས་ཨ།
རྒྱུ་མཚན་གསུམ་པ།
ཁྱོད་ཀྱིས་ཁར་ཉིན་ཀླུ་སྨྱོན་དང་ཀླུ་སྨྱོན་ལ་མཐོང་ཆེན་བྱེད་མཁན་ཚོར་བསྡིགས་སྐབས། ཁ་བརྡ་དྲ་བས་མཆན་འགོད་ས་བཀག་མི་འདུག དེ་རིང་ང་ལ་བྲིས་པའི་ལན་ཐབས་ཆག་དེའི་འོག་ལ་ཡང་མཆན་འགོད་ས་བཀག་མི་འདུག ཡིན་ན་ཡང་ངས་བྲིས་པའི་གཤག་བཅོས་དགུ་སྐོར་དེ་དྲ་ཐོག་ཏུ་མ་བཞག་ཐབས་མེད་བྱུང་འདུག་ཀྱང་བཞག་མ་ཐག་ནས་མཆན་འབྲི་ས་བཀག་འདུག ངས་ཞིབ་འཇུག་བྱས་པ་བརྒྱུད་ནས་ཤེས་པ་ནི། ཁྱོད་བལ་ཡུལ་དུ་དགེ་རྒན་བྱས་ནས་སྡོད་མཁན་ཞིག་ཡིན་པ་དང་། ཁ་བརྡ་དྲ་བའི་ལས་བྱེད་དང་ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་ཟེར་བ་དེ་ཁྱོད་དང་ཕ་ཡུལ་གཅིག་པ་ཡིན་པར་མ་ཟད་གྲོགས་པོ་ཡིན་ཞིང་། རབ་གསལ་དང་རིག་འབྱུང་དོན་གྲུབ་བཀྲ་ཤིས་གཉིས་ཁྱོད་དང་འབྲེལ་བ་ཡོད་མེད་མ་ཤེས་ཀྱང་། རྡོར་དབང་དང་གྲོགས་པོ་ནང་ཚགས་ཡིན་པས་འདི་འདྲ་བྱས་པ་ཤེས་རྟོགས་བྱུང་། དོན་དག་ཆུང་ཆུང་འདི་འདྲ་ཞིག་ལ་ངོ་བལྟས་བལྟས་ལ་ཕྱོགས་རིས་འདི་ཙམ་ཞིག་བྱེད་དགོས་ན། དེ་ནས་ཁྱོད་ཀྱི་གྲོགས་པོས་དབང་བསྒྱུར་བའི་ཁ་བརྡ་དྲ་ཐོག་འདིར་ཁྱོད་ལ་ལན་འབྲི་འདོད་ཀྱི་འདུན་པ་ཡོད་རྒྱུ་རེད་དམ།
དེ་ལྟར་རྒྱུ་མཚན་གསུམ་ལ་བརྟེན་ནས། ཁྱོད་ལ་ལན་འབྲི་རྒྱུར་སྐྱུགས་པ་ལ་ལག་པ་འཆང་དགོས་པ་ལྟ་བུའི་སུན་སྣང་དང་། བྲིས་ཀྱང་ཁ་བརྡའི་ཐོག་ཏུ་འབྲི་བ་ལ་དེ་བས་ཀྱང་སྐྱུགས་བྲོ་ན་ཡང། “བདག་གི་དགག་རྩོམ་འདིས་དལ་ཅག་གེར་བཞག་ཚེ་གནས་ལུགས་ཀྱིས་ཡོངས་སུ་ཕོངས་སོང་བའི་གྲས་སུ་འཇོག་པ་ལས། དཀྱེལ་ཡངས་བཟོད་སྲན་བྱས་སོང་སྙམ་པ་ཞིག་ཏུ་ནམ་ཞར་དུ་མི་བརྩི།” ཞེས་བྲིས་འདུག་པས། འདི་ནས་སླར་ཡང་རྟ་སྤགས་ཐེངས་གཅིག་མ་བཤུས་ན། ཁྱི་རྒན་ཡ་རྐན་ཕུག་པའི་ཁྲག། རུས་པའི་བཅུད་དུ་སྒོམ་ནས་འཆའ།། ཟེར་བ་ལྟར། ཁྱོད་ཀྱིས་སྤྲང་པོས་ཤ་མར་བསྒོམ་ནས་སྨྱོ་འགྲོ་ངེས་སུ་འདུག་པས་སླར་ཡང་སྐད་ཆ་ཁྱུག་ཙམ་བྱེད་རྒྱུར།
གཅིག
གོང་དུ་བྲིས་པ་ལྟར་ངས་བཏང་བའི་གཤག་བཅོས་དགུ་སྐོར་དེའི་ནང་གི་བརྒྱད་པ་ཁོ་ན་ལ་ལན་བཏབ་འདུག་པས་དེའི་ཐོག་ནས་བཤད་ན། ཁྱོད་ཀྱིས་“རང་ཉིད་ལ་དགའ་མཁན་ཞིག་མང་དུ་སོང་ན་ཨེ་མི་དགའ་སྙམ་པ་ཞིག་ཀླད་པའི་དགུ་ཟུར་ལའང་ཤར་མ་མྱོང་བ་གང་ཞིག་སྟེ།” ཟེར་བ་འདི་བདེན་ན་དེ་ཁྱོད་ཀྱི་འདོད་པ་རེད། ངས་ཁྱོད་མི་གྲལ་དུ་བསྡད་ནས་མིའི་ལུགས་ཀྱི་འཚོ་བ་སྐྱེལ་མཁན་ཞིག་ཡིན་པ་གཞིར་བཞག་བྱས་ནས། ཤེས་ལྡན་པའི་སྤྱི་ཚོགས་སུ་དགྲ་ཉུང་ན་དགའ་གི་རེད་ཅེས་བཤད་པ་ཡིན། གལ་ཏེ་ཁྱོད་འགྲོ་བ་མི་ལ་སྤྱི་མཐུན་དུ་ཡོད་པའི་ཡ་རབས་ཀྱི་ལུགས་སྲོལ་ལ་རྒྱབ་ཀྱིས་གཏོད་པར་དགའ་ན་ཁྱོད་ཀྱིས་ཅི་འདོད་བྱོས་དང་། རྒན་མོ་གྲོང་དགུ་མ་ཁྱོད་རང་གི་མི་ཚེ་ལ་མི་གནོད་ན་ང་ལ་ནི་ཁྱད་པར་གང་ཡང་མེད་དོ། འོན་ཀྱང་ཁ་ནས་དཔའ་སྐད་འདོན་ཞོར་ལ་འདོམ་ནས་གཅིན་པ་ཐ་ར་ར་ཤོར་བཞིན་འདུག་སྟེ། དེ་མ་ཐག་ཏུ་“ཆོས་དང་ཆོལ་གྱི་བསམ་བློ་ཕྱོགས་རིས་པ་དག་མཚོན་ཆའི་ཚབ་ཏུ་འཛིན་པོ་དག་གི་ཞབས་མཆན་ནི་བདག་གི་ཟིན་བྲིས་སུ་སྐད་ཅིག་ཙམ་ལའང་སྡོད་དུ་མི་འཇུག་པར་ཕྱིར་འཕུད་བྱ་རྒྱུ་ཡིན་པ་དགོངས་པར་འཇགས་རོགས།” ཞེས་བྲིས་པ་འདིས་གོང་གི་དམ་བཅའ་དེའི་རང་སྐེ་རང་གིས་བྲེག་ནས་མི་འདུག་གམ། ཁྱོད་མི་དགའ་མཁན་མང་དུ་སོང་བར་ཞེད་སྣང་མེད་ན་ཁྱོད་ལ་གནག་པའི་མཆན་རྣམས་གསུབ་དགོས་དོན་གང་ཡིན་ནམ། འདི་ལ་ནང་འགལ་ཟེར་བ་རེད། འདི་ལྟར་རང་གིས་བྲིས་པ་ལ་རང་གིས་ནང་འགལ་བཟོ་བཞིན་པ་ཙམ་ཡང་མི་ཤེས་པ་འདི་ཁྱོད་སློབ་སྦྱོང་ཉུང་བ་དང་། ཤེས་རབ་ཆུང་བའི་སྐྱོན་ཡིན་པས། ཕྱིན་ཆད་ར་མི་སོད་གཡག་གི་སྐེ་ལ་འབྱར་འདི་བསྐྱུར་ན་ཨེ་མི་དགའ། མ་གཞི་ངོ་ཚ་རྒྱུ་ཟེར་བ་ཏིལ་འབྲུ་ཙམ་ཞིག་མེད་པ་འདི་རྟ་ནག་ཚང་གི་ཁྱིམ་རྒྱུད་ཀྱི་གོམས་གཤིས་ཤིག་ཡིན་ནམ། ཁྱོད་སྒེར་གྱི་ཆག་སྒོ་ཞིག་ཡིན་མི་ཤེས། ད་དུང་དགེ་འདུན་ཆོས་འཕེལ་སོགས་རང་གི་སྐེ་ལ་སྦྱར་ཁུལ་བྱེད་པ་ནི། སྨྱོན་མ་ཞིག་གིས་རྒྱ་གར་ན་འདི་ལ་མཆོད་པ་བྱེད་ཀྱི་འདུག་ཅེས་རྡོ་ཡི་ཕོ་མཚན་ཆེན་པོ་ཞིག་སྐེ་ལ་བཏགས་ནས་ཚོགས་མང་གི་ནང་དུ་སླེབས་པ་ལྟར། མཁས་བླུན་སུས་བལྟས་ཀྱང་གད་མོ་འཆོར་བ་དང་། སྙིང་ཁྲེལ་གཏོང་བྱེད་ཀྱི་རྒྱུ་གཅིག་པུ་ལས་མེད་ཀྱང་། མེད་པོ་སྣང་བས་གསོ།། ཁྱི་རྐུན་ལྷ་འདྲེས་གསོ་ཟེར་བ་ལྟར་རང་གི་སྣང་བ་རང་གིས་གསོས་ནས་སྡོད་དང་། སྨན་ཁང་དུ་ཡང་བསྐྱར་འགྲོ་དགོས་མི་ཐུག་ན་ཐང་།
གཉིས།
“མཁན་སྤྲུལ་ཐུབ་བསྟན་དུ་འབོད་པ་འདི་ལ་ནི་གདན་ས་ངོ་མ་ཞིག་གིས་མཁན་ཐོབ་གཤའ་མ་ཞིག་ཕུལ་ཟིན་པ་ཡིན་ནམ། བླ་གཟུགས་ཟོག་པོ་ཞིག་གིས་སྤྲུལ་མིང་རྫུས་མ་རེ་བསྟབས་སོང་བ་གང་ཡིན་ནི་བདག་ལ་ཆ་ཅི་འཚལ་མོད།” ཞེས་དང་། “ཁྱེད་དང་ཁྱེད་ལྟ་བུའི་མཁན་སྤྲུལ་ཡ་མ་བརླ་དང་བར་མ་དོ་དག་གི་”ཟེར་བ་འདི་ནི་ངོ་མ་གནས་ལུགས་ཀྱིས་ཕོངས་པས་སྐད་ཆ་འབའ་ཞིག་སྟེ། ངའི་མཁན་སྤྲུལ་གྱི་གོ་གནས་ཀྱི་བརྒྱུད་རིམ་ནི་སྐབས་འདིའི་གླེང་གཞི་མ་རེད་ལ་བརྗོད་བྱ་ཡང་མ་རེད། ངས་ཀྱང་ཁྱོད་ཀྱིས་ཕག་གིས་སྐྱག་པ་ཟོས་ནས་ཕྱིས་སྐྱུགས་པ་འདྲ་བའི་རྩོམ་སྙིགས་དེ་ལ་སུན་འབྱིན་བཏང་བ་ལས། རྟ་ནག་པའི་དགེ་རྒན་གྱི་ལས་ཀ་ཇི་ལྟར་རག་མིན་དང་། དགེ་རྒན་གྱི་ལག་ཁྱེར་ཡོད་མེད་སོགས་གླེང་གི་མེད། ཡིན་ན་ཡང་ད་རེས་གཤག་བཅོས་དགུ་སྐོར་གྱིས་རྟ་ནག་པའི་ཁ་ངོ་འདམ་ཉོག་གི་ནང་དུ་བསུབ་པའི་ངོ་ཚ་དེའི་སྐལ་བ་རེ། རང་གི་འཛིན་གྲྭའི་ནང་གི་སློབ་མ་ཚོ་ལ་ཡང་ཆད་དུ་མ་འཇུག་ཅིག
གསུམ།
སྤྱང་ཀི་ཤ་གཟན་དང་རི་བོང་རྩ་ཟན་གཉིས་ཀྱིས་དགའ་ཕྱོགས་སོ་སོ་ཡིན་པ་བཞིན། ངས་ཀྱང་ཁྱོད་དད་པ་སྐྱེ་བའི་ཆེད་དམ། ཡང་ན་ཁྱོད་ཀྱིས་བརྩི་བཀུར་བྱེད་རྒྱུ་རེད་སྙམ་པའི་ཀུན་སློང་གིས་མཁན་སྤྲུལ་ཞེས་པའི་མིང་འདི་བཀོལ་མེད། འོན་ཀྱང་ཁྱོད་ཀྱིས་ཀྱང་རྟ་ནག་པ་སྐལ་བཟང་ལུང་རིགས་ཞེས་མིང་ཆ་ཚང་བཀོལ་འདུག་པས། ངས་ཀྱང་མིང་ཆ་ཚང་ཞིག་བཀོལ་བ་ཡིན། ཡིན་ན་ཡང་ཁྱོད་མཁན་སྤྲུལ་ལ་མགོ་མི་སྒུར་མཁན་དང་། མཁན་སྤྲུལ་ལ་དད་པ་མེད་མཁན་ཞིག་ཡིན་ན་དེ་ནི་ཁྱོད་རང་གི་འདོད་པ་ཡིན་པས་གང་འདོད་བྱོས་དང་ང་ལ་ནི་ཁྱད་པར་ཅི་ཡང་མེད་ལ། ཁྱོད་ཀྱིས་མགོ་ཨེ་སྒུར་བསམ་པའི་རེ་བ་ཡང་མེད་དོ། ལར་ཁྱོད་མཁན་སྤྲུལ་རྣམས་ལ་ཡང་མགོ་མི་སྒུར། བོད་རང་གི་གནའ་བོའི་མཁས་གྲུབ་རྣམས་ལ་ཡང་མགོ་མི་སྒུར། དེང་སང་གི་མིང་དུ་གྲགས་པའི་རང་རིགས་ཀྱི་རྩོམ་པ་པོ་ཧོར་གཙང་འཇིགས་མེད་དང་། སྒོམ་སྡེ་ལྷ་རམས་པ། སྐུ་སྨྱོན་སོགས་ལ་ཡང་མགོ་མི་སྒུར། བོད་རང་གི་ཤེས་ལྡན་པའི་སྤྱི་ཚོགས་ལ་ཡང་མགོ་མི་སྒུར། ཡིན་གཅིག་རྒྱ་ནག་གི་རྩོམ་པ་པོ་ཡེ་ཅས་སོགས་ལ་མགོ་སྒུར་བ་འདི་ཁྱོད་ལ་བཀྲ་ཤིས་པའི་རྟགས་མཚན་ཡག་པོ་ཞིག་ཡིན་པས་མ་ཚད། རྟ་དག་ཚང་གི་ཁྱིམ་རྒྱུད་ཀྱི་ངོ་རྟགས་ཤིག་ཀྱང་ཡིན་པས། མྱི་ཤུལ་ལ་ཁྱི་སྐྱེ། ཁྱི་ཤུལ་ལ་རམ་ནག་སྐྱེ་ན་འདི་འདྲ་ཞིག་ལས་མེད་པ་རེད།
བཞི།
ངས་བྲིས་པའི་གཤག་བཅོས་དགུ་སྐོར་དེའི་ལན་ཡོངས་རྫོགས་བསྡོམས་ན། “བདག་གིས་མཁན་སྤྲུལ་ཐུབ་བསྟན་འདི་བ་ཚང་གི་རྟ་ནག་གཤག་བཅོས་དགུ་སྐོར་བོ་རིགས་པའི་འཁོབས་ལ་བཅལ་ནས་རྒྱུ་མ་ཕུ་ལ་དེད་པའི་མཐར། ཁོང་གི་ངོ་གདོང་ལ་ཐམ་རྟགས་དམར་ཀོར་རེ་བ་ཞིག་བརྒྱབ་དགོས་བྱུང་བ་སྟེ། ཚིག་སྣ་གཅིག་གིས་བསྡུས་ཤིང་བཟླུམས་ན། ཉོན་མོངས་པ་རགས་ལ་སྙིང་དུ་བྱད་ཕུར་གྱིས་བརླམས་པ་ཞིག་གོ། ཞེས་པ་འདིའོ།།” ཞེས་ཟེར་བ་ལ་ལྟོས་དང་། “ཉོན་མོངས་པ་རགས་ལ་སྙིང་དུ་བྱད་ཕུར་གྱིས་བརླམས་པ་ཞིག་གོ།” ཞེས་པ་འདིས་གཤག་བཅོས་དགུ་སྐོར་ལ་ལན་ཐེབས་ཡོད་ནི་ཨེ་རེད། ཁྱོད་ཀྱིས་ཧོར་གཙང་འཇིགས་མེད་ལ་དགག་པ་ལུང་པ་གང་བྱས་འདུག་པ་ལ། ཧོར་གཙང་འཇིགས་མེད་ཀྱིས་ཁྱོད་ལ། “ཉོན་མོངས་པ་རགས་ལ་སྙིང་དུ་བྱད་ཕུར་གྱིས་བརླམས་པ་ཞིག་གོ།” ཞེས་བྲིས་ན་ཁྱོད་ལ་ལན་ཆ་ཚང་བཏབ་པར་བརྩི་རྒྱུ་ཨེ་ཡིན། ཧི་ཧི་ཧི། ངོ་མ་ཅན་གི་སློབ་སྦྱོང་མེད་ཅིང་རྩ་མི་ཚང་བའི་མི་འདི་ཚོ་ལ་ངོ་ཚ་རྒྱུ་ཟེར་བ་ཞིག་མེད་ཀི། ད་དུང་འུ་ཐུག་པའི་ལས་ཀ་ཞིག་སྟེ། ཡིད་སྐྱོ་ཞིང་ཡ་ང་བ་སྙིང་རྗེ་དགོས་པ་ཞིག་ནི། དུས་བབ་ཀྱི་ཟིན་བྲིས་ནང་དུ་རང་གིས་བྲིས་པ་དེའི་མཇུག་ན་རང་གིས་མི་གསར་བ་མང་པོ་ཞིག་བཟོས་ཏེ་དཔའ་རབས་རྒོད་རབས་ཀྱི་མཆན་འདེབ་ཁུལ་བྱེད་ཀྱི་འདུག་པ་དེ་སུ་ཡིན་ཤེས་རྒྱུ་མ་རེད་ཨེ་བསམ་གི འདི་འདྲ་མི་ཐབས་ཆག་ཁྱི་འདྲ་བོ་ཞིག་གི་ལས་ཀ་མ་རེད་དམ། ངོ་ཨེ་ཚ་གི ཁྱོད་ཀྱིས་མཆན་ཞབས་སུ་ཁྱོད་ལ་བསྟོད་ར་འཐེན་ཡོད་མཁན་གྱི་མི་དེ་ཚོས་ནང་གི་མི་མང་པོ་ཞིག་གིས། དེ་རིང་ཡན་ཆད་ལ་ཟིན་བྲིས་གང་གིས་ནང་དུ་མིང་དེའི་ཐོག་ནས་མཆན་བྲིས་ཡོད་དམ། ང་ཚོ་ཆུ་ཚོད་ཉེར་བཞི་ལ་དྲ་ཐོག་ཏུ་ཡོད་པ་ཚོ་མགོ་སྐོར་རྒྱུ་དེ་འདྲ་ལས་སླ་པོ་ཞིག་ག་ལ་ཡིན། ཁྱོད་ཀྱིས་ཟིན་བྲིས་དེ་བྲིས་ཚར་བ་དང་མཉམ་དུ་སྔར་དྲ་ཐོག་ལ་མིང་ཙམ་ཡང་མེད་པའི་མི་གསར་བ་མང་པོ་ཞིག་དབྱར་རྩྭ་དགུན་འབུ་ལྟར་གློ་བུར་དུ་ས་འོག་ནས་ཐོན་ཏེ། ཁྱོད་ལ་བསྟོད་ར་འཐེན་དུ་སླེབས་པ་དེ་ཁྱོད་ངོ་ཚ་རྒྱུ་མེད་པའི་ཆོ་འཕྲུལ་རེད། ཡིན་ན་ཡང་སྔར་མིང་ཙམ་ཡང་མེད་པའི་མི་ཉི་ཤུ་གློ་བུར་དུ་མ་སླེབས་པ་དེ་ཁྱོད་ལ་དུས་ཚོད་ཀྱིས་མ་འདང་བའམ། ཡང་ན་མི་ཧ་ཅང་མང་ན་ཧ་གོ་འགྲོ་རྒྱུ་བསམ་པ་མིན་ནམ། གང་ལྟར་ངས་བྲིས་པའི་གཤག་བཅོས་དགུ་སྐོར་དང་། ཁྱོད་ཀྱིས་བྲིས་པའི་ལན་དེ་གཉིས་མཉམ་དུ་ངས་བོད་ནང་གི་དྲ་རྒྱ་མང་པོའི་ཐོག་ལ་གསལ་བཤད་དང་བཅས་འཇོག་ཐབས་བྱེད་རྒྱུ་ཡིན། དེ་ནས་ཧ་གོ་རྒྱུ་ཞིག་ཡོད་ནི་རེད། ད་ཧ་ལམ་ད་དུང་ཁྱོད་ཀྱིས་མི་ལྔ་བཅུ་གསར་དུ་བཟོ་དགོས་རྒྱུ་རེད།
ལྔ་།
ཁར་ཉིན་མི་ཞིག་གིས་རྟ་ནག་པ་ན་ནས་སྨན་ཁང་དུ་འདུག་ཟེར། བདེན་མིན་མི་ཤེས། ཡིན་ན་ཡང་ང་སྐབས་དེར་ང་ལ་སེམས་མ་བདེ་བ་ཆེན་པོ་ཞིག་བྱུང་། གང་ཡིན་ཟེར་ན། ང་ཚོ་ཆོས་ལུགས་པ་རྣམས་ལ་མདོ་མཛངས་བླུན་ཟེར་བ་ཞིག་ཡོད་ཅིང་། དེའི་ནང་དུ་རྒྱལ་པོ་ཟླ་འོད་ཀྱིས་མགོ་བྱིན་པའི་ལེའུ་ཟེར་བ་ཞིག་ཡོད། དེའི་ལོ་རྒྱུས་ཆ་ཚང་འདིར་འབྲི་ཚོད་མེད་ཀྱང་། མདོར་དྲིལ་ན། མཐའ་འཁོབ་ཀྱི་རྒྱལ་པོ་བྱི་མ་སེ་ན་ཟེར་བ་ཞིག་རྒྱལ་པོ་ཟླ་འོད་ཀྱི་མཚན་སྙན་ལ་མ་བཟོད་པར་སྙིང་གས་ཏེ་ཁྲག་སྐྱུགས་ནས་ཤི་བའི་ལོ་རྒྱུས་ཤིག་རེད། ངས་འཕྲལ་དུ་གཏམ་རྒྱུད་དེ་དྲན་སོང་། ཡ། ཁར་སང་རྟ་ནག་པ་ཀླུ་སྨྱོན་དང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཕྲག་དོག་ཏེ་ངུས་ནས་རང་གི་སྐྲ་འབལ་ས་ལ་ཐོན་འདུག