རྟག་བརྟན་གཡུང་དྲུང་གི་རང་སྒྲ།
<<འཛམ་གླིང་བོན་གྱི་་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་མཆོག་གི་མནྜལ་བརྟན་བཞུགས་སུ་ཕུལ་བའི་ཤིས་ཚིག>>
སྲིད་པ་གསུམ་གྱི་དཔལ་དང་མགོན་གྱུར་པའི།།
མ་ལུས་བོན་འབངས་ཡོངས་ཀྱི་ལས་ཀྱི་ཡབ།།
མ་བགོས་སྤྱི་ལ་བཞག་པའི་ནོར་བུ་མཆོག།
ལུང་རྟོགས་བསྟན་པའི་ཉི་མ་ཁྱེད་ཉིད་དྲན།།
མ་གྱུར་འགྲོ་བའི་གསོས་སུ་བཞེངས་པའི་ལྷ།།
བསྟན་འཛིན་སྐྱེས་ཆེན་གྲངས་ལས་འདས་ན་ཡང་།།
གཡུང་དྲུང་བསྟན་ལ་བཀའ་དྲིན་ཟླ་བྲལ་བ།།
ཞྭ་དཀར་བསྟན་པའི་གཙུག་རྒྱན་ཁྱེད་ཉིད་དྲན།།
—-སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་རིན་པོ་ཆེ།
གང་སྐུའི་དཀྱིལ་འཁོར་ཀུན་གསལ་ཐིག་ལེའི་ངོས།།
གང་གསུང་ཚངས་དབྱངས་འོད་སྣང་ཁི་ཁར་རྩེན།།
གང་ཐུགས་འཁྲུལ་མེད་མཁྱེན་བརྩེ་རབ་འཁྱུད་པའི།།
གང་ཁྱེད་བདེ་ཆེན་རྒྱན་དུ་རྟག་བརྟན་ཤོག།
དད་གསུམ་ནོར་བུ་རྒྱལ་མཚན་རྩེ་རུ་མཆོད།།
དམ་ཅན་རྒྱ་མཚོའི་སྲུང་སྐྱོབས་གྲིབ་བཞིན་འཁོར།།
བོན་གཤེན་སྨོན་པའི་དར་ཆེན་སྐྱེ་འགྲོའི་གསོས།།
རྒྱལ་བ་ཁྱེད་ཞབས་བསྐལ་བརྒྱར་བརྟན་འགྱུར་ཅིག།
______དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ།
ལུ༵ང་རྟོག༵ས་མཛོད་ཀྱི་བོན་སྡེ་མ་ལུས་ཀུན།།
བསྟ༵ན་པ༵འི་གཞི་མ་བསླབ་གསུམ་རྣམ་པར་དག།
ཉི༵་མ༵འི་འོད་སྣང་ཅི་བཞིན་འགྲོ་བའི་ཁམས།།
གང་ལ་གང་འདུལ་མཛད་ལ་གསོལ་བ་འདེབས།།
རྒྱལ་བ་ཀུན་འདུས་སྙིགས་དུས་འདྲེན་པ་གཙོ།།
རྒྱལ་བའི་འཕྲིན་ལས་ཟད་མེད་བདག་བཞེས་པ།།
རྒྱལ་བ་གཉིས་པ་མཉམ་མེད་བླ་མ་ཡི།།
རྒྱལ་བའི་རྒྱལ་ཚབ་སྐུ་ཚེ་བསྐལ་བརྒྱར་བརྟན།།
——མཁན་བླ་མ་ཚེ་རིང་།
རྒྱལ་ཀུན་སྤྱི་གཟུགས་བྱིན་རླབས་འབྱུང་བའི་གཞི།།
བསྟན་པའི་གཙོ་བོ་དཔལ་ལྡན་བླ་མའི་ཞབས།།
གང་སྐུ་འགྱུར་མེད་གཡུང་དྲུང་རྟག་བརྟན་ཏུ།།
གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རློབས།།
འཁོར་བ་མ་སྟོང་བར་དུ་བདག་སོགས་བློར།།
འབྲལ་མེད་སྤྱི་གཙུག་བདེ་ཆེན་འཁོར་ལོ་རུ།།
བཞུགས་ནས་བསམ་མཐའ་ཡས་པའི་འགྲོ་དོན་དུ།།
བསྐལ་སྲིད་གནས་པ་དེ་སྲིད་མགོན་གྱུར་ཅིག།
—-ཞུ་བླ་ཡོན་ཏན་རྒྱ་མཚོ།
རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་རང་གཟུགས་གར།།
རྒྱལ་བ་གཉིས་པ་སྨན་རིའི་ཁྲི་འཛིན་རྗེ།།
ལུང་རྟོགས་བསྟན་པའི་ཉི་མའི་ཞབས་པད་མོར།།
སྒོ་གསུམ་གུས་པ་ཆེན་པོས་ཕྱག་གིས་འདུད།།
གང་ཞིག་རྩེ་གཅིག་མོས་པའི་ཡིད་བྱེད་ན།།
དེ་ཡི་མདུན་དུ་གཤེན་རབ་མངོན་སུམ་དུ།།
བཞུགས་ཞེས་ཟབ་མོ་ལུང་དུ་བསྟན་པ་བཞིན།།
ཡུལ་གྱིས་བསྐལ་ཡང་སོ་སོའི་མདུན་མཁར་བཞུགས།།
—-མཁན་རིག་འཛིན་དབང་རྒྱལ།
སྲིད་ཞིའི་རྣམ་འདྲེན་འཕྲུལ་ངག་བོན་དབྱིངས་ལས།།
ལུང་རྟོགས་བསྟན་པའི་ཉི་མའི་འོད་སྟོང་འཛུམ།།
ལྔ་སྙིགས་དུས་ཀྱི་སྒྲིབ་མུན་བསལ་མཛད་པའི།།
སྟོང་ཁམས་སྲིད་པའི་སྒྲོན་མེ་སྨན་རི་བ།།
མཚན་དཔེའི་གཟུགས་སྐུ་གཡུང་དྲུང་གཤིས་སུ་བརྟན།།
འགག་མེད་རང་གྲོལ་ཚངས་པའི་གསུང་དབྱངས་སྒྲོག།
སྤྲོས་བྲལ་ཐུགས་ཉིད་མཁའ་ལྟར་ལྷུན་གྱིས་གྲུབ།།
བསྟན་འགྲོའི་གཙུག་རྒྱན་བསྐལ་བརྒྱར་ཞབས་བརྟན་གསོལ།།
—-དགེ་བཤེས་སྨོན་ལམ་མཐར་ཕྱིན།
སྐྱབས་གནས་མཁས་བཙུན་བྱེ་བའི་གཙུག་གི་ནོར།།
དྲིན་ཅན་ཕ་མ་བུ་སློབ་ཡོངས་ཀྱི་མགོན།།
རྩ་བའི་དོན་དམ་སྟོན་མཁས་དཔོན་གསས་མཆོག།
བླ་མ་ཁྱེད་ལ་སྙིང་ནས་གུས་འདུད་དོ།།
ལུང་རྟོགས་བཅུ་ཕྲག་གནས་ལ་མངའ་སྙེམས་པའི།།
བསྟན་པའི་བདག་པོ་རྒྱལ་བ་སྨན་རི་བ།།
ཉི་མ་སྤྲིན་བྲལ་ངང་ཚུལ་ཀུན་འཕྲོ་ཞིང་།།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ།།
——–སྐལ་བཟང་ནོར་བུ།
གྱེར་དམངས་གཙུག་གི་རྒྱན་བྱོན་གུས་ཕྱག་ཡུལ།།
བསྟན་པའི་མེ་རོ་བསྒྲོན་པ་བསྔགས་བསྟོད་ཡུལ།།
རྗེས་བཟུང་མུས་སྐྱོང་སྐྱབས་འཇུག་དྲིན་གཟོའི་ཡུལ།།
འཚོ་གཞེས་བསྟན་འགྲོའི་དོན་འཁྱོངས་ཤིས་པའི་ཡུལ།།
བོན་འབངས་གཡུང་དྲུང་ལྷ་སྡེའི་མགོན་སྐལ་ཁྱེད།།
སངས་རྒྱས་གཡུང་དྲུང་བསྟན་པའི་དོན་འཕེར་སླད།།
ལྷ་མཆོག་གཡུང་དྲུང་ཚེ་དཔག་མེད་པའི་སྐུར།།
མི་ཤིགས་གཡུང་དྲུང་བརྟན་པར་བཞུགས་སུ་གསོལ།།
—–ཆོས་འཁོར་ཚང་རིན་པོ་ཆེ།
གནའ་བོའི་བླ་རི་མཐོན་པོའི་བང་རིམ་ཁྲོད།།
ཡེ་ཤེས་གསེར་གྱི་ཐུར་མས་རིམ་གྱིས་ཉུག།
མེས་པོའི་ཞལ་ངད་འཐུལ་བའི་ནོར་བུ་ཞིག།
ཕྱི་རབས་དད་པའི་གཡང་དུ་ཁྱེད་ཀྱིས་རྙེད།།
བཀྲེས་སྐོམ་ངལ་བས་དུབ་པའི་འགྲོ་བ་རྣམས།།
འདོད་དགུའི་རྒྱ་མཚོའི་ཀློང་དུ་ཁྲིད་པ་དང་།།
ཟད་མེད་རིག་པའི་གཏེར་ལ་ལོངས་སྤྱོད་པ།།
བགྲེས་སོང་སེམས་དཔའ་ཆེན་པོའི་སྐུ་དྲིན་ཡིན།།
—-བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ།
གང་གི་མོས་པའི་འགྲོ་བའི་དོན་ལ་བྱོན།།
རྒྱལ་བསྟན་འཛིན་པའི་ཐུགས་རྗེ་འོད་ཟེར་བཞིན།།
དབང་ལུང་རྒྱུད་པའི་མན་ངག་བདག་ཉིད་པ།།
སྐྱབས་མཆོག་རྒྱལ་བ་སྨན་རི་ཁྱེད་ལ་བསྟོད།།
བགྲངས་བྱ་དུ་མའི་མཛད་འཕྲིན་ཆུ་རྒྱུན་ལས།།
བསྟན་པའི་ས་བོན་འབྲས་བུ་མེ་ཏོག་བཞད།།
སྐལ་བཟང་བརྟན་བཞུགས་དུས་བཟང་རྟེན་འབྲེལ་ཉིན།།
ཟབ་རྒྱས་མཆོད་པའི་ཞིང་གྱུར་ཨེ་མ་ཧོ།།
