བེ་རི་རིག་པའི་རྡོ་རྗེས།
རྟག་བརྟན་གཟུངས་བསྡུས་ཞེས་ཡོངས་སུ་གྲགས་པ་དེ་ནི། ཇོ་ནང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ན་ཐཱ་ (༡༥༧༥-༡༦༣༤) མཆོག་གིས་མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། <<གཟུངས་བསྡུས>>སམ། <<མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་ཕྲེང་བ་>>ཞེས་པའི་གླེགས་བམ་གསར་དུ་བསྒྲིགས་ཤིང་། དཔལ་རྟག་བརྟན་ཆོས་སྡེ་ཆེན་པོ་ངེས་དོན་དགའ་བའི་ཚུལ་དུ་མི་ཟད་པར་གྱི་ཕྱི་མོ་གཏེར་དུ་བསྒྲུབས་པ་ནས་བཟུང་། བོད་ཁམས་ཡོངས་ལ་ཁྱབ་པའི་གཟུངས་བསྡུས་སམ་<<རྟག་བརྟན་གཟུངས་བསྡུས་>>ཞེས་གྲགས་པ་དེ་བྱུང་བ་རེད།
གླེགས་བམ་ཆེན་པོ་འདིའི་གཞུང་ཤིང་ལ་ཤོག་ངོས་ ༡༦༣༨ དང་། དཀར་ཆག་ལ་ཤོག་ངོས་ ༩ བསྡོམས་པའི་ཤོག་ངོས་ ༡༦༤༧ ཡོད་ཅིང་། མདོ་ཕྲན་ ༥༤ དང་རྒྱུད་དུ་གཏོགས་པ་ ༡༠༦ བཅས་བསྡོམས་ཆོས་ཚན་ ༡༦༠ བཞུགས། དེ་ལྟ་ན་ཡང་། ཕྱི་ལོ་ ༡༦༥༠ ལོར་རྟག་བརྟན་ཆོས་སྡེ་ཆེན་པོར་གྲུབ་མཐའ་གསར་བརྗེ་ཡི་དྲག་པོའི་བྱ་འགུལ་སྤེལ་ཏེ། དགེ་འདུན་པ་བདུན་བརྒྱ་ལྷག་དམར་གསོད་བྱས། དེའི་ལྷག་མ་རྣམས་དགོན་པ་གཞན་དང་གཞན་དུ་བཙན་གྱིས་དེད། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་སྐུ་དམར་གདུང་བྱིན་རླབས་ཀྱི་གཟི་འོད་འཕྲོ་བ་དེ་ཡང་གཙང་བོར་གཤེགས། གྲུབ་མཐའ་དགེ་ལུགས་པར་བསྒྱུར། རྟག་བརྟན་པར་ཁང་ཆེན་མོའི་གསུང་རབ་ཕལ་མོ་ཆེའི་པར་ཤིང་རྣམས་མེར་བསྲེགས་ཏེ་ཐལ་ཕུང་དུ་བསྒྱུར། རྩ་ཆེའི་སྐུ་གསུང་ཐུགས་རྟེན་རྣམས་ཕོ་བྲང་པོ་ཏ་ལར་གདན་དྲངས་པ་སོགས་ལོ་རྒྱུས་ཀྱི་སྐྱོ་གར་དེ་དག་རྒྱལ་བ་ལྔ་བའི་རང་རྣམ་ཏུ་ཀུ་ལའི་གོས་བཟང་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་ཀྱི་རྣམ་ཐར། བོད་ཀྱི་ལོ་རྒྱུས་པདྨ་ར་གའི་དོ་ཤལ། ཐེའུ་བཀཱན་གྲུབ་མཐའ་སོགས་འབྲེལ་ཡོད་ཡིག་ཆ་ཁག་ཏུ་གསལ་བ་ལྟར་ཡིན།
དེར་བརྟེན་རྟག་བརྟན་གཟུངས་བསྡུས་ཀྱི་པར་ཤིང་གྲུབ་མཐའ་གསར་བརྗེ་ཡི་མེ་ལྕེའི་ཁྲོད་ལྷག་མེད་དུ་བསྲེགས་ཟིན་ན་ཡང་། ཕྱི་ལོ་ ༡༩༡༧ ལོར་ལྷ་སའི་པར་སྤྱི་ཁང་ནས་རྟག་བརྟན་གཟུངས་བསྡུས་ཀྱི་པར་ཡིག་རྙིང་པ་ཇི་བཞིན་པར་གཞི་གསར་བརྐོ་བྱས་ནས་དེའི་དཔེ་རྒྱུན་མ་ཆད་ཙམ་བྱས་ཡོད་ཅིང་། དེའི་པར་བྱང་(1)དུ་། “ཅེས་པ་འདི་ནི་རབ་ཚེས་མེ་སྦྲུལ་ལོར་པར་པ་སྤྱི་ནས་རྟག་བརྟན་གཟུངས་བསྡུས་བུ་དཔེ་འདི་བཞིན་སྤར་དུ་བསྒྲུབས་སྐབས་སྨོན་ཚིག་བྲིས་དགོས་ཚུལ་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བསྟན་པའི་རྒྱལ་མཚན་དུ་འབོད་པས་སུག་བྲིས་སུ་བགྱིས་པ་འདིས་ཀྱང་སྨོན་གནས་མཐའ་དག་ཆོས་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག” ཅེས་གསལ་བ་ལྟར། རྟག་བརྟན་གཟུངས་བསྡུས་སླར་ཡང་ཤིང་པར་དུ་བརྐོས་ནས་མི་ཡུལ་དུ་དར་སྤེལ་ཅུང་ཟད་བྱས་ཡོད་མོད། དེ་དུས་ཀྱང་གྲུབ་མཐའ་གསར་བརྗེ་ཡི་འདྲེ་ལག་བརྐྱངས་ཏེ་རྟག་བརྟན་གཟུངས་བསྡུས་ཀྱི་དཀར་ཆག་(2)ཏུ། “དཔལ་རྟག་བརྟན་ཕུན་ཚོགས་གླིང་ངེས་དོན་དགའ་བའི་ཚལ་གྱི་ཆོས་གྲྭ་ཆེན་པོ་འདིར།” ཞེས་པར་“དཔལ་དགའ་ལྡན་ཕུན་ཚོགས་གླིང་ངེས་དོན་དགའ་བའི་ཚལ་”ཞེས་དང་། དེ་བཞིན་དུ་ཚེ་མདོ་སོགས་ཆོས་ཚན་འགའ་རེའི་པར་བྱང་ནང་གི་“དཔལ་རྟག་བརྟན་”ཞེས་པ་རྣམས་གཅིག་ཀྱང་མ་ལུས་པར་“དཔལ་དགའ་ལྡན་”ཞེས་པར་མིང་བསྒྱུར་བྱས་ཏེ། སླར་ཡང་རིག་གནས་གསར་བརྗེ་ཡི་བྱ་འགུལ་སྐྱུག་བྲོ་བ་ཞིག་སྤེལ་འདུག འོན་ཀྱང་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ལྷག་ཡོད་པ་ནི། རྟག་བརྟན་གཟུངས་བསྡུས་ཀྱི་དཀར་ཆག་གི་དབུར(3)།
“ཀུན་ཁྱབ་བདེ་ཆེན་བགྲང་ཡས་དཀྱིལ་འཁོར་འཁོར་ལོའི་མགོན།།
དགའ་ཆེན་སྟོང་ཉིད་མཐའ་ཡས་དམ་ཆོས་བདུད་རྩིའི་མཛོད།།
སྙིང་པོར་ཟུང་འཇུག་དཔག་ཡས་འགྲོ་རྣམས་བར་ཏུ་སྒྲོལ།།
བཀྲ་ཤིས་རྒྱལ་མཚན་ལྷ་མིའི་མགོན་ལ་རྟག་ཏུ་འདུད།།”
ཅེས་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་ཏེ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐར་སྒྲ་རྒྱན་གྱི་སྒོ་ནས་མཆོད་པར་བརྗོད་པའི་ཚིགས་བཅད་དེ་རང་སོར་ཡོད་པ་འདི་ཡིན་ལ། འདི་ནི་ཐུགས་མཉམ་མ་བཞག་པར་ལྷག་པའམ། ཡང་ན་བསམ་བཞིན་བཞག་པ་གང་ཡིན་རེ་ཞིག་བརྗོད་དཀའ་། འོན་ཀྱང་གཟུངས་བསྡུས་ཀྱི་ཆོས་ཚན་དང་པོ་འཇམ་དཔལ་མཚན་བརྗོད་ཀྱི་མཆོག་ལྷར་༧རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་བྲིས་སྐུ་བཞག་འདུག་ཅིང་། རྟག་བརྟན་པར་མའི་མཆོག་ལྷར་སུ་ཞིག་ཡོད་གནས་སྐབས་རིང་མི་ཤེས་མོད། གཅིག་བྱས་ན་“རྡོ་རྗེ་འཆང་དབང་ཏཱ་ར་ནཱ་ཐའི་ཞབས་”ཞེས་བཀོད་ཡོད་སྲིད། གང་ལྟར་ཀྱང་དུས་ཚོད་ཀྱི་ཆ་ནས་བལྟས་ན། རྟག་བརྟན་གཟུངས་བསྡུས་ཀྱི་མཆོག་ལྷར་༧རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མེད་པ་ཚིག་ཐག་བཤད་དེ་བཤད་ཐུབ།
དེ་ལྟར་རྒུད་ཀྱི་དཀྱོག་མཚམས་མང་པོ་ཞིག་བརྒྱུད་མཐར། རྟག་བརྟན་གཟུངས་བསྡུས་ཀྱི་འཕྲིན་ལས་མཇུག་མ་བསྡུས་པ་ཙམ་ཞིག་བྱུང་ཡོད་ལ། དུས་ཕྱིས་རྟག་བརྟན་གཟུངས་བསྡུས་གསར་བརྐོས་མའི་པར་ཡིག་རྙིང་པ་ཞིག་རྒྱ་གར་དུ་འབྱོར་རྗེས། ཕྱི་ལོ་ ༡༩༩༤ ལོར་རྒྱལ་ས་ལྡི་ལིར་ཡོད་པའི་དཀོན་མཆོག་ལྷ་བྲིས་པར་ལས་སྲི་ཞུ་ཁང་ངམ་ཆོས་སྤྱོད་པར་སྐྲུན་ཁང་ནས་སླར་ཡང་བསྐྱར་པར་བྱས་ཤིང་། བསྐྱར་པར་མའི་དབུ་ཤོག་ནང་མར(4)། “ཕྱག་དཔེ་འདི་དཔར་བཤུ་འགྲེམས་སྤེལ་གྱི་བདག་དབང་ཆ་ཚང་འདི་ག་ཆོས་སྤྱོད་པར་སྐྲུན་ཁང་ལས་གཞན་ན་མེད་པ་ཐུགས་མངའ་ཞུ་བ་ལགས། གཟུངས་བསྡུས་གླེགས་བམ་འདི་ཇོ་ནང་བ་ཏཱ་ར་ནཱ་ཐས་ཕྱོགས་སྒྲིག་མཛད། ཁོང་རབ་བྱུང་བཅུ་བའི་ཤིང་ཕག་ལོར་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་ལོར་སྐུ་མྱ་ངན་ལས་འདས། པར་གཞི་ངོ་མ་ཇོ་ནང་གདན་ས་རྟག་བརྟན་ཕུན་ཚོགས་གླིང་གི་ཤིང་པར་བུ་དཔེས་པར་རྩ་བྱས་ཏེ་ལྷ་སར་པར་སྤྱི་ཁང་གི་པར་ལས་རྣམ་པས་པར་གསར་བརྐོས་གནང་། དེའི་བུ་དཔེ་རྙིང་ཧྲུལ་ཞིག་རྒྱ་གར་དུ་རྙེད་པ་ལ་གསལ་དཔྱོད་དཀའ་ལས་ལོ་མང་པོ་བྱས་རྗེས་ད་ལྟ་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་འདི་བྱུང་བ་ལགས།” ཞེས་བློ་གཟུ་བོར་གནས་པའི་སྒོ་ནས་རྟག་བརྟན་གཟུངས་བསྡུས་ཀྱི་ལོ་རྒྱུས་གསལ་བཤད་དང་འབྲེལ་པར་བསྐྲུན་ཁྱབ་སྤེལ་བྱས་སྟབས། ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ་སོགས་སུ་ཡོད་པའི་དཔེ་ཚོང་ཁང་ཁག་ཏུ་བཞུགས་ལ། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་ཐོག་(5)ཏུའང་བཞུགས་པས། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ཐོག་མར་བསྒྲིགས་པའི་གཟུངས་བསྡུས་དངོས་ལ་མཇལ་འདོད་ཡོད་རིགས་ཀྱིས་དེ་ལུགས་ཐུགས་ལ་བཟུང་ནས་གོང་གསལ་དཔེ་ཚོང་ཁང་ཁག་ནས་མངག་ཉོ་དང་། ཡང་ན་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་ཐོག་ནས་རིན་མེད་ཕབ་ལེན་གནང་ཆོག
རྟག་བརྟན་གཟུངས་བསྡུས་དུས་ནམ་ཞིག་ལ་རྗེ་བཙུན་ཐམས་ཅད་མཁྱེན་པས་ཕྱོགས་བསྒྲིགས་མཛད་ཅིང་པར་དུ་བསྒྲུབས་ཚུལ་གསལ་བོར་མི་ཤེས་མོད། དཀར་ཆག་གི་མཇུག་བྱང་(6)དུ་།
“དེ་ལྟར་བྱིན་རླབས་གཟི་འོད་འཕྲོ་བའི་གསུང་རབ་རིན་ཆེན་གཏེར།།
སྐལ་ལྡན་སྐྱེ་བོའི་བསོད་ནམས་དཔལ་དུ་མི་ཟད་ཁ་ཕྱེ་ནས།།
རང་གཞན་ཕན་བདེའི་དགའ་སྟོན་སྤེལ་བའི་ལྷག་བསམ་ཕུན་ཚོགས་ཅན།།
ཀུན་ཏུ་དགའ་བའི་བསྟན་པའི་རྒྱལ་མཚན་རབ་ཏུ་བརྟན་གྱུར་ཅིག།”
ཅེས་རྗེ་བཙུན་ཐམས་ཅད་མཁྱེན་པའི་སྐུའི་དབོན་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་པར་བསྐོས་ཀྱི་མཐུན་རྐྱེན་སྦྱར་ཚུལ་གསལ་འདུག་པར་བལྟས་ན། རྗེ་བཙུན་ཐམས་ཅད་མཁྱེན་པའི་སྐུ་ཚེའི་སྨད་ཙམ་དུ་ཡིན་པར་མངོན་ནོ།།
ཕྱིས་སུ་མདོ་དབུས་ཁམས་གསུམ་ནས་གཟུངས་བསྡུས་ཀྱི་ཤིང་པར་མི་འདྲ་བ་འགའ་རེ་བྱུང་ཞིང་། ཆོས་བརྒྱུད་གྲུབ་མཐའ་སོ་སོའི་མཁས་གྲུབ་རྣམས་ཀྱིས་མཛད་པའི་ཆོས་ཚན་མི་ཉུང་བ་རེ་ཡང་རིམ་གྱིས་ཁ་སྣོན་བྱས་པས། དེང་སང་གཟུངས་བསྡུས་སུ་གྲགས་པ་དེར་ཤིང་པར་མི་འདྲ་བ་ཁ་ཤས་དང་གླེགས་བམ་ཡང་སྟོད་སྨད་གཉིས་བཞུགས། དེ་ལྟ་ན་ཡང་རྟག་བརྟན་གཟུངས་བསྡུས་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། མདོ་སྔགས་གསུང་རབ་ཁག་ནས་བཏུས་པའི་མདོ་ཕྲན་དང་། རྒྱུད་དུ་གཏོགས་པའི་གཟུངས་མདོ་འབའ་ཞིག་ལས་བོད་ཀྱི་བླ་མས་བརྩམས་པའི་ཆོས་ཚན་གཅིག་ཀྱང་མེད་ལ། གླེགས་བམ་ཡང་གཅིག་ལས་མེད་སྟབས་ཀློག་འདོན་བྱེད་རྒྱུར་སྟབས་བདེ། ད་དུང་དེའི་ནང་གི་ཆོས་ཚན་མང་པོ་ཞིག་ལ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་འགྱུར་བཅོས་དང་ཞུས་དག་མཛད་ཡོད། དཔེར་ན་རྟག་བརྟན་གཟུངས་བསྡུས་སུ་བཞུགས་པའི་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོའི་མཇུག་བྱང་(7)དུ། “འདི་ལ་འགྱུར་ཁྱད་ཕྲན་བུ་ཡོང་གི་འདུག་ནའང་། འདིར་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་ལ་ཊཱིཀ་མཛད་པའི་དགོངས་པ་དང་མཐུན་པ་ཉིད་”ཅེས་འཁོད་ཡོད་ཅིང་། དེ་བཞིན་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་མདོའི་མཇུག་(8)ཏུ་ཡང་“གཟུངས་མདོ་འདི་ནི་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་ཏཱ་ར་ནཱ་ཐས་ཞུས་དག་གནང་བའི་དཔེ་ལས་བྲིས་པའོ།།” ཞེས་སོགས་གསལ་བོར་བཀོད་འདུག
དེ་བས་ཀྱང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས་བརྒྱུད་པའི་རྟག་བརྟན་གཟུངས་བསྡུས་ཀྱི་ཐུན་མིན་ལུང་རྒྱུན་ཡང་ཡོད་མོད། གོང་ཞུས་ལྟར་ཕྱི་ལོ་ ༡༦༥༠ ལོའི་གྲུབ་མཐའ་གསར་བརྗེ་ཡི་བྱ་འགུལ་སྤེལ་རྗེས། ཇོ་ནང་ཕྱོགས་སུ་རྟག་བརྟན་གཟུངས་བསྡུས་སོགས་ཀྱི་ལུང་རྒྱུན་རེ་ཞིག་ཆད་པར་མངོན་ཡང་། རི་བོ་དགེ་ལུགས་པའི་ནང་དུ་ད་ལྟའི་དུས་སུ་ཡང་རྟག་བརྟན་གཟུངས་བསྡུས་ཀྱི་ཆོས་ཚན་ཕལ་མོ་ཆེའི་ལུང་རྒྱུན་བཞུགས་ཡོད།
དེ་ཡང་སྲིད་སྐྱོང་སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས་ (༡༨༧༤-༡༩༥༢) ཀྱི་<<གསན་ཡིག་(9)ཏུ>>“ཆེ་བའི་ཆེ་མཆོག སངས་རྒྱས་གཙོ་ལ། ཡོན་ཏན་མཆོག་མངའ་ཞེས་སོགས་ལེ་ཚན་གསུམ་བཅས་འདི་ཡན་རྟག་བརྟན་གཟུངས་བསྡུས་དང་།༼བཾ༽ པར་བཀྲས་ལྷུན་གཟུངས་བསྡུས་ནས་གཟུངས་སྔགས་ཟབ་མོ་ཕྱོགས་གཅིག་ཏུ་བསྡུས་པ་ལ། ༡༩༼ཀ༽ རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི། ཇོ་ནང་ཏཱ་ར་ནཱ་ཐ་འགྲོ་བའི་མགོན་པོ་(10)ཀུན་དགའ་སྙིང་པོ། སྔོན་སྦྱང་རིན་ཆེན་རྒྱ་མཚོ། གྲུབ་དབང་སྙིང་པོ་དཔལ། འཇམ་དབྱངས་ངག་དབང་འཕྲིན་ལས། ཆོས་རྗེ་བཟང་པོ་དཔལ། འགྱུར་མེད་ཆོས་དབྱིངས་རང་གྲོལ། ཀུན་བཟང་ཆོས་འབྱོར། ཚེ་དབང་རྣམ་རྒྱལ། གྲུབ་དབང་བློ་བཟང་རྣམ་རྒྱལ། ལྷ་རྩེ་སྐལ་བཟང་མཁས་གྲུབ། རྗེ་ཡེ་ཤེས་རྡོ་རྗེ། རྗེ་བཙུན་བློ་བཟང་ཉི་མ། སྒྲུབ་ཁང་ཤར། རྗེ་བཙུན་འཇམ་དབྱངས་འཕྲིན་ལས། གྲུབ་དབང་བསྟན་འཛིན་དོན་འགྲུབ། རྗེ་བཀའ་འགྱུར་བ་བློ་བཟང་སྦྱིན་པ་དབལ་བཟང་པོ་དེས་བདག་ལའོ།།”་ ཞེས་ཇོ་ནང་ཏཱ་ར་ནཱ་ཐ་ནས་བརྒྱུད་པའི་རྟག་བརྟན་གཟུངས་བསྡུས་ཀྱི་ལུང་རྒྱུན་ཁོང་ལ་བཞུགས་ཚུལ་གསལ་བར་གསུངས་པ་མ་ཟད། གུང་ཐང་སྐུ་ཕྲེང་དྲུག་པ་དཀོན་མཆོག་བསྟན་པའི་དབང་ཕྱུག་ (༡༩༢༦-༢༠༠༠) ཚང་གིས་ཀྱང་། ཇོ་ནང་ཏཱ་ར་ནཱ་ཐ་ནས་བརྒྱུད་པའི་རྟག་བརྟན་གཟུངས་བསྡུས་ཀྱི་ཆོས་ཚན་མང་ཆེ་བའི་ལུང་རྒྱུན་ཁོང་ལ་བཞུགས་ཚུལ་གདུགས་དཀར་བྱད་དཀྲོལ་གྱི་དབང་གནང་སྐབས་ཁྲོམ་བསྒྲགས་སུ་གསུངས་པ་ཁོ་བོས་དངོས་སུ་ཐོས། དེས་ན་ཇོ་ནང་ཆོས་བརྒྱུད་འཛིན་པའི་སྐྱེས་ཆེན་བསྟན་འགྲོའི་སྲི་ཞུ་བསྒྲུབ་འདོད་ཡོད་མཁན་རྣམས་ཀྱིས། རྟག་བརྟན་གཟུངས་བསྡུས་སོགས་ཀྱིས་མཚོན་ཇོ་ནང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ནས་བརྒྱུད་པའི་ཆོས་རྒྱུན་དེ་དག་ཐོབ་ཐབས་ལ་ཅིས་ཀྱང་འབད་དགོས་པར་མཐོང་ངོ་།། གཅིག་བྱས་ན་ཇོ་ནང་བའི་ཆེན་པོ་ཚོར་མཚོན་ན། དོན་དག་འདི་ཆུང་ཆུང་ཞིག་ཏུ་གཟིགས་ཀྱིན་ཡོད་སྲིད་མོད། མི་ཆུང་ངས་ནི་ཧ་ཅང་དོན་ཆེན་ཞིག་ཏུ་མཐོང་ནས་འབད་པས་དཔྱད་ཞིབ་བྱས་པ་ཡིན།