དེའི་ཐོག་ཏུ་ངས་ཀྱང་ཁོའི་སེམས་ཀྱི་གནས་སྟངས་ལ་བསམ་བློ་མ་བཏང་བར་གཤག་བཅོས་དགུ་སྐོར་ཟེར་བ་དེ་བྲིས་པ་རེད། ད་ཁོ་རྐྱེན་དེ་ལ་བརྟེན་ནས་ཁོང་ཁྲོས་སྨན་ཁང་དུ་འགྲོ་དགོས་བྱུང་བ་ཨེ་ཡིན་བསམ་སོང་། ངའི་གྲོགས་པོ་ཞིག་གིས་ཀྱང་ཁ་པར་ཐོག་ནས་ཁྱོད་ཀྱིས་གཤག་བཅོས་དགུ་སྐོར་དེས་རྟ་ནག་པ་སྨན་ཁང་ལ་བསྐྱལ་སོང་། ད་ཁྱོད་ཀྱིས་སྒྲུང་ཆེན་པོ་བཟོས་སོང་ཟེར། དེ་བས་ང་བློ་མ་བདེ་བ་ཞིག་བྱུང་། ཡིན་ན་ཡང་དེ་རིང་ཅིག་བྲིས་འདུག་པས་སྐྱོན་མེད་ས་རེད། འོན་ཀྱང་དེ་རིང་ཡང་། ཁྱི་སྨྱོན་ལོང་བ་ཞིག་དང་འདྲ་བར་ཡུལ་དུས་དང་། རང་གཞན་སོགས་ཀྱི་ཁྱད་པར་གང་ཡང་མེད་པར། “མཁན་སྤྲུལ་དག་གི་སྙིང་རྩ་སྤར་མོས་བསྒགས་པ་”ཞེས་མཁན་སྤྲུལ་ཡོད་ཚད་ཀྱི་སྙིང་རྩ་བསྒགས་ཡོད་རབ་བཤད་འདུག་པས། ལུས་ཀྱི་ནད་ཡར་དྲག་ཡོད་རུང་སེམས་ཀྱི་ནད་ད་དུང་དྲག་མི་འདུག
དྲུག
རྟ་ནག་པ། ངས་ཁྱོད་ལ་ངོ་མ་བཤད་ན། ཁྱོད་ཀྱིས་ཅིག་བྲིས་ཚད་སེང་རྡོར་ལ་ལད་བཟློས་འདྲ་བོ་བྱས་ནས་བྲིས་འདུག་ཀྱང་། གཅིག་ནས་ཁྱོད་ཀྱིས་བྲིས་པ་རྣམས་ལ་ཚིག་གི་ལྷོད་ཤ་མི་འདུག རྩོམ་གང་ཡིན་ཡང་རྡོ་ཆག་བཙན་སྒྲིག་གི་རྣམ་པ་མངོན་གྱི་འདུག ཚིག་རྐང་དེ་མ་འགྲིག་པར་རྔུལ་ནག་ཐོན་རྒྱུ་ཞིག་མྱང་ཡོད་པའི་རྣམ་པ་མངོན་གྱི་འདུག གཉིས་ནས་སློབ་སྦྱོང་མང་པོ་མེད་སྟབས་བརྗོད་བྱའི་ཐོག་ལ་ལྗིད་ཁོག་མི་འདུག བྱ་སྤུའི་གོན་པ་ཞིག་དང་འདྲ་བོ་རེད། དེར་བརྟེན་ད་དུང་ཁྱོད་ཧོར་འཇིགས་དང་ཀླུ་སྨྱོན་སོགས་ལ་འགྲན་རྒྱུ་དང་བསྡུར་རྒྱུའི་ས་ལ་རྩ་བ་ནས་སླེབས་མི་འདུག་པས། མུ་མཐུད་དུ་སློབ་སྦྱོང་མང་ཙམ་བྱེད་རོགས་ཞེས་སྐུལ་མ་བྱས་པ་འདིས་དེ་རིང་གི་རྩོམ་འདིའི་མཇུག་གྲུབ་པར་བྱའོ།།
ལོ་མང་གཞུང་ཆེན་སྦྱངས་གྲུབ་པའི་རྗེས་ལ་སྤྱོད་འཇུག་དང་། བློ་སྦྱོང་དོན་བདུན་མ། རྒྱལ་སྲས་ལག་ལེན་སོ་མདུན་སོགས་གཟིགས་ན་ལེགས།
ཨོ་ཡག་པོ་འདུག རྟ་ནག་པ་རང་གིས་ཉོས་པ་དེ་ཁུག་འདུག་པར་དམིགས་བསལ་གྱིས་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། མུ་མདུད་དུ་འདི་འདྲ་རྒྱུན་དུ་ཉོ་ཐུབ་པར་སྨོན། མི་འདི་ཚོ་ལ་བསླབ་བྱ་འདི་འདྲ་རེ་མེད་ན་རང་གིས་རང་ངོ་ཤེས་ནི་མ་རེད། ཡག་པོ་བྱུང་། ཕན་པོ་བྱུང་།