—-ཡང་སྟོན་དགེ་བཤེས་བསྟན་འཛིན།
འདི་ཕྱི་ཕན་བདེ་མ་ལུས་འབྱུང་བའི་གཞི།།
ཞྭ་དཀར་བསྟན་པའི་སྲོག་ཤིང་སྨན་རི་བ།།
སྐུ་ཚེ་མི་ཤིག་གཡུང་དྲུང་རྟག་བརྟན་ཞིང་།།
ཐུགས་བཞེད་བདེན་དོན་གང་ཡོད་འགྲུབ་པར་སྨོན།།
འགྲོ་ཁམས་བརྩེ་བས་སྐྱོང་ལ་མི་ངལ་ཞིང་།།
རྒྱལ་བསྟན་འཛིན་སྐྱོང་སྤེལ་ལ་མི་ཞུམ་བའི།།
ཡབ་རྗེ་བླ་མའི་མཛད་བཟང་འོད་པོ་ཆེ།།
སྲིད་མཚོ་མ་སྟོངས་བར་དུ་བརྟན་པར་སྨོན།།
—–དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མ།
གནམ་གྱི་ལྷ་ལས་སྐྱེ་དགུའི་མགོན་དུ་གཤེགས།།
དོགས་ཀྱི་གཞི་ལ་བསྟན་པའི་མེ་རོ་གསོས།།
བར་གྱི་གླིང་བཞིར་འགྲོ་བློའི་མུན་པ་སེལ།།
ལུང་རྟོགས་བསྟན་པའི་ཉི་རི་གཙུག་ན་རྒྱལ།།
དུས་ངན་སྨག་ལ་ཐུགས་སྤོབས་སྒྲོན་ཆེན་སྤར།།
བསྟན་པའི་རྒྱན་དུ་ཕྱོགས་མཐའི་བུ་སློབ་སྐྱོང་།།
གྱེར་བསྟན་འབངས་ལ་བཀའ་དྲིན་ཟླ་མེད་རྗེ།།
གྱེར་སྤུངས་རྩ་བའི་བླ་མའི་ཞབས་བརྟན་གསོལ།།
—–ཉི་ཟླ་འོད་ཟེར་རྒྱལ་མཚན། ཡོ་རོབས།
འཇའ་ཚོན་ཤར་དང་མེ་ཏོག་འཐོར་བ་སོགས།།
ངོ་མཚར་ལྟས་གྱི་འཁྲུངས་རབས་མེད་ན་ཡང་།།
སྐུ་ཚེའི་མཛད་པ་གཞན་དོན་ལ་བསྟིམས་པའི།།
རྣམ་ཐར་གསེར་གྱི་ཕྲེང་བ་ཁྱོད་ཀྱིས་འཆང་།།
ཕ་ལྟར་བརྩེ་བའི་གཏམ་དང་བསླབ་བྱས་བསྐྱངས།།
མ་ལྟར་འཚོ་བའི་ཟས་དང་གོས་གྱིས་བསྐྱངས།།
རྒྱལ་བའི་དགོངས་པ་ལག་ཏུ་ལེན་པའི་ཁྱོད།།
རིགས་ཅན་སློབ་བུའི་མགོན་ཏུ་བརྟན་བཞུགས་མཛོད།།
—-སྣང་རྒྱལ་ཤེར་དགེ།
འགྲོ་བའི་ལས་དང་བསོད་ནམས་ལྷུན་པོའི་རྩེར།།
རྒྱལ་སྲས་དཔའ་བོའི་ཚུལ་འཛིན་སྨན་རི་བའི།།
ལུང་རྟོགས་བསྟན་པའི་ཉི་མ་མངོན་འཆར་ནས།།
འགྲོ་ཁམས་བདེ་བར་མཛད་ལ་མནྜལ་འབུལ།།
གོ་ལའི་ཤར་ནུབ་ཡུལ་གྲུའི་མཐའ་མཚམས་ཀྱི།།
འགྲོ་བློ་མུན་པའི་སྨག་རུམ་བསལ་མཛད་ཕྱིར།།
རྒྱལ་གཤེན་བསྟན་པའི་ཉི་མ་རྟག་འཆར་བའི།།
བརྟན་བཞུགས་ཤིས་ཚིག་ཚོམ་བུའི་མཎྜལ་འབུལ།།
—དགེ་བཤེས་ཚེ་དབང་རྒྱལ་མཚན།
ལུ༵ང་རིག་བྱེ་བའི་མཛོད་ལ་མངའ་བརྙེས་ཤིང་།།
མདོ་རྒྱུད་རྟོག༵ས་པའི་མཚན་དཔེའི་རིས་སུ་བཀྲ།།
རྒྱལ་གཤེན་བསྟ༵ན་པ༵འི་མངའ་བདག་སྨན་རི་བའི།།
གདུང་འཚོབ་ཉི༵་མ༵འི་སྙིང་པོར་གསོལ་བ་འདེབས།།
གསལ་བརྟན་ཚད་དགུས་དག་པ་འབྱམས་སུ་ཡས།།
ཡན་ལག་བཞི་ལྡན་བཟླས་སྔགས་ཚད་དུ་ཕྱིན།།
ཕུང་ཁམས་སྐྱེ་མཆེད་གཡུང་དྲུང་སྐུར་གྲུབ་པས།།
མཚུངས་མེད་བླ་མའི་སྐུ་ཚེ་བསྐལ་བརྒྱར་གསོལ།།
—–ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།
ལུ༵ང་རིགས་སྨྲ་ལ་འགྲན་བྲལ་མཁས་བརྒྱའི་མགོན།།
རྟོག༵ས་པ་ཀློང་བརྡོལ་ལྟ་བའི་ཁྱུང་ཆེན་རླབས།།
བསྟ༵ན་པ༵འི་ཞིང་མཆོག་འབུམ་ཕྲག་ཁྲི་ཡི་གཉེན།།
ཉི༵་མ༵་འབུམ་གྱི་དཔལ་འཕྲོག་སྨན་རི་བ།།
ཟུར་ཕུད་ལྔ་བའི་དཔལ་ལ་ཅོ་འདྲི་ཞིང་།།
རབ་འབྱམས་རྒྱ་མཚོའི་མགོན་གྱི་བརྩེ་བ་ཅན།།
ཀློང་དགུའི་ཡི་དམ་ནུས་མཐུའི་བདག་ཉིད་གང་།།
གངས་རིའི་མགོན་གྱིས་འགྲོ་རྣམས་རྟག་ཏུ་སྐྱོངས།།
—-མཁར་ནག་སྐལ་བཟང་རྒྱ་མཚོ།
ཕྱི་ནང་བོན་འབངས་ཡོངས་ཀྱི་གཙུག་གི་རྒྱན།།
ལུང་དང་རྟོགས་པའི་པད་ཚལ་བཞད་པའི་གཉེན།།
གཡུང་དྲུང་བསྟན་པའི་ཉི་མ་འོད་པོ་ཆེ།།
བསླབ་གསུམ་དབང་ཕྱུག་རྒྱལ་བ་སྨན་རི་བ།།
ཁྱེད་སྐུ་འགྱུར་མེད་གཡུང་དྲུང་ཁམས་སུ་བརྟན།།
ཁྱེད་གསུང་འགག་མེད་ལུང་རིག་ཚངས་དབྱངས་སྙན།།
ཁྱེད་ཐུགས་སྒྲིབ་མེད་མཁྱེན་བརྩེའི་ཡེ་ཤེས་གསལ།།
མགོན་ཁྱེད་ཞབས་པད་གཡུང་དྲུང་བརྟན་བཞུགས་གསོལ།།
—-སྤུ་རྒྱལ་དགེ་བཤེས་ཉི་མ་རྒྱལ་མཚན།
བོན་འདི་རིག་གནས་གྱི་མ་ཡུམ་ལགས།།
གང་གི་གསལ་བྱེད་སངས་རྒྱས་གཤེན་རབ་བྱོན།།
དེ་ཡི་གདུང་སོབ་རྒྱལ་བ་སྨན་རི་བ།།
བསྟན་པའི་བདག་ཉིད་རྒྱལ་བ་སྨན་རི་བ།།
སྐྱེ་འགྲོའི་མགོན་དང་སྐྱབས་ཡུལ་མཆོག་གྱུར་པ།།
གསང་བ་གསུམ་གྱི་མཛད་པའི་འཕྲིན་ལས་གང་།།
མཁའ་མཉམ་ཀློང་བརྡོལ་བསྐལ་པའི་བར་དུ་ཡང་།།
རྟག་བརྟན་ཐེར་ཟུག་འོང་པའི་དོན་སྨིན་སྩོལ།།
—-ཁྲི་བློ་རྩེ།
གྲུབ་མཐའི་ཆགས་སྡང་རྒོད་པའི་འཇིག་རྟེན་འདིར།།
ཞྭ་དཀར་བསྟན་པའི་དམུ་ཐག་ཕྲ་མོའི་སྲོག།
འགག་ལ་ཉེ་བའི་མེ་རོ་སླར་གསོས་པའི།།
དཔའ་བོ་ཁྱེད་ལ་དུངས་ཤིང་སྙིང་ནས་གུས།།
སྐོམ་པ་ཆུ་ལ་འཕྲེང་བའི་སློབ་བུ་ཚོར།།
ཤེས་རིག་ཡོན་ཏན་སྦྱོངས་པའི་ཆ་རྐྱེན་སོགས།།
གང་ལ་གང་འདོད་སྟེར་བའི་བཀའ་དྲིན་དེ།།
མི་ཚེར་བརྗོད་ཀྱང་ཟད་པ་ག་ལ་ནུས།།
—-རྔ་བ་འཇམ་མེ།
ལྷན་སྐྱེས་རིག་པའི་འོད་སྣང་ཕྱོགས་ཀུན་ཁྱབ།།
མ་རིག་མུན་པའི་ཚོགས་ཀུན་རྒྱང་དུ་བསྒྲད།།
འཛིན་མའི་ཁྱོན་ལ་བསྟན་པའི་སྒྲོན་མེ་སྤར།།
ཁྱེད་ནི་ས་ཆེན་འགྲོ་བའི་གཙུག་གི་ནོར།།
སྐུ་ཡི་དཀྱིལ་འཁོར་རི་བཞིན་བརྟན་པར་ཤོག།
གསུང་གི་བདུད་རྩིས་གཞན་རྒྱུད་སྨིན་པར་ཤོག།
ཐུགས་རྗེ་ཆེན་པོས་འགྲོ་ཀུན་ཟིན་པར་ཤོག།
སྐུ་གསུང་ཐུགས་ཀྱི་འཕྲིན་ལས་རྒྱས་པར་ཤོག།
—-དགེ་བཤེས་གཡུང་དྲུང་བསམ་གཏན།
མར་ཞི་མེས་པོའི་ཁྲི་ལ་རླབས་ཀྱིས་བྱོན།།
བདུད་ཀྱི་མཚོན་ཆ་ཆར་བའི་ཟོལ་གྱིས་བབས།།
བཟོད་པའི་གོ་གྱོན་རྒྱལ་ཁམས་ཧྲིལ་གྱིས་བསྐོར།།
ཕ་རྒོད་བླ་མ་གང་ཁྱོད་ཁྱད་དུ་འཕགས།།
མཉམ་མེད་རྒྱལ་བའི་གདུང་འཚོབ་སྨན་རི་བ།།
རྒྱལ་བསྟན་ཕྱོགས་མེད་སྤེལ་བའི་ཐུགས་སྟོབས་ཀྱིས།།
འཛམ་གླིང་གྱེར་བསྟན་སྐྱོང་བའི་འཕྲིན་ལས་ཅན།།
སྐུ་ཚེ་གཡུང་དྲུང་ཁྲི་ལ་བརྟན་བཞུགས་མཛོད།།
—-ཁྲི་གཡུང་དྲུང་།
ལུང་རྟོགས་བསྟན་པའི་ཉི་མ་སྨན་རི་བ།།
གཤེན་རབ་བསྟན་པའི་བླ་སྲོག་སྨན་རི་བ།།
ཞང་བོད་མཁས་གྲུབ་ཞལ་ཚབ་སྨན་རི་བ།།
བསྟན་འགྲོ་སྤྱི་ཡི་གཙུག་ནོར་སྨན་རི་བ།།
འཛམ་གླིང་བོན་འཁོར་བསྐོར་བའི་ཐུགས་བསྐྱེད་ཅན།།
གཤེན་བསྟན་གཉེན་འཕྲང་སྐྱོབས་པའི་སྐུ་དྲིན་ཅན།།
གཞེས་བྱེས་བོན་འབངས་ཡོངས་ཀྱི་མིག་དང་སྙིང་།།
སྨན་རི་བ་ལགས་སྐུ་ཚེ་རྟག་བརྟན་ཤོག།
—-གདོང་བཙུན་རྒྱ་ཐར།
གཡུང་དྲུང་ལྷ་ཡིས་བརྐྱངས་པའི་དམུ་ཐག་ཅིག།
བསིལ་ལྡན་གངས་ལ་ལྷུང་བའི་སྙན་གྲགས་ཀྱིས།།
མཐའ་ཀླས་འཇིག་རྟེན་གསལ་བའི་སྒྱུ་འཕྲུལ་གར།།
ལུང་རྟོགས་བསྟན་པའི་ཉི་མ་ཞབས་བརྟན་ཤོག།
གཤེན་རབ་མི་བོའི་ཐུགས་བསྐྱེད་འོ་མའི་མཚོ།།
གཡས་སུ་འཁྱིལ་བའི་སྨན་རིའི་ཆོས་གྲྭ་སོགས།།
བོན་བསྟན་བཤད་སྒྲུབ་གཟེགས་མ་འབུམ་འགྱེད་པའི།།
མངའ་བདག་ཁྲི་འཛིན་ཞབས་པད་བརྟན་གྱུར་ཅིག།
—– ཀླུ་སྨྱོན་ཧེ་རུ་ཀ
ཤར་ཁོག་ལྗོངས་ལྡོང་ཚང་གི་བླ་མ་ཐར༎
མང་དུ་ཐོས་པ་ཤེས་རབ་རྣམ་པར་དག།
སངས་རྒྱས་བསྟན་པ་འཛིན་པའི་སྐྱེས་བུ་སྟེ༎
ལུང་དང་རྟོགས་པའི་བསྟན་པའི་ཉི་མ་རྒྱལ༎
གཞིས་བྱེས་གཉིས་སུ་ཕན་པའི་གྲུ་ཆར་ཅན༎
འདི་ཕྱི་གཉིས་སུ་དགེ་བའི་ལམ་བཟང་ཅན༎
བསྟན་སྲིད་གཉིས་ལ་ཆེ་བའི་མཛད་པ་ཅན༎
སྨན་རིའི་ཁྲི་འཛིན་ཆེན་པོ་ཞབས་བརྟན་ཤོག།
—-ཆབ་བྲག་ཕོ་ཉ།
སྙིགས་མའི་དུས་འདིར་རྒྱལ་བསྟན་རིན་པོ་ཆེ།།
ཕྱོགས་དང་ཕྱོགས་བཅུར་སྤེལ་བར་རབ་མཁས་པའི།།
མཉམ་མེད་རྒྱལ་བ་གཉིས་པའི་གདུང་འཚོབ་ལ།།
སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ལོ།།
ལུང་རྟོགས་བཤེན་བསྟན་གསེར་གྱི་རི་བོ་ལ།།
བཤད་དང་སྒྲུབ་པའི་ཉི་མ་འདྲེན་མཛད་པའི།།
སྣང་གཤེན་ཐེག་པའི་རྒྱབ་ཚབ་སྨན་རི་བ།།
གཡུང་དྲུང་ཁམས་སུ་བཞུགས་པར་གསོལ་བ་འདེབས།།
—–སྙན་བཟང་གཡུང་དྲུང་ཚེ་རིང་། ཧྥ་རིན་སི།
ལུང་རྟོགས་འོད་ཟེར་རྣོན་པོའི་རྩེ་དགའ་ཡིས།།
བསྟན་པའི་པད་ཚལ་རྟག་ཏུ་རྒྱས་མཛད་ཅིང་།།
ཕྱི་ནང་སྨག་རུམ་མ་ལུས་འཇོམས་བྱེད་པའི།།
ཉི་མའི་ཉི་མ་ཁྱེད་ཉིད་རྒྱལ་གྱུར་ཅིག།
ཞྭ་དཀར་རང་ལུགས་གཙང་མ་ཁ་བའི་ནོར།།
བསྲེ་ལྷད་དྲི་མའི་ཚོན་གྱིས་མ་སྦགས་པར།།
ཐར་འདོད་འགྲོ་བའི་དཔྱིད་དུ་འཇོ་མཛད་པ།།
བརྩེ་བའི་མགོན་ཁྱེད་ཞབས་པད་བརྟན་པར་ཤོག།
—-ཁྱུང་བཟང་། རེབ་གོང་།
བརྩེ་ཆེན་ཉི་མ་འབར་བའི་གདེངས་ཀ་ནས།།
རྨད་བྱུང་འཕྲིན་ལས་འོད་འབུམ་གཡོ་བའི་གཟིས།།
གདུལ་བྱ་གླིང་བཞིའི་མུན་པ་དྲུངས་འབྱིན་པའི།།
རྣམ་འདྲེན་རྟ་བདུན་དབང་པོ་དུས་ཀུན་རྒྱལ།།
སྙིགས་མ་ལྔ་བདོའི་རྒུད་པ་གསོ་བའི་གཉེན།།
མཚན་དཔེའི་སྐུ་མཆོག་ཡིད་བཞིན་དབང་གི་རྒྱལ།།
འགྲོ་ཁམས་དད་པའི་རྒྱལ་མཚན་རྩེར་མཆོད་པའི།།
བསྐལ་བཟང་ནམ་ཡང་ཉམས་པ་མེད་གྱུར་ཅིག།
—-སྙན་བཟང་སུམ་སྐྱེས།
རང་བྱུང་འགལ་རྐྱེན་མང་བའི་བོད་ཡུལ་འདིར།།
ཐོག་མའི་ཤེས་རིག་སྒྲོན་མེ་འདེགས་པ་པོ།།
ཞྭ་དཀར་གཡུང་དྲུང་བོན་གྱི་བཀའ་དྲིན་ནི།།
མགོ་ནག་བོད་ལ་མཚོན་ན་ཤིན་ཏུ་ལྕི།།
རྨད་བྱུང་བསྟན་པ་དེ་ཉིད་འཛིན་པ་ལ།།
ཟླ་བྲལ་སྨན་རིའི་ཁྲི་འཛིན་སོ་གསུམ་པ།།
ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ།།
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག།
—-ཆབ་མདོ་ཤེས་རབ།
གངས་ཀྱི་རྨུ་ཐག་རིང་མོའི་སྣེ་ཞིག་ན།།
གཟི་འོད་ལམ་ལམ་འཚེར་བའི་མདངས་ཤིག་གིས།།
མེས་པོའི་རྣམ་ཤེས་འགུགས་པའི་གླུ་དབྱངས་ཅན།།
ལུང་རྟོགས་བསྟན་པའི་ཉི་མ་ཞབས་བརྟན་ཤོག།
ཁྱེད་ནི་གངས་དཀར་ཏི་སེའི་བླ་སྲོག་སྟེ།།
གཤེན་བསྟན་མེ་རོ་གསོ་བའི་སྒྲོན་མེ་ཉིད།།
སྲིད་པའི་སྨག་ཆེན་འཇོམས་པའི་རྟེན་འབྲེལ་དུ།།
མགོ་ནག་བོད་མིའི་དཔལ་དུ་རྟག་བརྟན་ཤོག།
—-ལྷ་ཆབ་སྦྱིན་པ། ཨོ་གླིང་སེ་ནའེ་རུ།
བསྐལ་བའི་རི་མོ་ས་ལ་ཆགས་པའི་ཚེ།།
མ་གྱུར་སེམས་ཅན་དོན་དུ་ང་འགྲོ་ཞེས།།
ཐོག་མར་ཕེབས་པ་གཤེན་རབ་ཐུ་བོ་ཆེ།།
དེའི་སྲས་ལུང་རྟོགས་བསྟན་པའི་ཉི་མར་འདུད།།
རྨོངས་པའི་ནད་སེད་སྨན་གྱི་རི་བོ་ཆེ།།
དྲི་མེད་ལུང་རྟོགས་བསྟན་པའི་ཟ་མ་ཏོག།
དམིགས་མེད་བརྩེ་བའི་ཉི་མ་དྲོད་པོ་ཆེ།།
མ་གྱུར་འགྲོ་བའི་དོན་དུ་ད་དུང་བཞུགས།།
—- གསལ་ལེ་རྒྱལ། ཧྥ་རན་སུ།
ས་ལ་སྨིན་པ་ཁྱེད་གསེར་གྱི་རི་བོ་ཞིག་ལགས།།
ངས་བལ་དཀར་གྱི་རྨུ་ཐག་ཁྱེད་ལ་འཐེན་གྱིན་ཡོད།།
ས་ལ་འདལ་བ་ཁྱོད་གཡུ་ཡི་མཚོ་ཆེན་ཞིག་ཡིན།།
ངས་འབྲུ་དྲུག་གི་མཚོ་གཏེར་ཁྱེད་ལ་རྒྱག་གིན་ཡོད།།
བརྟན་བཞུགས་ནི་ཆོ་ག་ཞིག་འདོན་པ་ཙམ་མིན་པར།།
ལྷག་བསམ་དང་རེ་སྨོན་ཡོད་ཚད་འབུལ་བ་དེ་རེད།།
ངས་ཀྱང་བསྟན་པའི་དཔལ་ཁྱེད་བརྟན་པོར་བཞུགས་པ་ལ།།
རེ་བའི་འབོད་བརྡ་གཏོང་འདོད་ཀྱེ་སྐྱེས་བུ་དམ་པ།།
—-ཤེད་བུ།
རྨུ་ཐག་མཁའ་རུ་འཐེན་པའི་ཡབ་མེས་ཀྱི།།
རིགས་ལས་མཆེད་པའི་གངས་ཀྱི་འོད་ཐིག་སྟེ།།
ཐེག་པ་རིམ་དགུའི་མཐར་སོན་གཤེན་གྱི་སྲས།།
རྨད་བྱུང་སེམས་དཔའ་ཆེན་པོ་གཙུག་ན་རྒྱལ།།
ཟབ་ཆོས་མི་བྲིན་ཟང་ཟིང་བྲིན་པའི་དུས།།
སྲོག་བསྡོས་མེས་པོའི་བསྟན་པའི་མེ་བོ་ཆེ།།