འདིར་བསྐྱར་དུ་གསལ་བཤད་ཅིག་ཞུ་འདོད་པ་ནི། ངོ་སྤྲོད་བྱས་མ་ཐག་པའི་གཟུངས་བསྡུས་འདི་རྟག་བརྟན་གཟུངས་བསྡུས་པར་མ་ཇི་ལྟ་བ་བཞིན། ཕྱི་ལོ་ ༡༩༡༧ ལོར་ལྷ་སའི་པར་སྤྱི་ཁང་ནས་ཤིང་པར་གསར་དུ་བརྐོས་པའི་པར་ཡིག་རྙིང་པ་ཞིག་རྒྱ་གར་དུ་འབྱོར་བ་དེ་ཕྱི་ལོ་ ༡༩༩༤ ལོར་ལྡི་ལི་ཆོས་སྤྱོད་པར་སྐྲུན་ཁང་ནས་བསྐྱར་པར་བྱས་པ་དེ་ཡིན་པ་ལས། རྟག་བརྟན་གཟུངས་བསྡུས་ཀྱི་པར་ཡིག་དངོས་མིན། འོན་ཀྱང་གཟུངས་བསྡུས་ཀྱི་དཀར་ཆག་དང་། ཆོས་ཚན་འགའ་རེའི་མཇུག་ཏུ་ཡོད་པའི་“དཔལ་རྟག་བརྟན་”ཞེས་པ་དག་“དཔལ་དགའ་ལྡན་”ཞེས་པར་བསྒྱུར་བ་ཙམ་མ་གཏོགས་ཚིག་དོན་གཉིས་ཀ་སོར་བཞག་བྱས་ཡོད་པའི་ཡིད་ཆེས་ཡོད། ཇོ་ནང་བསྟན་ལ་ལྷག་བསམ་མཆོག་ཏུ་ཡངས་ཤིང་། སྐྱེས་སྦྱངས་ཀྱི་ཤེས་རབ་མེ་ལྟར་འབར་བའི་ཇོ་ནང་བླ་མ་ངག་དབང་སྒྲོལ་བཟང་ལགས་ཀྱིས་རྟག་བརྟན་གཟུངས་བསྡུས་ངོ་སྤྲོད་ཅིག་ཕྲིས་ཤིག་ཅེས་དྲ་ཐོག་ནས་བཀའ་བསྐུལ་བཞིན། བེ་རི་རིག་པའི་རྡོ་རྗེས་འཕྲལ་དུ་བྲིས་པ་དགེ་བར་གྱུར་ཅིག
ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༤ ཉིན།
ཟུར་མཆན།
(1) རྟག་བརྟན་གཟུངས་བསྡུས་བསྐྱར་པར་མ། ལྡི་ལི་ཆོས་སྤྱོད་དཔར་སྐྲུན་ཁང་། 1994 ཤོག་ཨང་། 1644-1645
(2) རྟག་བརྟན་གཟུངས་བསྡུས་ཀྱི་དཀར་ཆག་དགོས་འདོད་ཀུན་འབྱུང་། བསྐྱར་པར་མ། ལྡི་ལི་ཆོས་སྤྱོད་དཔར་སྐྲུན་ཁང་། 1994 ཤོག་ཨང་། 2
(3) རྟག་བརྟན་གཟུངས་བསྡུས་ཀྱི་དཀར་ཆག་དགོས་འདོད་ཀུན་འབྱུང་། བསྐྱར་པར་མ། ལྡི་ལི་ཆོས་སྤྱོད་དཔར་སྐྲུན་ཁང་། 1994 ཤོག་ཨང་། 2
(4) རྟག་བརྟན་གཟུངས་བསྡུས་བསྐྱར་པར་མ། ལྡི་ལི་ཆོས་སྤྱོད་དཔར་སྐྲུན་ཁང་། 1994 དབུ་ཤོག་ནང་མར།
(5) ནང་བསྟན་དཔེ་ཚོགས་ལྟ་གནས། https://www.tbrc.org/?locale=bo#!rid=W1KG5988
(6) རྟག་བརྟན་གཟུངས་བསྡུས་ཀྱི་དཀར་ཆག་དགོས་འདོད་ཀུན་འབྱུང་། ལྡི་ལི་ཆོས་སྤྱོད་དཔར་སྐྲུན་ཁང་། 1994 ཤོག་ཨང་། 9
(7) རྟག་བརྟན་གཟུངས་བསྡུས་བསྐྱར་པར་མ། ལྡི་ལི་ཆོས་སྤྱོད་དཔར་སྐྲུན་ཁང་། 1994 ཤོག་ཨང་། 55
(8) རྟག་བརྟན་གཟུངས་བསྡུས་བསྐྱར་པར་མ། ལྡི་ལི་ཆོས་སྤྱོད་དཔར་སྐྲུན་ཁང་། 1994 ཤོག་ཨང་། 757
(9) གསན་ཡིག་མུན་སེལ་སྒྲོན་མེ་ལས། བརྒྱུད་པ་ཟམ་མ་ཆད་པ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་རྒྱུན་ལུང་གི་སྐོར། པར་མ། ཤོག་ངོས། 252a-252b