རྟ་ནག་པའི་སྤྱོད་པ་ངོ་མ་འདིས་གསལ་པོར་བསྟན་འདུག
(ད་དུང་འུ་ཐུག་པའི་ལས་ཀ་ཞིག་སྟེ། ཡིད་སྐྱོ་ཞིང་ཡ་ང་བ་སྙིང་རྗེ་དགོས་པ་ཞིག་ནི། དུས་བབ་ཀྱི་ཟིན་བྲིས་ནང་དུ་རང་གིས་བྲིས་པ་དེའི་མཇུག་ན་རང་གིས་མི་གསར་བ་མང་པོ་ཞིག་བཟོས་ཏེ་རྟ་ནག་པ་དཔའ་རབས་རྒོད་རབས་ཀྱི་མཆན་འདེབ་ཁུལ་བྱེད་ཀྱི་འདུག་པ་དེ་སུ་ཡིན་ཤེས་རྒྱུ་མ་རེད་བསམ་མམ། འདི་འདྲ་བྱེད་རྒྱུ་དེ་མི་ཐབས་ཆག་ཁྱི་འདྲ་བོ་ཞིག་གི་ལས་ཀ་མ་རེད་དམ། ངོ་ཨེ་ཚ་གི ཁྱོད་ཀྱིས་མཆན་ཞབས་སུ་ཁྱོད་ལ་བསྟོད་ར་འཐེན་ཡོད་མཁན་གྱི་མི་དེ་ཚོའི་ནང་གི་མི་མང་པོ་ཞིག་གིས། དེ་རིང་ཡན་ཆད་ལ་ཟིན་བྲིས་གང་གིས་ནང་དུ་མིང་དེའི་ཐོག་ནས་མཆན་བྲིས་ཡོད་དམ། ང་ཚོ་ཆུ་ཚོད་ཉེར་བཞི་ལ་དྲ་ཐོག་ཏུ་ཡོད་པ་ཚོ་མགོ་སྐོར་རྒྱུ་དེ་འདྲ་ལས་སླ་པོ་ཞིག་ག་ལ་ཡིན། ཁྱོད་ཀྱིས་ཟིན་བྲིས་དེ་བྲིས་ཚར་བ་དང་མཉམ་དུ་སྔར་དྲ་ཐོག་ལ་མིང་ཙམ་ཡང་མེད་པའི་མི་གསར་བ་མང་པོ་ཞིག་དབྱར་རྩྭ་དགུན་འབུ་ལྟར་གློ་བུར་དུ་ས་འོག་ནས་ཐོན་ཏེ། ཁྱོད་ལ་བསྟོད་ར་འཐེན་དུ་སླེབས་པ་དེ་ཁྱོད་ངོ་ཚ་རྒྱུ་མེད་པའི་ཆོ་འཕྲུལ་རེད། ཡིན་ན་ཡང་སྔར་མིང་ཙམ་ཡང་མེད་པའི་མི་བཅོ་ལྔའམ་ཉི་ཤུ་གློ་བུར་དུ་མ་སླེབས་པ་དེ་ཁྱོད་ལ་དུས་ཚོད་ཀྱིས་མ་འདང་བའམ། ཡང་ན་མི་ཧ་ཅང་མང་ན་ཧ་གོ་འགྲོ་རྒྱུ་བསམ་པ་མིན་ནམ། གང་ལྟར་ངས་བྲིས་པའི་གཤག་བཅོས་དགུ་སྐོར་དང་། ཁྱོད་ཀྱིས་བྲིས་པའི་ལན་དེ་གཉིས་མཉམ་དུ་བཞག་ནས་ངས་བོད་ནང་གི་དྲ་རྒྱ་མང་པོའི་ཐོག་ལ་གསལ་བཤད་དང་བཅས་འཇོག་ཐབས་བྱེད་རྒྱུ་ཡིན། དེ་ནས་ཧ་གོ་རྒྱུ་ཞིག་ཡོད་ནི་རེད། ད་ཧ་ལམ་ད་དུང་ཁྱོད་ཀྱིས་བོད་ནང་དུ་ཡང་དྲ་ཞབས་པ་མི་ལྔ་བཅུ་གསར་དུ་བཟོ་དགོས་རྒྱུ་རེད།)
ངས་རྟ་ནག་དང་མཁན་སྤྲུལ་མིང་ཅན་འདི་གཉིས་པོ་སུ་ཡིན་གང་ནས་ཡིན་ཕྱོགས་ཙམ་ཡང་ཤེས་ཀྱི་མེད
འོན་གྱང་མཁན་སྤྲུལ་ཁྱོད་མི་ལོ་ཧྲིལ་བོ་བཅུ་དང་ཉི་ཤུ་ག་ཚོད་སོང་ནའང་མཁས་དབང་སྟོང་ཕྲག་ཁྲི་ཕྲག་ག་ཚོད་ཅིག་གི་དབུས་ནས་ཐོན་ནའང་གྲྭ་བ་དང་བླ་མ་མཁན་པོ་སྤྲུལ་སྐུ་ག་ཚོད་བརྩེགས་ནའང་ཁྱོད་ཀྱིས་འགྲན་མི་ནུས་ས་ཞིག་ཡོད་པ་འདི་རྟ་ནག་རེད།
ཁྱོད་ཀྱིས་བཞག་པའི་དཔེ་དེ་དག་མིང་ཕན་ཚན་བརྗེ་ཙམ་བྱོས་དང་ཏག་ཏག་ཁྱེད་རང་གི་སྟེང་དུ་འཁོར་འདུག
མཁས་པའི་དབང་པོ་རྟ་ནག་པ་ཁྱེད་ཀྱིས་མཆན་བུ་འདི་ཚོ་གཟིགས་ཡོད་ན་ངས་ཁྱེད་ལ་རེ་བསྐུལ་ཞིག་ཡོད