ཐབས་ཀྱིས་སྤར་མཁས་བཙན་པོའི་སྙིང་ཁམས་ཅན།།
གཤེན་སྟོན་ཐུགས་ཀྱི་སྲས་མཆོག་ཨེ་མ་རྨད།།
—རྨ་དུག་ལྕེ།
བརྩེ་ཆེན་འོ་མའི་མཚོ་ལས་ལེགས་འཁྲུངས་པའི།།
མཁྱེན་རབ་པད་མོ་དེ་ཉིད་གཟིགས་དབང་མགོན།།
ལུང་དང་རྟོགས་པའི་བསྟན་པ་ཉིན་བྱེད་སྣང་།།
ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་བ་འདེབས།།
རིས་མེད་འགྲོ་ལ་ཚད་མེད་ཐུགས་རྗེས་གཟིགས།།
ཐེག་ཆེན་བོན་གྱིས་འཁོར་བ་དོང་ནས་སྤྲུགས།།
རྒྱལ་ཀུན་སྤྱི་གཟུགས་བསྟན་པའི་ཉི་མ་རྗེ།།
ཕན་བདེའི་འོད་སྣང་ས་གསུམ་ཁྱབ་པར་ཤོག།
—-རྫ་པ་ཚེ་རིང་འགྱུར་མེད།
གངས་ཀྱི་ཟིལ་བ་ཁུར་བའི་ཆུ་ཤེལ་ཞིག།
མེས་པོའི་ཤེས་རབ་རྩལ་གྱི་ནམ་མཁའ་ལས།།
གཡའ་དག་རང་བྱུང་མཛེས་པའི་རྒྱན་དུ་འཁྲུངས།།
རྨད་བྱུང་མཛད་པས་རིག་པའི་སྡེ་ཆེན་བསྐྱངས།།
སྣང་བྱེད་ཉི་མའི་དཀྱིལ་འཁོར་ཡངས་པོ་་ལས།།
བྱམས་བརྩེ་འོད་ཀྱི་གཟི་མདངས་ཕྱོགས་སུ་འཕྲོ།།
མཛད་འཕྲིན་གསེར་གྱི་ཁུར་ཆེན་བཞེས་གྱུར་པ།།
ཉི་ཟླའི་འོད་ཁྱིམ་རྟག་ཏུ་སྐྱོང་བར་མཛོད།།
—-གཟུངས་ཕྱུག་སྐྱིད། ཨོ་གླིང་།
ལུ༵ང་རྟོག༵ས་ཟབ་མོའི་རྒྱུད་ལུ༷ང་དགོངས་རྟོག༷ས་བརྙེས།།
བསྟ༵ན་པ༵འི་མེས་པོ་གཤེན་བསྟ༷ན་འཛིན་པ༷འི་བདག།
ཉི༵་མ༵་ལྟར་ཁྱབ་བརྩེ་བས་སེམ་ཉི༷་མུན།།
མ༷་ལུས་བསལ་མཛད་རྗེ་མཆོག་སྨན་རི་བ།།
ལྟོས་བཅས་གདུལ་བྱའི་དབང་དུ་གྱུར་བ་ཡི།།
དྲང་ངེས་ཐབས་ཀྱིས་གཞལ་བའི་འཕྲིན་ལས་ཉིད།།
ཟླུམ་གཟུགས་སྲིད་པའི་རྩེ་རུ་འཕྱོ་བ་ཡི།།
རྣམ་པར་ཐར་བ་དད་པའི་ཞིང་ན་མཛེས།།
——ཤོ་ཁྲི་རྒྱལ།
བསྟན་པའི་མངའ་བདག་ཕྱོགས་བཅུའི་རྒྱལ་བ་དང་།།
བསྟན་པའི་སྙིང་པོ་ཐེག་ཆེན་གཡུང་དྲུང་བོན།།
བསྟན་འཛིན་གཤེན་རབ་སེམས་དཔའི་ཚོགས་བཅས་ཀྱི།།
མཁྱེན་བརྩེ་གཅིག་བསྡུས་བླ་མར་གསོལ་བ་འདེབས།།
རྒྱལ་བསྟན་ཡོངས་འཛིན་མངའ་བདག་སྨན་རི་བའི།།
གསང་གསུམ་འགྱུར་མེད་གཡུང་དྲུང་གཏམས་པའི་ཁྲིར།།
བརྟན་ནས་བདག་སོགས་བསྟན་འགྲོའི་དོན་ཕྱིར་དུ།།
བསྐལ་བརྒྱའི་བར་དུ་འཕྲིན་ལས་རྒྱུན་ཁྱབ་ཤོག།
—རིན་སྤུངས་ཚུལ་བསྟན།
མཚན་དཔེ་མེ་ཏོག་གངས་ཅན་ལྗོངས་སུ་བཞད།།
མདོ་སྔགས་གཞུང་བཟང་ཧི་མ་ཅལ་ནས་འགྲེམ།།
བོན་བསྟན་རིང་ལུགས་འཛམ་གླིང་ཧྲིལ་བོར་སྤེལ།།
རྒྱལ་ཀུན་སྤྱི་གཟིགས་རྗེ་གཅིག་སྨན་རི་བ།།
ལུ༵ང་རྟོག༵ས་ཉི་ཟླའི་གཟི་མདངས་སུ་འཁྱུད་པ།།
བསྟ༵ན་པ༵འི་སྙིང་པོ་འཕྲུལ་ངག་བོན་གྱི་མགོན།།
སྙིགས་དུས་འགྲོ་འདྲེན་ཉི༵་མ༵་གཞོན་ནུའི་དཔལ།།
ཞབས་པད་བསྐལ་བརྒྱར་བརྟན་པར་གུས་ཕྱག་བརྩེགས།།
—ཁྲི་བསོད་བསྟན།
འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་ནས།།
སྨག་རུམ་འཇོམས་པའི་གསེར་གྱི་ཉི་མ་ཞིག།
ཉིན་སྲིབ་མེད་པར་འཕྲོས་པའི་བསྐལ་པ་ལ།།
སེམས་ཀྱི་དད་པས་གུས་ཕྱག་ལན་བརྒྱར་ཞུ།།
མཚན་དཔེ་རྣམ་པར་གྲོལ་བའི་མཚར་སྡུག་སྐུ༷།།
ཚངས་དབྱངས་མཐར་ཕྱིན་འགག་མེད་རང་སྒྲའི་གསུ༷ང་།།
རྒྱལ་བསྟན་གསུང་རབ་འཛད་མེད་རྒྱ་མཚོའི་ཐུ༷གས།།
ལུང་རྟོགས་བསྟན་པའི་ཉི་མ་བསྐལ་བརྒྱར་བཞུགས།།
—-མང་རའི་འབུམ་བྱམས་རྒྱལ།
མཁྱེན་རབ་ལུ༵ང་རིགས་གསེར་གྱི་ཐུར་མ་ཡིས།།
སྤངས་རྟོག༵ས་ཡོན་ཏན་འོ་མཚོ་བསྲུབས་པ་ན།།
བསྟ༵ན་པའི་སྙིང་ནོར་ལེགས་བཤད་གཡས་འཁྱིལ་དུང་།།
སྙིགས་དུས་རྒུད་མུན་སེལ་བའི་ཉི༵་མ༵་ཆེ།།
གཅེས་འཛིན་རྨོངས་ཞེན་བདུད་ཀྱི་ཞགས་ཐག་གིས།།
བཅིངས་པའི་ཉོན་མོངས་དུག་གི་མདུད་པའི་རྒྱ།།
ཐབས་ཤེས་སོར་མོའི་གར་གྱི་ཕྱག་རྒྱ་ཡིས།།
དུམ་བུར་བཅད་པའི་གཟི་བྱིན་སྲིད་ན་འབར།།
—-ཁྲི་སྲས་དྲུག་འགྱུར།
རྣམ་འདྲེན་སྟོབས་བཅུ་མངའ་བའི་སྤྱན་སྔ་རུ།།
རླབས་ཆེན་ཐུཊ་བསྐྱེད་གཞན་དང་མི་མཚུངས་པར།།
གཤེན་བསྟན་སྤེལ་ལ་ཟླ་མེད་སྨན་རི་བ།།
ཚེ་རབས་ཀུན་ཏུ་རྟག་བརྟན་བཞུགས་གསོལ་ཞུ།།
ཐུགས་བརྩེ་དྲོན་མོ་བསླབ་བྱ་འོ་མའི་རྒྱུན།།
རིས་མེད་ལྟ་སྤྱོད་གཞན་དུ་མི་གཡོ་ཞིང་།།
མི་འགྱུར་ལྷུན་བརྩེཊ་གཡུང་དྲུང་སེམས་དཔའ་ཁོང་།།
དུས་གསུམ་ཀུན་ཏུ་འཛུམ་ཞལ་རྟག་འཆར་ཤོག།
—- ཁྲི་ཕུན་ཚོགས།
ལྟ་བ་ཡས་ཕུབ་བླ་མེད་རྫོགས་ཆེན་གྱི།།
གཞི་སྟོང་རྩ་བྲལ་སྤྲོས་བྲལ་ཡེ་གྲོལ་རྟོགས།།
སྒོམ་པ་བཅར་ཕོག་མ་བཅོས་བློ་འདས་ངང་།།
རྩལ་ཤར་སྙིང་རྗེའི་རང་གཟུགས་རང་སར་གྲོལ།།
སྤྱོད་པ་མས་འཛེགས་ཚུལ་ཁྲིམས་རྣམ་པར་དག།
ཐབས་མཆོག་ཕ་རོལ་ཕྱིན་བཅུའི་ལམ་ལ་འཛེགས།།
འབྲས་བུ་སྐུ་གསུམ་རྟོགས་གྲོལ་དུས་མཉམ་སྟེ།།
མདོ་སྔགས་ཀུན་གྱི་མདོ་འཛིན་ཁྲི་འཛིན་མཆོག།
—-ཨར་ལྟ་བླ་མ།
རྟག་གཟིགས་ཞང་བོད་དཀར་ནག་བྲུ་ཤའི་ཡུལ།།
རྒྱལ་དང་རྒྱལ་སྲས་ལོ་པཎ་གྲུབ་ཆེན་གྱི།།
ཐུགས་ཀྱི་ཉིང་བཅུད་ལུང་དང་རྟོགས་པའི་བོན།།
མི་ནུབ་མཁའ་དབྱིངས་སྒྲེང་མཛད་དར་ཆེན་ཉིད།
ཕྱིན་ནང་བོན་འབངས་ཁྲི་ཕྲག་དུ་མ་ཡིས།།
མ་གྲོས་སྙིང་ནས་བཀའ་དྲིན་རྗེས་དྲན་ཕྱིར།།
བརྟན་བཞུགས་རྒྱས་འབུལ་ཞུས་པའི་བྱིན་མཐུ་ཡིས།།
ཞབས་པད་གཡུང་དྲུང་ཁྲི་རུ་རྟག་བརྟན་སྨོན།།
—-ཨ་ཀྲོང་དགེ་བཤེས་སེམས་དཔའ་རྒྱལ་མཚན།
གཟིགས་དགོངས་ཚད་ལྔས་བསྟན་འགྲོའི་དོན་དུ་བཞད།།
རྒྱལ་འཕགས་གོང་མའི་ཐུགས་བཅུད་རྫོགས་པ་བླངས།།
བོན་བསྟན་མེ་རོ་སླར་ཡང་སྤར་བའི་ཕྱིར།།
རྒྱལ་བ་གཉིས་པའི་ཞལ་ཚབ་ཁྲི་རུ་བྱོན།།