(10) དགེ་ལུགས་ཕྱོགས་ནས་མང་པོ་ཞིག་གིས། འགྲོ་བའི་མགོན་པོ་ཟེར་མོད། ཏཱ་ར་ནཱ་ཐ་སྟེ་སྒྲོལ་བའི་མགོན་པོ་ཟེར། ཏཱ་ར་ནི་སྒྲོལ་བ་དང་ནཱ་ཐ་ནི་མགོན་པོའི་དོན་ལ་འཇུག་གོ།
་་་་་་་་་་་་་་ ཕྱི་ལོ་ ༡༦༥༠ ལོར་རྟག་བརྟན་ཆོས་སྡེ་ཆེན་པོར་གྲུབ་མཐའ་གསར་བརྗེ་ཡི་དྲག་པོའི་བྱ་འགུལ་སྤེལ་ཏེ། དགེ་འདུན་པ་བདུན་བརྒྱ་ལྷག་དམར་གསོད་བྱས། དེའི་ལྷག་མ་རྣམས་དགོན་པ་གཞན་དང་གཞན་དུ་བཙན་གྱིས་དེད། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་སྐུ་དམར་གདུང་བྱིན་རླབས་ཀྱི་གཟི་འོད་འཕྲོ་བ་དེ་ཡང་གཙང་བོར་གཤེགས། གྲུབ་མཐའ་དགེ་ལུགས་པར་བསྒྱུར། ་་་་་་་་་་་་་་་་་་
སྒྲུབ་མཐའ་གསར་བརྗེ་བ་ཟེར་བ་ (འདི་སུ་ཡིན་ནམ་ )
་་་་་་་་་་ རྟག་བརྟན་གཟུངས་བསྡུས་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། མདོ་སྔགས་གསུང་རབ་ཁག་ནས་བཏུས་པའི་མདོ་ཕྲན་དང་། རྒྱུད་དུ་གཏོགས་པའི་གཟུངས་མདོ་འབའ་ཞིག་ལས་བོད་ཀྱི་བླ་མས་བརྩམས་པའི་ཆོས་ཚན་གཅིག་ཀྱང་མེད་ལ། ་་་་་་་་་་
་་་་་་་་་་་་་་ ཇོ་ནང་ཕྱོགས་སུ་རྟག་བརྟན་གཟུངས་བསྡུས་སོགས་ཀྱི་ལུང་རྒྱུན་རེ་ཞིག་ཆད་པར་མངོན་ཡང་། རི་བོ་དགེ་ལུགས་པའི་ནང་དུ་ད་ལྟའི་དུས་སུ་ཡང་རྟག་བརྟན་གཟུངས་བསྡུས་ཀྱི་ཆོས་ཚན་ཕལ་མོ་ཆེའི་ལུང་རྒྱུན་བཞུགས་ཡོད། ་་་་་་་་་་་་
་་་་་་་་་་་་་ འོན་ཀྱང་གཟུངས་བསྡུས་ཀྱི་དཀར་ཆག་དང་། ཆོས་ཚན་འགའ་རེའི་མཇུག་ཏུ་ཡོད་པའི་“དཔལ་རྟག་བརྟན་”ཞེས་པ་དག་“དཔལ་དགའ་ལྡན་”ཞེས་པར་བསྒྱུར་བ་ཙམ་མ་གཏོགས་ཚིག་དོན་གཉིས་ཀ་སོར་བཞག་བྱས་ཡོད་པའི་ཡིད་ཆེས་ཡོད། ་་་་་་་་་་
་
དེ་རིང་གཞི་ཆ་ཚང་ཞིག་བཀླགས་ཟིན་པའི་ཞོར་དུ། ཀློག་ཁོམ་མེད་པ་གཞན་གྱི་དོན་དུ་དོནགནད་ཆེ་བ་འགའ་འདིར་ཟུར་བཀོལ་བྱས་པའོ།།
ཡག་གི་བཀའ་དྲིན་ཆེ།།
གྲུབ་མཐའ་གསར་བརྗེ་ཟེར་ན། དེང་སྐབས་ཀྱི་མིའི་བསམ་བློར་ཡག་པོ་ཞིག་བརྩི་ཡི་ཡོད་ཀྱི་རེད།