ད་ཐེང་གི་མཁན་སྤྲུལ་གྱི་མིང་ཅན་འདི་ལ་ལན་རྩ་བ་ནས་འབྲི་མི་ཉན་མཁས་དབང་ཁྱོད་ལྟ་བུ་ཞིག་འདི་ལ་ལན་ཞིག་འབྲི་རན་མི་འདུག་ མཁས་པའི་དབང་པོ་ཁྱེད་ཀྱིས་དུས་ཚོད་ཆུད་ཟོས་སུ་འགྲོ་རོག་རེད་
ཁྱེད་ཀྱིས་གསེར་སྲང་སྟོང་ལ་རིན་པའི་གཏན་ཚིག་དེ་ཚོ་མི་འདི་འདྲ་ཞིག་གི་སྟེང་དུ་བསྐོར་ན་ཕང་བ་ལ།
རྟ་ནག་པ་ལ་མཁས་དབང་ཟེར་ལུགས་འདིས་སྐལ་བཟང་ཟེར་བ་ཁྱོད་ཀྱི་ལྗིད་ཁོག་ཀྱང་རིག་གི་འདུག བྲན་གཡོག་ལ་ཕྱུག་བདག་དང་མི་ཆེན་དུ་མཐོང་མཁན་ཞིག་ཡིན་ན། མཐོང་མཁན་དེའི་རིན་ཐང་ཡང་ཤེས་ཐུབ་ནི་རེད། འབུ་ནག་ལ་རི་རབ་དུ་མཐོང་མཁན་གྲོག་མ་མིན་པ་སུ་ཡོད། སྙིང་རྗེ། ཕྱོགས་རིས་འདྲ་ཞིག་མ་གཏོགས་བདེན་དོན་ཟེར་བ་ཞིག་མེད་ནི་འདི་ཡང་སྐལ་བཟང་ཁྱེད་ཀྱི་ཚེ་སྔོན་མའི་བསོད་ནམས་ཀྱི་འབྲས་བུ་ཞིག་ཡིན་ས་རེད། ཁྱད་མཚར། འཇིག་རྟེན་ན་མེད་རྒྱུ་མེད་ཀི
མཁན་སྤྲུལ་ལགས་དང་རྟ་ལགས་གཉིས་ཀྱིས་རྩོད་གཞི་གནད་ཅན་ཞིག་ལ་ལག་པས་འཆངས་མི་འདུག ཡིན་ན་ཡང་ཁྱོད་བཟང་ང་བཟང་གྱི་ཤགས་འགྱེད་པ་ཙམ་རེད། དེ་ཡིན་དུས་ཁོང་རྣམ་པ་གཉིས་ཀས་དོན་གནད་ཅན་ཞིག་ལས་བརྩམས་ཏེ་བགྲོ་གླེང་བྱེད་བཞིན་ཡོད་མེད་ལ་མ་ལྟོས་པར་ཀློག་གིན་ཡོད། ཚིག་གི་ཤགས་འགྱེད་རྫིགས་པོ་སེམས་ཁམས་གཟེངས་སུ་བསྟོད་ནུས་པ་རེ་སྤེལ་དང་ལྟད་མོ་ནི་ངོ་མ་འདུག མཁན་སྤྲུལ་བས་མཁན་སྤྲུལ་གྱི་གོ་མིང་དང་རྟ་ནག་པའི་དགེ་རྒན་གྱི་གོ་མིང་གཉིས་ཀ་ཡང་བསྡུར་མི་ཆོག་པ་ཞིག་མ་རེད། དེང་སང་དགེ་རྒན་གྱི་འོས་སྦྱོང་མེད་མཁན་མང་པོས་དགེ་རྒན་བྱེད་ཁུལ་བྱས་པ་འདིས་འགྲིགས་གི་མི་འདུག བགྲོ་གླེང་འདི་རིགས་གལ་ཆེན་པོ་རེད་འདུག ཐུགས་རྗེ་ཆེ།
སྤོབས་མཐའ་ལགས་ཁྱེད་རང་དངོས་གནས་གཟུ་བོར་གནས་པའི་དཔྱད་བརྗོད་པ་ཞིག་རེད།
ཁོང་གཉིས་པོ་གོ་མིང་ཡོད་མེད་ལ་མི་ལྟོས་པར་གང་གི་ཕྱོགས་སུ་དཔའ་དར་འཐེན་ཆོག་གི་འདུག་
གཅིག་གསུང་དང་། ང་ཁྱེད་རང་དང་ས་ཕྱོག་ས་གཅིག་པའི་ཁམས་ཕྲུག་ཅིག་ཡིན། ཁྱོད་ཀྱིས་དཔྱད་རྕོམ་ལ་དགའ་མཁན་ཞིག་ཡིན་འོན་གྱང་མ་མཐོང་ནས་རྒྱུན་རིང་ཡིན།
ཧ་ཧ། སྤྲུལ་སྐུ་དེས་ལོ་མང་གཞུང་ཆེན་སྦྱང་བའི་ལུང་རིགས་ཀྱི་བང་མཛོད་སྟོང་དུ་བཅུག་པ་ཡིན་ས་རེད་ད། སྐུ་རྩེད་ཞུས། གང་ལྟར་ཕྱག་དཔེ་ག་ཚོད་གཟིགས་ཡོད་ཀྱང་རུང་ཤེས་ཀྱང་རུང་། དོན་གྱི་སྙིང་པོ་ངའོ་སྙམ་པའི་ང་རྒྱལ་གྱི་གུང་བུ་དེ་གཏོར་མ་ཐུབ་ན་ཆོས་གཟུགས་ཙམ་མིན་འགྲོ། ཁ་བཤད་ཆུ་ཡི་ལྦུ་བ་ཞེས་ལེགས་བཤད་དེ་སྐབས་དེར་མ་དྲན་རང་དྲན་རེད། རྟ་ལྤགས་བཤུ་རོགས། གང་མགྱོགས་བཤུ་རོགས། ང་ཚོས་བལྟས་ནས་བསྡད་ཆོག