བཤད་སྒྲུབ་བསྟན་པའི་བ་དན་མཁའ་རུ་བསྒྲེངས།།
བཤེས་གཉེན་བརྒྱ་ཕྲག་བསྟན་འགྲོའི་དོན་དུ་བསྐྲུན།།
སྲིད་པའི་ཞིང་འདིར་བསྟན་པ་རྗེས་བཞག་མཛད།།
མཛད་པ་མཐར་ཕྱིན་གསེར་གྱི་སྨན་རི་བ།།
—–དགེ་བཤེས་ཤེས་རབ་ཕུན་ཚོགས།
བསྐལ་སྟོང་སངས་རྒྱས་ཀུན་གྱི་ཞལ་ཚབ་དངོས།།
གཞིས་བྱེས་བོན་འབངས་ཡོངས་ཀྱི་གཙུག་གི་ནོར།།
བསྟན་པའི་མངའ་བདག་ངུར་སྨྲིག་རྣམ་རོལ་བ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཁྱེད་ཀྱི་གསང་གསུམ་མཛད་འཕྲིན་ཆ་རེ་ཡིས།།
བསྟན་འགྲོའི་རྒུད་པ་ཡོངས་སུ་སེལ་ནུས་ན།།
ཉམ་ཐག་འགྲོ་རྣམས་བརྩེ་བས་ཉེར་གཟིགས་ཏེ།།
ཞབས་པད་གཡུང་དྲུང་ཁམས་སུ་བརྟན་བཞུགས་གསོལ།།
—-དགེ་བཤེས་ཤེས་རབ་དབང་རྒྱལ།
རྒྱལ་བའི་གདུང་སོབ་མཁན་ཆེན་དམ་པ་ཡིས།།
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ལམ་བཟང་ལ།།
རྒྱལ་སྲས་སྤྱོད་པའི་ལག་ལེན་མངོན་གསལ་བས།།
རྒྱལ་བ་མཆོག་ལ་གུས་ཕྱག་སྙིང་ནས་ཞུ།།
མཉམ་རྗེས་ཟུང་འཇུག་རྟོག་བྲལ་ཡེ་ཤེས་ཀྱིས།།
མཁྱེན་བརྩེའི་དཔལ་འབར་དྲི་བྲལ་དབྱིངས་ལ་བཀོད།།
དོན་གཉིས་ཕུལ་ཕྱིན་བྱམས་བརྩེའི་བདག་ཉིད་ཅན།།
སྐུ་ཚེ་མི་འགྱུར་བསྐལ་བརྒྱར་བརྟན་བཞུཊ་གསོལ།།
—–གཤེན་ཡ་ངལ་ཁྲི་རྒྱལ།
ལུང་རྟོགས་གཤེན་བསྟ༵ན་ལྷ་ལམ་བདལ་པའི་ངོགས།།
རབ་དཀར་མཚན་དཔེའི་ཉི་གཞོན་ཝ་ལེར་གསལ།།
མཛད་བཟང་འོད་འབུམ་ཕྱི་ནང་ཐམས་ཅད་ཁྱབ།།
ཨེ་མ་རྗེ་བཙུན་མཆོག་གི་ཡོན་ཏན་དྲན།།
གཡུང་དྲུང་སྐུ་ནི་རབ་མཛེས་ལྷུན་པོར་བརྗིད།།
ཚངས་པའི་གསུང་དབྱངས་འཕྲུལ་ངག་བོན་སྦྱིན་འགྱེད།།
བརྩེ་ཆེན་ཐུགས་ཉིད་འཁྲུལ་མེད་ཝ་ལེར་གཟིགས།།
འ་ཅག་ཨ་བསོད་དཔལ་དུ་རྟག་བཞུགས་ཤོག།
—–ལུང་དཀར་དགེ་མིང་པ་བསྟན་འཛིན་འགྱུར་མེད།
སྲིད་པའི་རྩེ་ན་གཤེན་གྱི་བ་དན་མཐོ།།
འཛམ་གླིང་ཁྱོན་ན་ཁྱེད་ཀྱི་མཛད་འཕྲིན་རྒྱས།།
འདིར་སྣང་ཀློང་ན་སྐུ་ཡི་གཟི་བརྗིད་འབར།།
སྨན་རི་ཆེན་པོའི་སྐུ་ཚེ་རྟག་བརྟན་ཤོག།
དབང་བཞིའི་ཆུ་བོ་རིས་མེད་འགྲོ་ལ་བསྩལ།།
ལས་བཞིའི་འཕྲིན་ལས་ཐོགས་མེད་ངང་གིས་བསྐོར།།
སྐུ་བཞིའི་བདག་ཉིད་དམ་པ་འགྲོ་བའི་མགོན།།
འགྱུར་མེད་གཡུང་དྲུང་ཁྲི་ལ་རྟག་བཞུགས་ཤོག།
—–ལྷ་བུ་བློ་བཟང་།
སྐུ་མཆོག་གསེར་གྱི་ལྷུན་པོ་ཤར་ནས་བཞད།།
བོན་བསྟན་འདུ་གནས་ཆེན་པོ་ལྷོ་རུ་བཙུགས།།
མདོ་རྒྱུད་བོན་གྱི་གདམས་ངག་བསྩལ་བ་ཡིས།།
བསྟན་འཛིན་སེང་འབྲུག་ལྟ་བུ་མང་དུ་བྱོན།།
གང་དེའི་ཐུགས་ཀྱི་འོད་ཟེར་ཆེན་པོ་དེ།།
འཛམ་གླིང་ཡུལ་གྲུ་ཀུན་ལ་ཁྱབ་ཀྱིན་པས།།
བཀའ་དྲིན་བླ་ལྷག་དྲན་པའི་བརྟན་བཞུགས་ཞིག།
བོན་འབངས་ཡོངས་ཀྱིས་འབུལ་བ་ཨེ་མ་ཧོ།།
—-བྱ་འཕུར་དགེ་བཤེས་ཤེས་བྱ་རབ་གསལ།
རྒྱལ་སྲས་སེམས་དཔའི་རྣམ་སྤྲུལ་མི་དབང་རྗེ།།
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ཅན།།
རྒྱལ་བ་གཉིས་པའི་རྒྱལ་ཚབ་སྨན་རི་བ།།
རྒྱལ་མཚན་མི་ནུབ་གཡུལ་ལས་རྒྱལ་གྱུར་ཅིག།
རྒྱུད་གསུམ་ཀུན་འདུས་མཉམ་མེད་བླ་མའི་ཐུགས།།
བསླབ་གསུམ་བསྟན་པའི་བདག་ཉིད་སྨན་རི་བའི།།
གསང་གསུམ་མཛད་པའི་འཕྲིན་ལས་ཆ་ཤས་ཙམ།།
བཟང་གསུམ་འཛོམས་པའི་དུས་ཚིགས་འདི་ལ་ཕུལ།།
—–ཨ་ཀྲོང་རིན་ཆེན་རྒྱལ་མཚན།
རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་གར།།
རྒྱལ་སྲས་སེམས་དཔའི་སྐུ་རུ་མངོན་ཤར་བ།།
རྒྱལ་བ་གཉིས་པའི་ཞལ་ཚབ་སྨན་རི་བ།།
རྒྱལ་བསྟན་འགྲོ་བའི་མགོན་དུ་བརྟན་བཞུགས་གསོལ།།
ཁྱེད་སྐུ་འགྱུར་མེད་གཡུང་དྲུང་ལྷུན་པོའི་དཔལ།།
མཛད་འཕྲིན་ཉི་ཟླའི་འོད་ཕུང་རབ་འཁྱུད་དེ།།
ཞྭ་དཀར་གཡུང་དྲུང་བསྟན་པའི་དཔལ་མགོན་དུ།།
སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་གསོལ་འདེབས་ཞུ།།
—–ཁྱུང་ཁྲི་ལྡེ།
འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པའི།།
ཁྲི་འཛིན་སོ་གསུམ་རྒྱལ་བ་སྨན་རི་བས།།
རྒྱ་གར་འཕགས་པའི་ཡུལ་ནས་འགོ་བརྩམས་ཏེ།།
འཛམ་གླིང་ཁག་གི་ཡུལ་གྲུ་ཀུན་ཏུ་ནི།།
འཕྲུལ་ངག་བོན་གྱི་བསྟན་པའི་རྒྱལ་མཚན་ཆེ།།
མི་ནུབ་མཁར་རུ་མཐོན་པོར་སྒྲེང་མཁས་པོ།།
མཆོག་གི་བླ་མེད་མཛད་འཕྲིན་ངོ་མཚར་བ།།
ཁ་བའི་ལྗོངས་སུ་སྙིང་ནས་དྲན་པས་ཕུལ།།
—–ཐེ་བོ་ལེགས་བཤད་རྒྱ་མཚོ།
ལུང་རྟོགས་ཡོན་ཏན་ཀུན་ཁྱབ་ནམ་མཁའི་མཛོད།།
བསྟན་པའི་མངའ་བདག་ཁྱུང་སྔོན་སྐྱེས་དྲངས་པའི།།
རྣམ་འདྲེན་ཉི་མའི་འཁོར་ལོ་ཚེ་ཡི་མགོན།།
ལྷ་མིའི་གཙུག་རྒྱན་མཁན་ཆེན་རྒྱལ་གྱུར་ཅིག།
མཁའ་ཁྱབ་བསྟན་དང་འགྲོ་བའི་ཕན་བདེའི་སྲོག།
ཐུགས་བསྐྱེད་ཟབ་མོའི་ཉེར་ལེན་ལ་རག་ཕྱིར།།
ཇི་སྲིད་འཁོར་བ་མ་སྟོང་དེ་སྲིད་དུ།།
མི་འགྱུར་གཡུང་དྲུང་ཁྲི་ལ་བརྟན་བཞུགས་གསོལ།།
—–དུང་དཀར་བ་དཔལ་འབྱོར་ཉི་མ།
དམུ་རྒྱལ་རལ་པ་ཅན་ཞིག་གཤེགས་པའི་ཤུལ།།
སྤུངས་སོའི་བརྡ་ཆད་སྦར་གང་ལྷག་མའི་ཧྲག།
རིམ་དགུའི་མཛད་རྗེས་ཁ་ཡིག་གབ་པའི་དབུས།།
འོད་ཀྱི་ན་རོ་ཐོགས་པའི་མཁན་ཆེན་འཕགས།།
བསྐལ་པའི་ཆོ་རབས་བཀླགས་པའི་མགྲོན་པོ་ཞིག།
ཏི་སེའི་པྲོག་ཞུ་གཡར་ཏེ་གངས་རི་བརྒལ།།
ས་ཆེན་ཆིབས་སུ་བསྒྱུར་པའི་བང་འགྲོས་ཀྱིས།།
རྨིག་རྗེས་གཡུང་དྲུང་དགུ་ཡི་འོད་ཐིགས་ཟགས།།
—–གཟི་མིག་དགུ་པ།
རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྲིད་ཞིའི་མིག།
རྒྱལ་བའི་མཛད་པ་ཇི་བཞིན་སྐྱོང་བའི་དཔལ།།
རྒྱལ་བ་གཉིས་པའི་རྒྱལ་ཚབ་གདོང་ལྔའི་དབང་།།
རྒྱལ་བསྟན་ཀེ་ལ་ཤ་ཡི་རྩེ་ན་བརྗིད།།
རྣམ་མང་འགྲོ་ལ་བརྩེ་བའི་མ་མ་མཆོག།
རྣམ་ཀུན་ཁྱེད་ཞབས་རྟག་ཏུ་བརྟན་པའི་ཕྱིར།།
རྣམ་དག་དྲི་མེད་རྗེས་དྲན་བརྟན་བཞུགས་མཆོག།
རྣམ་མང་འགྲོ་བས་བཏེགས་འདི་ངོ་མཚར་རྨད།།
—–རྟོགས་གྲྭ་ཚུལ་ཁྲིམས་འོད་ཟེར།
རྣམ་འདྲེན་གཤེན་གྱི་བསྟན་པའི་གཉེར་དཔོན་དུ།།
རྒྱལ་བའི་རྒྱལ་ཚབ་ལུང་རྟོགས་བོན་གྱི་མཛོད།།
ཕྱོགས་བཅུར་སྤེལ་བའི་ཉི་མ་འོད་པོ་ཆེ།།
བསླབ་གསུམ་པད་དཀར་འདབ་མའི་ལང་ཚོ་མཛེས།།
ཟབ་དགུའི་བདག་ཉིད་ཕྱི་ནང་ལུང་གི་སྙིང་།།
ཆེ་དགུའི་གཙུག་རྒྱན་དྲིན་ཅན་བླ་མ་རྗེ།།
སྐྱེ་དགུའི་མགོན་དུ་དུས་གསུམ་འགྱུར་མེད་པར།།
མི་འགྱུར་གཡུང་དྲུང་ཁྲི་ལ་བརྟན་བཞུགས་ཞུ།།
—-ཁྱུང་མུ་ཝེར།
གྱེར་གྱི་ཀ་ཆེན་རྒྱལ་བ་སྨན་རི་བའི།།
ཕྱི་ནང་གསང་གསུམ་མཛད་འཕྲིན་ས་སྟེང་ཁྱབ།།
འགྲོ་དྲུག་སེམས་ཅན་ཡོངས་ཀྱི་མགོན་སྐྱབ་ཏུ།།
ནུབ་མེད་སྲིད་མཐའི་བར་ཏུ་བརྟན་འགྱུར་ཅིག།
སྐུ་ཚེ་མི་འགྱུར་གཡུང་དྲུང་བཞིན་དུ་བརྟན།།
གསུང་གི་བདུད་རྩི་སྦྲང་ཆར་ཇི་བཞིན་འཇོ།།
ཐུགས་ཀྱི་དགོངས་པས་འགྲོ་ཁམས་ཡོངས་ལ་གཟིགས།།
དམ་པའི་མཛད་འཕྲིན་སྲིད་གསུམ་ཁྱབ་པར་སྨོན།།
—- ལྷ་གཡག་དར་མ།
གཤེན་བསྟན་རིས་མེད་ཕྱོགས་སུ་ཁྱབ་པ་དང་།།
འགྲོ་དྲུག་ཉོན་མོངས་སྨག་ལས་དགྲོལ་མཛད་ཕྱིར།།
གཡུང་དྲུང་སེམས་དཔའ་ལུང་རྟོགས་བསྟན་པའི་རྗེ།།
ཐུགས་རྗེ་ཉི་མའི་ཚན་ཁ་རྟག་འཆར་ཤོག།
གངས་ལྗོངས་བསྟན་འགྲོའི་ཕུན་ཚོགས་གཡང་བཅུད་ནོམས།།
མཐའ་དམག་དཔུང་གིས་བཅོམ་བརླགས་བཙན་གྱིས་ཁྱེར།།
སེམས་དཔའ་ཆེན་པོའི་སྙིང་རྗེ་བདུད་རྩིའི་ཆར།།
ཡུལ་འཁྱར་མགོན་མེད་གསོས་སུ་རྟག་འབབ་ཤོག།
—–ཀླུ་ཚང་ཁྱུང་སྲས་སམ་རྒྱ་ཐར།
ལུང་དང་རིགས་པའི་གཡུ་རལ་གནམ་དུ་གསིག།
མ་རྟོགས་རི་སྐྱེས་ཚོགས་ལ་འཇིགས་པ་བྱིན།།
གཤེན་བསྟན་ཁྲི་འཕང་འདེགས་པའི་སེང་གེ་ཁྱོད།།
ངེས་དོན་སྨྲ་བའི་ཉི་མར་ཞབས་བརྟན་ཤོག།
ལམ་གོལ་མྱ་ངམ་ཐང་ན་འགྲོ་འདིའི་ཁྱུ།།
ཚ་གཅུན་དྲག་པོས་གདུང་བ་སྙིང་རེ་རྗེ།།
སྐྱབས་གཅིག་ཙན་དན་ལྗོན་པ་རྟག་བཞུགས་ནས།།
ཐུགས་རྗེ་གྲིབ་བསིལ་སྣུམ་པོས་དབུགས་དབྱུངས་མཛོད།།
—–ཚོགས་གཙོ་ཟུར་བ་བསྟན་པའི་དངོས་གྲུབ།
དུས་འགྱུར་མུན་གླིང་ཁྲོད་ནས་འཕགས་ཡུལ་བྱོན།།
བརྩེ་ཆེན་ཐུགས་ཀྱིས་དུས་གསུམ་གཟིགས་པ་འདིས།།
འཕགས་ཡུལ་སྨན་རིའི་དགོན་ཆེན་ཕྱག་འདེབས་མཛད།།
ཞྭ་དཀར་བསྟན་པ་སྤེལ་བའི་ངོ་མཚར་རྨད།།
གངས་ཅན་ཁ་བའི་ཆོས་བརྒྱུད་དཔུང་རྡང་སྦྲེལ།།
བརྩེ་ཆེན་ཐུགས་ཀྱིས་བསྐྱངས་པས་བསྟན་པ་འདི།།
བསིལ་ལྡན་ཁ་བ་རི་བོའི་གཙུག་གི་རྒྱན།།
ཞྭ་དཀར་བསྟན་པ་སྤེལ་བའི་ངོ་མཚར་རྨད།།
—–བཅུད་པར་རྫ་སྐྱེས། ཨོ་གླིང་།
སྲིད་པའི་ཁྱེའུ་ཁྱེད་ཉིད་འོད་ཀྱིས་བལྟམས།།
དགུ་བཅུའི་ལང་ཚོ་དེ་ཡང་འོད་ཀྱིས་འབར།།
དཔེ་བྱད་འོད་ཀྱིས་མཚོན་པའི་སྨན་རི་བ།།
འཛམ་གླིང་འོད་ཀྱིས་འགེང་བཞིན་ཞབས་པད་བརྟན།།
བོད་གཞུང་པོད་ཏི་སྔོན་པོ་ཕྱག་གིས་བཏེགས།།
བོད་གོས་པད་ལོ་སྔོན་པོས་ས་ཆེན་གཞལ།།
ས་ལམ་སྔོན་པོས་མཚོན་པའི་སྨན་རི་བ།།
དབུ་ལོ་སྔོན་པོས་མཛེས་ཤིང་ཞབས་པད་བརྟན།།
—-ལྡོང་སྐལ་བཟང་།
རྒྱ་ཆེན་ཐུགས་ཀློང་ཆུ་གཏེར་འཇིངས་ཡངས་སུ།།
འགག་མེད་གསུང་དབྱངས་མཐོན་པོའི་གདངས་འགྲོས་ལས།།
སྐུ་ཤ་པདྨོའི་ལང་ཚོ་བཞད་པའི་དཔལ།།
གདན་ས་སྨན་རིའི་སྐྱབས་རྗེ་བཞུགས་གསོལ་འདེབས།།
རིང་ལུགས་འཁྲུལ་མེད་བོན་བསྟན་ནོར་བུའི་མཛོད།།
བདག་གིར་ལེགས་བཞེས་གྲུབ་མཐའ་བྱེ་བའི་མགོན།།
བསྟན་པའི་སྙིང་པོ་རྒྱལ་བ་སྨན་རི་བ།།
ཁྲི་འཛིན་ཆེན་མོའི་ལྷ་སྐུ་བཞུགས་གསོལ་འདེབས།།
—–ས་ཁའི་བློ་ལྡན།
སངས་རྒྱས་བསྟན་པ་འབྱུང་གནས་བོན་གྱི་མཆོག།
སྟོན་པ་གཤེན་གྱི་རྒྱུད་འཛིན་བོན་སྒོ་བ།།
སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་བདག་རྗེ།།
རྗེ་བཙུན་བླ་མ་སྨན་གྱི་རིན་པོ་ཆེ།།
འགྲོ་བའི་མགོན་པོ་སྟོན་པ་བླ་ན་མེད།།
གསང་གསུམ་མི་ཟད་རྒྱ་མཚོ་ཆུ་ཡི་གཏེར།།
རྒྱལ་བ་གཉིས་པའི་རྒྱལ་ཚབ་སྨན་རི་བ།།
བདག་ཅག་སྲིད་ཞིའི་མགོན་ཏུ་རྟག་འཆར་ཤོག།
—–དགེ་བཤེས་ཚུལ་ཁྲིམས་འབྱུང་གནས།
གཡས་རུའི་སྟོན་པ་བཅོ་བརྒྱད་ཐུགས་ཀྱི་དགོངས།།
རྨེའུ་ཡི་སྨྲ་སེང་བཅུ་གསུམ་གསུང་གི་བཅུད།།
ལུང་རྟོགས་བསྟན་པའི་སྲོག་ཤིང་སྨན་རི་བ།།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་བ་འདེབས།།
ཕྱོགས་མེད་རྒྱལ་ཁབ་ཐམས་ཅད་དབང་དུ་སྡུད།།
རིས་མེད་འགྲོ་བ་ཡོད་ཚད་བྱམས་ཀྱིས་སྐྱོང་།།
འཛམ་གླིང་ཞི་བདེ་བསྐྲུན་མཁན་འོད་པོ་ཆེ།།
སྨན་རིའི་མཁན་ཆེན་སྐུ་ཚེ་ཁྲི་ལོ་ཤོག།
—–ཉག་གཡུ་འབྲུག
མ་གཅིག་བདེ་འགྲོ་སྲིད་པའི་ལུང་རིང་གིས།།
བོན་བསྟན་ས་གསུམ་འགེངས་བའི་སྡོང་བསྡེབས་སུ།།
སྨན་གྱི་རི་ནས་གསང་བའི་གཤང་དཀྲོལ་བ།།
མཚན་བརྗོད་དཀའ་བའི་བླ་མར་གསོལ་བ་འདེབས།།
ལུགས་གཉིས་སྲིད་པའི་ལུང་རྟོགས་མཛོད་ཀྱི་སྒོ།།
མཆོག་གསུམ་བསྟན་པའི་རྒྱལ་མཚན་མངོན་པར་མཐོ།།
གསང་གསུམ་ཉི་མའི་འོད་འབུམ་གང་དེ་ཉིད།།
རྟག་བརྟན་ལྷ་ཡིས་མགོན་དུ་བསྲུང་གྱུར་ཅིག།
—-སྟོང་སྲས་ལྷ་བུ།
རྒྱལ་བསྟན་འཇིགས་ལ་ཉེ་བའི་དུས་དེ་ན།།
རྒྱལ་བསྟན་མེ་རོ་རྒྱ་དཀར་ཡུལ་དུ་སྤེལ།།
རྒྱལ་བསྟན་སྐྱོང་བའི་རྒྱལ་བ་གཉིས་པ་ཡི།།
རྒྱལ་བསྟན་འཛིན་པའི་ཁྲི་རབས་སོ་གསུམ་པ།།
རྒྱལ་བསྟན་མགོན་དུ་འགྱུར་མེད་རྟག་བརྟན་ཤོག།
མདོ་སྨད་ཟིང་ཆུའི་ཡུལ་དུ་སྐུ་བལྟམས་ཤིང་།།
སྟོད་ཕྱོགས་སྨན་གྱི་ཁྲི་ལ་མངའ་གསོལ་ཏེ།།
རྒྱལ་གཤེན་བོན་སྒྲ་འཛམ་གླིང་སྒྲོགས་པ་ཡི།།
ལུང་རྟོགས་བསྟན་པའི་ཉི་མའི་མཚན་ཅན་བ།།
མ་གྱུར་སྐྱེ་འགྲོ་བའི་མགོན་དུ་བཞུགས་སུ་གསོལ།།
—–ཞང་ཞུང་ལྷ་རིས་པ་ཨ་སྣང་པེ།
རྒྱལ་གཤེན་འཕྲུལ་ངག་ཞྭ་དཀར་གཡུང་དྲུང་བོན།།
རྒྱལ་བསྟན་རིན་ཆེན་གསལ་མཛད་མཁས་གྲུབ་རྗེ།།
རྒྱལ་བ་གཉིས་པའི་གདུང་འཚོབ་སྨན་རི་བ།།
རྒྱལ་ཀུན་སྤྱི་གཟུགས་ཁྱེད་ལ་གསོལ་བ་འདེབས།།
གང་ཁྱེད་གཟུགས་སྐུ་མི་འཇིགས་སེང་གེའི་ཁྲིར།།
ནམ་ཡང་མི་འགྱུར་གཡུང་དྲུང་ལྷུན་པོའི་ཁམས།།
བསྐལ་བརྒྱར་བར་དུ་ཞབས་པད་རབ་བརྟན་ནས།།
མཛད་པའི་འཕྲིན་ལས་ནམ་མཁའི་མཐར་ཁྱབ་ཤོག།
—–སྤྲུལ་མིང་པ་གཡུང་དྲུང་བསྐལ་བཟང་།
ལུང་རྟོགས་བཤད་སྒྲུབ་སྲོལ་འཛིན་གཡུང་དྲུང་བོན།།
མདོ་སྔགས་རྫོགས་གསུམ་དབང་འབྱོར་གཡུང་དྲུང་བོན།།
མ་ཉམས་གོང་འཕེལ་སྤེལ་མཁན་སྨན་རི་བ།།
ལུང་རྟོགས་བསྟན་པའི་ཉི་མ་རྟག་འཆར་ཤོག།
བསྟན་པའི་བདག་པོ་རྒྱལ་བ་སྨན་རི་བའི།།
བསྟན་པ་བྲུ་ཡི་རིང་ལུགས་རྒྱུད་གསུམ་བཟུང་།།
བསྟན་པའི་བ་དན་མཁའ་ཁྱབ་འགྲེང་བྱེད་པུ།།
གཙུག་རྒྱན་མཁན་པོ་བསྟན་པའི་ཉི་མ་བསྟོད།།
—– སྤྲུལ་སྐུ་དབང་རྒྱལ་ཚེ་རིང་།
རབ་འབྱམས་མཐའ་ཡས་གོ་ལའི་དབུ་རྩེ་ན། །
མངོན་པར་འཕགས་པའི་གངས་སེང་མི་ཡི་གཟུགས།།
དངོས་བྱོན་དུས་གསུམ་རྒྱལ་བའི་ལྷ་སྲས་ཚབ།།
འགྲོ་བའི་དེད་དཔོན་སྐྱབས་རྗེ་སྨན་རི་བ།།
མི་འགྱུར་གསེར་གྱི་ཁྲི་ལ་རབ་འགྱིང་བས།།
གདུལ་བྱ་དུས་ཀུན་སྐྱོང་མཛད་དམུ་རྒྱལ་སྲས།།
འཕྲིན་ལས་རྣམ་བཞིས་མི་ནུབ་རྒྱས་མཛད་པའི།།
ལུང་རྟོགས་བསྟན་པའི་ཉི་མ་རྟག་བརྟན་ཤོག།
—–དམུ་རིགས་བསྟན་འཛིན་དབང་གྲགས།
རྗེ་གཅིག་མཉམ་མེད་ཆེན་པོའི་དགོངས་ཆར་ཅི།།
འདྲེན་མཆོག་འཆད་ཉན་སྒོམ་པའི་སྡེ་གསུམ་སྐྱོང་།།
འཛམ་གླིང་ཁྱོན་ཀུན་གཤེན་བསྟན་ཁྱབ་མཛད་པའི།།
གངས་ལྗོངས་སོག་ཁའི་ཞིང་དུ་མངའ་ན་མོ།།
སྲིད་པའི་མུན་སྒྲོན་འོད་ཆེན་སྙན་འཇེབས་དཔལ།།
སྐྱེ་འགྲོའི་གཙུག་རྒྱན་རྒྱལ་བའི་དགོངས་པ་རྫོགས།།
སྙིགས་མའི་རྒྱལ་བསྟན་སྤེལ་བའི་མགོན་གཅིག་པུ།།
ལུང་རྟོགས་བསྟན་པའི་ཉི་མ་ནུབ་མེད་འཆར།།
—–རྫ་ཚུལ་ཁྲིམས་བསྟན་འཛིན།
གདུལ་བྱ་སྨིན་གྲོལ་ལམ་ལ་འགོད་ཕྱིར་འཆད༵།།
མ་རྟོགས་རྟོག་པའི་མདུད་རྒྱ་དགྲོལ་བར་རྩོད༵།།
མདོར་ན་རྒྱལ་བསྟན་གསལ་བྱེད་དམིགས་ཏེ་རྩོམ༵།།
འཆད་རྩོད་རྩོམ་པས་བསྟན་པའི་མེ་རོ་སློང་།།
མཁས་པའི་ཁྱུ་མཆོག་མཁས་མང་གྲལ་ན་མཛེས།།
བཙུན་པའི་གཙོ་བོ་གཙུག་གི་རྒྱན་དུ་ཆེ།།
བཟང་དགུར་སྤྱོད་པའི་སྙན་པ་སྲིད་རྩེར་འབར།།
དཔལ་ལྡན་སྲིད་སྒྲོན་རྟག་ཏུ་འཆར་བར་ཤོག།
—-རྫ་རིན་ཆེན་རྒྱལ་མཚན།
སངས་རྒྱས་བསྟན་པའི་གཙུག་རྒྱན་གཡུང་དྲུང་བོན།།
རིང་ལུགས་དྲི་མེད་འཛིན་པའི་རྒྱལ་སྲས་ཏེ།།
འགྲོ་བའི་དེད་དཔོན་ཆེན་མོ་སྨན་རི་བ།།
སྙིང་དབུས་པད་མའི་རྩེ་ནས་དད་ཕྱག་མཚལ།།
སྙིགས་དུས་བསྟན་པ་ཉམ་ང་བག་ཕྲ་དུས།།
འགྲོ་འདྲེན་གཤེན་རབ་མི་བོ་དངོས་བྱོན་པ།།
མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་མཆོག།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ།།
—-རི་བླ་དཀོན་མཆོག་བསྟན་འཛིན།
རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་བླ་མ་རྗེ།།
རྒྱལ་བ་གཉིས་པའི་གདུང་སོབ་སྨན་རི་བ།།
རྒྱལ་བསྟན་མེ་རོ་སྤར་བའི་གཉེན་གཅིག་པུ།།
རྒྱལ་དབང་བསྟན་པའི་ཉི་མ་རྒྱལ་གྱུར་ཅིག།
ལུ༵ང་རྟོག༵ས་བོན་ལ་ཐོས་བསམ་བསྒོམས་པའི་མཐུས།།
བསྟ༵ན་པ༵འི་སྙིང་དོན་རྟོགས་པའི་མགོན་གཅིག་པུ།།
ཉི༵་མ༵་གཞོན་ནུ་བསྟན་དང་འགྲོ་བའི་སླད།།
བསྐལ་པ་ཇི་སྲིད་བར་དུ་བརྟན་བཞུགས་གསོལ།།
——སྡེ་དགེ་གཤེན་བསྟན་དབང་རྒྱལ།
ལྟ་བ་མཐའ་བྲལ་བོན་སྐུ་བདེ་ཆེན་དབྱིངས།།
འགག་མེད་སྣ་ཚོགས་ལྷུན་གྲུབ་རྫོགས་པའི་སྐུ།།
སྙིགས་དུས་འགྲོ་ལ་བྱོན་བའི་སྤྲུལ་པའི་སྐུ།།
སྐུ་གསུམ་བདག་ཉིད་ཁྱེད་ལ་དད་ཕྱག་བརྩེགས།།
སངས་རྒྱས་བསྟན་པའི་དོན་ལ་མཁྱེན་གཟིགས་པའི།།
ལྷག་བསམ་ཀུ་མུད་མེ་ཏོག་འཛུམ་མདངས་ཅན།།
ཁྱད་འཕགས་བསྟན་པའི་བདག་ཉིད་སྐྱབས་ཀྱི་མཆོག།
ལུང་རྟོགས་བསྟན་པའི་ཉི་མ་རྟག་བཞུགས་གསོལ།།
—–ཉག་ཟླ་འོད།
མཆོག་གསུམ་བདེན་པ་ཆེན་པོའི་སྟོབས་ཀྱི་མཐུས།།
གསང་གསུམ་ངོ་བོ་བསྡུས་པའི་རིག་པའི་ཕུལ།།
རྒྱུད་སྡེ་རྒྱ་མཚོའི་དཔལ་གྱི་མཛོད་འཆང་བ།།
བཀའ་དྲིན་མཚུངས་ཟླ་བྲལ་བའི་སྨན་རི་བ།།
ཕྱི་ནང་བོན་གྱི་མངའ་བདག་ཁྲི་ཆེན་རྗེ།།
གཤེན་རབ་བསྟན་པའི་སྲོལ་འཛིན་འགྲོ་བའི་མགོན།།
མཉམ་མེད་བླ་མའི་གདུང་སོབ་ཐུགས་རྗེ་ཅན།།
བཀའ་དྲིན་མཚུངས་ཟླ་བྲལ་བའི་སྨན་རི་བ།།
—-ཟླ་བསོད་བློ།
རྒྱལ་གཤེན་བསྟན་པའི་རང་ལུགས་རྨ་མེད་པར།།
འཛིན་སྐྱོང་སྤེལ་བའི་བསྟན་པའི་མངའ་བདག་རྗེ།།