དྲ་ཐོག་གི་གཤགས་བཅོས་འདིས་མིའི་སེམས་ཁམས་ཇེ་ལེགས་སུ་གཏོང་ཐུབརྒྱུའི་རེ་བ་ཡོད། རྟ་ནག་པའི་སེམས་ཁམས་དེ་སྔོན་ནས་ནད་པར་ཆགས་འདུག་པས་མཁན་སྤྲུལ་ཚང་གིས་གཤགས་བཅོས་དང་རྒྱུན་འཐུང་གི་སྨན་འདིས་ཅུང་ཙམ་ལྷོད་ལ་བབས་མེད་འགྲོ། ཟླ་བཅུ་པའི་ཚེས་བཅུ་གཅིག་བར་རྟ་པའི་ཚེ་ཀེག་ཡིན་པས་དེའི་རིང་མཁན་སྤྲུལ་ཚང་གིས་རྟག་པར་གཟིགས་སྐྱོང་དང་ཨ་ཀར་སོ་ལྔ་སོགས་སྲོང་རླུང་སྨན་སྣ་རྒྱུན་ལྡུད་བྱེད་རོགས་ཞེས་དྲ་གྲོགས་དཀྱུས་མ་ཞིག་གིས་རེ་བ་ཞུ་གི་ཡོད།
ད་དུང་དྲ་གྲོགས་ཚོས་ཀྱང་སེམས་ཁམས་གསོ་བའི་བསླབ་བྱ་ཅི་མང་གནང་རོགས།
ཧཧཧཧ་ མཁན་སྤྲུལ་ཟེར་བ་འདི་ ཀླུ་སྨྱོན་ཁོ་རང་ཡིན་པ་ཐེ་ཚོམ་གཏན་ནས་མི་འདུག ཁོ་པའི་སྐད་ཆ་བཤད་སྟངས་ཐད་ནས་ རང་གཟུགས་མངོན་འདུག་ག་ དེ་ཀླུ་སྨྱོན་ལགས་རང་མིང་ སྤྱད་ནས་དགག་རྩོམ་བྲིས་རོགས་གནང་
རྟ་ནག་གོམ་པ་བྱ་ཡིན།
རྟ་ནག་ལྤགས་པ་ལྕགས་ཡིན།
རྟ་ནག་ཁ་ལྕེ་གློག་ཡིན།
བཏུལ་མཁན་རང་གི་གྱོང་ཡིན།
མཁན་སྤྲུལ་ལྟོ་བ་རི་ཡིན།
མཁྱེན་རྩེ་ནང་ཁྲོལ་རྩྭ་ཡིན།
ཕྱི་ནང་ཉིས་ཆ་དུག་ཡིན།
བཅར་རྒྱུ་མ་མང་ངའི་སྐེ།
དྲ་འབུར་བལྟན་མོ་ཤགས་ཡིན།
ཁ་བརྡའི་སྟོན་མོ་འདི་ཡིན།
བརྒྱ་བཤད་ཚིག་གི་རྩ་བ།
རྒྱག་རེས་སྐོམ་པོ་ཉོབ་སོང་།
ཧཧཧཧཧཧཧ་
མི་བུའི་གཤིས་ལ་རྩོད་པ་ནི་ཐབས་སྡུག་རེད། རྩོད་གཞི་མེད་པའི་རྩོད་པ་དང་། ཁྱོད་ཤི་ང་བཟང་གི་རྩོད་པ་ནི་ཡག་རྒྱུ་ཅང་མེད། ད་བལྟས་ནས་སོང་ན་ཁྱིས་རྡོ་བསྙེགས་ཀྱི་རྩོད་པ་རང་རེད་ཞག། དོན་རྡོག་རྡོག་འདི་ཡིན་ཟེར་བ་ཞིག་བསྟན་རྒྱུ་མེད་པར་གྲོང་བ་རྒན་རྒོན་གྱི་ས་རྩོད་ཆུ་རྩོད་ལྟ་བུའི་རྩོད་པ་བརྒྱབ་ནས་ཆུ་ཚོད་འཕྲོ་བརླག་ཏུ་གཏོང་གི་མ་འདུག
མཁན་སྤྲུལ་འདིའི་རྩོམ་རྩལ་ལ་བལྟས་ན་ལས་སླ་པོ་ཞིག་ཡིན་ས་མ་རེད། རྟ་ནག་གིར་ཕར་སྐེ་རྩ་བསྒགས་ཡོད་ཟེར། ད་ནི་ཚུར་པགས་པ་བཤུས་འདུག མཁན་སྤྲུལ་མཆོག་གིས་རྟ་ནག་ལ། ༼ཁྱོད་ཧོར་འཇིགས་དང་ཀླུ་སྨྱོན་སོགས་ལ་འགྲན་རྒྱུ་དང་བསྡུར་རྒྱུའི་ས་ལ་རྩ་བ་ནས་སླེབས་མི་འདུག་པས། མུ་མཐུད་དུ་སློབ་སྦྱོང་མང་ཙམ་བྱེད་རོགས་ཞེས་སྐུལ་མ་བྱས་༽འདུག་པ་ཙམ་ཡང་རིན་ཐང་ཅན་གྱི་ཚིག་རེད།
རྩོམ་འདིའི་མཆན་སྒོ་བརྒྱབ་ཡོད་།
དེ་རིང་ནས། མཁན་སྤྲུལ་ཐུབ་བསྟན་དང་རྟ་ནག་སྐལ་བཟང་ལུང་རིགས་གཉིས་ཀྱི་སྒེར་རྩོད་ལྟ་བུའི་རྩོམ་འདིའི་རིགས་ཁ་བརྡར་འགོད་གི་མིན།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com