མཉམ་མེད་དངོས་བྱོན་འགྲོ་བའི་སྐྱབས་གཅིག་པུ།།
སྨན་རིའི་ཁྲི་འཛིན་བསྟན་པའི་ཉི་མ་མཆོག།
སྐུ་ནི་མི་འགྱུར་རི་རྒྱལ་ལྷུན་པོ་བརྟན།།
གསུང་ནི་འགག་མེད་སྒྲ་དབྱངས་གདངས་ལྡན་པ།།
ཐུགས་ནི་འཁྲུལ་མེད་ཀུན་བཟང་ངང་ལ་གནས།།
སྨན་རིའི་མཁན་ཆེན་ཞབས་པད་བསྐལ་བརྒྱར་བཞུགས།།
—-ཉག་བློ་གྲོས་རབ་གསལ།
འཛིན་མའི་ཕྲེང་ལ་རྒྱུས་པ་རིག་པའི་ཡུལ།།
ཤར་ཕྱོགས་རྒྱལ་བའི་གྲོང་གི་རིན་ཆེན་མིག།
འདི་ཕྱི་མ་ལུས་འཛིན་པ་བྱིན་གྱིས་རློབས།།
རྒྱལ་བ་སྨན་རིའི་ཁྲི་འཛིན་བརྟན་པར་ཤོག།
གང་ག་ཆུ་བོའི་གཞུང་གི་རིན་ཆེན་གཏེར།།
རིག་པའི་འོད་སྣང་རྒྱས་པ་རྒྱལ་བའི་སྐུ།།
གང་གི་འདི་ཕྱི་མཁྱེན་པ་སྨན་རི་བ།།
ཕྱག་གསུམ་གུས་པས་ཁྱེད་ལ་གསོལ་བ་འདེབས།།
—- བྱ་གཞུང་འབྲུག་འབུམ་ཡག
བྱམས་བརྩེའི་འོད་སྣང་དཀར་པོ་མཁའ་ནས་འཛུམ།།
ཕན་བདེའི་མུ་ཏིག་ཕྲེང་བ་ས་གཞིར་བསྟར།།
ཐུགས་རྗེའི་བསིལ་འཇམ་རླུང་བུ་ཁྱོན་ཀུན་རྒྱུ།།
ལུང་རྟོགས་བསྟན་པའི་ཉི་མ་རྟག་བརྟན་ཤོག།
ཉམ་ཐག་མུ་གེ་ཟུག་ངུ་ཅིག་ཅར་བཅོམ།།
བསྟན་པའི་མེ་རོ་བློ་སྤོབས་སྟོང་གིས་སྦར།།
བསྟན་དང་འགྲོ་བའི་སྤྱི་བོའི་མགོན་གྱུར་བའི།།
ལུང་རྟོགས་བསྟན་པའི་ཉི་མ་རྟག་བརྟན་ཤོག།
—-དར་ནག རྟོགས་ལྡན་དགོན།
མ་དག་དུག་ལྔའི་འདམ་གྱིས་མ་སླད་ཅིང་།།
མ་རྟོགས་རྨོངས་བའི་སྨག་རུམ་ཀུན་སངས་ནས།།
ལེགས་རྟོགས་རྣམ་དཔྱོད་འབར་བའི་དཔའ་ངར་ཅན།།
ལུང་རྟོགས་གང་མོས་དེར་སྟོན་ཨེ་མ་ཧོ།།
ཕས་རྒོལ་ལོག་ཚོགས་མ་ལུས་སྟོབས་ཀྱིས་གཞོམ།།
ཡིད་གཉིས་ཐེ་ཚོམ་ལྷག་མེད་སོ་སོར་སེལ།།
གཤེན་རབ་བསྟན་པའི་མདའ་དར་བསྒྲེངས་མཁས་པ།།
ནམ་མཁའི་ནོར་བུ་ཅི་བཞིན་རྟག་འཆར་ཤོག།
—-དགེ་ལེགས་འགྱུར་མེད།
སྐྱབས་སྐུ་གསུམ་གྱི་བདག་ཉིད་རིན་པོ་ཆེ།།
རྗེ་སྨན་རི་བའི་རྒྱབ་ཚབ་སོ་གསུམ་པ།།
བོན་ཞྭ་དཀར་གྱི་སྐྱབས་མགོན་བརྟན་བཞུགས་ལ།།
སྐུ་ཁྲི་ལོ་བརྟན་པའི་སྨོན་ལམ་ཤིས་ཚིག།
རི་ཧ་མ་ལའི་ལོ་རྒྱུས་ལས་རིང་བ།།
མཚོ་མ་ཕམ་གཡུ་མཚོ་ལས་གཏིང་ཟབ་པའི།།
གྱེར་མི་འགྱུར་གཡུང་དྲུང་གི་ཆག་ཤིང་པོ།།
དུས་རྟག་ཏུ་བོན་འབངས་ལ་གཟིགས་ཤིག་བཞུགས།།
—–ཁམས་རྒྱལ་སྲས།
འཛམ་གླིང་ཉི་མ་སེར་པོ་དགུང་ནས་འཆར།།
སྙིགས་དུས་སེམས་ཅན་རྣམ་ལ་འོད་ཟེར་སྤྲོ།།
མུ་མཐའ་མེད་པ་འཁོར་བའི་འཇིག་རྟེན་ནས།།
གསལ་བའི་སྒྲོན་མེ་མི་ནུབ་ཚེ་འབར་ཅིག།
ལྟ་བ་ཡས་ཕུབ་རྫོགས་པ་ཆེན་པོ་ཉིད།།
སྤྱོད་པ་མས་འཛེགས་ཚུལ་ཁྲིམས་རྣམ་པར་དག།
སྙིང་རྗེ་ཕྱོགས་ཀུན་ཁྱབ་པའི་བདག་ཉིད་པ།།
བསྟན་པའི་ཉི་མ་བསྟན་འཛིན་སྐྱེས་བུར་འདུད།།
—–གཡུང་དྲུང་འགྱུར་མེད། ཁམས་འཇོ་མདའ།
འཇིན་རྟེན་མུན་པའི་སྒྲོན་མེ་སེམས་ཤེས་པ།།
སེམས་ཅན་རྨོངས་པ་བླང་དོར་ཡལ་བའི་མགོན།།
བསིལ་ལྡན་གངས་རི་ཞིང་གི་བློ་ལྡན་ལགས།།
གུས་པས་ཁྱེད་ལ་དད་པའི་སེམས་འཕྲིན་ཡིན།།
སྦྲང་ཆུང་འབུལ་ཕྲག་འཁོར་སའི་དྲི་ཞིང་ལ།།
སྡུག་བསྔལ་ཀུན་ལས་རྒྱལ་བའི་ནད་སྨན་ལྟར།།
རྒྱལ་བ་ལམ་སྟོན་ཡན་ལག་གསལ་རྟོགས་པ།།
འགྲོ་བ་འདྲེན་པའི་སྐྱེས་བུ་ཁྱེད་ཉིད་བསྟོད།།
—–ཀུན་ཤེས། ཁམས་འཇོ་མདའ།
དགོང་ལ་ཉི་ཟླ་བཞིན་དུ་གསལ་ལེ་བ།།
ཡ་ཐོག་ཞང་བོད་ཤེས་རིག་ནོར་བུའི་མཛོད།།
གངས་ལ་ཉི་འོད་ཕོག་པ་ཇི་བཞིན་དུ།།
གསལ་བར་མཛད་པའི་སྔོན་བྱུང་རྣམ་ལ་འདུད།།
ཡང་ཁྱད་རྒྱལ་བ་སྨན་རིའི་རིང་ལུགས་ཞེས།།
ཡོངས་སུ་གྲགས་པ་འདི་ཉིད་འཛིན་སྐྱོང་ལ།།
བཀའ་དྲིན་མཚུངས་མེད་བསྟན་པའི་ཉི་མ་ཡི།།
སྐུ་ལ་འཚེ་མེད་གསུང་དབྱངས་འགག་མེད་ཤོག།
—– གཟུ་བོ། རྔ་བ།
བོན་ཞེས་ཞང་བོད་མྱེས་པོའི་སྙིང་ཡིན་ཀྱང་།།
ལོག་ཅེས་ཀུན་གྱིས་མི་འདོད་བརྙས་བྱེད་སྐབས།།
ང་ཞེས་བོན་འགག་སྔོན་པོའི་གཟི་མདངས་དེས།།
འདུག་ཅེས་ཀུན་སྨོན་ཤོར་ས་སྨན་རི་བ།།
ས་ཆེན་འདི་ལ་དུས་ཀྱི་དཀར་ངོགས་འདིར།།
བསྐལ་ཆེན་སྟོན་དེའི་བསྟན་འཛིན་མི་ཡི་སེང་།།
གྱེར་གྱི་གཙུག་རྒྱན་རྒྱལ་བ་སྨན་རི་བ།།
མི་ཤིགས་གཡུང་དྲུང་ཁྲི་ལ་བརྟན་བཞུགས་ཞུ།།
—–ཁྲི་བརྟན་ནོར་རྩེའི་ཚུལ་ཁྲིམས་དྲི་མེད།
ངུར་སྨྲིག་ཁྱུ་མཆོག་རྒྱལ་བ་སྨན་རི་བ།།
བསླབ་གསུམ་བསྟན་པའི་བདག་ཉིད་སྨན་རི་བ།།
རྒྱལ་ཀུན་ངོ་བོ་རྗེ་བཙུན་སྨན་རི་བ།།
ཁྱེད་སྐུ་མི་འགྱུར་བསྐལ་བརྒྱར་བརྟན་པར་ཤོག།
མེས་པའི་ཞབས་རྒྱས་བསིལ་ལྗོངས་བཞད་པ་ཉིད།།
རྒྱུད་འཛིན་བུ་སློབ་ཁྲི་སྟོང་སྤྱན་དཀྱུས་མིག།
སོ་གསུམ་ཉི་གཞོན་ཞྭ་དཀར་བསྟན་པའི་རྒྱན།།
མི་ཤིགས་གཡུང་དྲུང་ཁྲི་ལ་རྟག་བརྟན་ཤོག།
—– གཡུང་དྲུང་འཇིགས་མེད།
སྨན་ལྗོངས་རྩ་གསུམ་ལྷ་ཡི་དག་ཞིང་ཁམས།།
རི་བོ་ཧི་མ་ལ་ཡའི་ཡང་རྩེ་ན།།
མཁན་རབས་དུ་མའི་སྲོལ་རྒྱུན་འཁྲུལ་མེད་དུ།།
ཆེན་པོའི་གོ་ལ་སྟེང་ནས་རང་སྒྲ་སྒྲོག།
མ་རིག་འགྲོ་བའི་དོན་ལ་རབ་དགོངས་ནས།།
བརྩེ་བ་སྙིང་རྗེ་ཆེན་པོ་ལྷོད་མེད་ངང་།།
རིགས་བརྒྱའི་སྨྲ་དབང་ཆེན་པོའི་ཚུལ་མཛད་དེ།།
འཁོར་བ་མ་སྟོང་བར་དུ་རྟག་བརྟན་ཤོག།
—–འཇོ་མདའ་གཞན་ཕན་དབང་ཕྱུག
གངས་རྒྱལ་ཏེ་སེའི་དབུ་ཡི་ཐོད་འགྱིང་པའི།།
གངས་རིའི་ལྗོངས་འདིར་བླ་མེད་བྱིན་རླབས་སྩོལ།།
གངས་ཅན་བོད་པའི་སེམས་ནས་འདོར་མེད་པ།།
སྐྱབས་གཅིག་བླ་མ་དྲིན་ཆེན་སྨན་རི་བ།།
འཇིན་རྟེན་གསལ་བའི་ཉིན་བྱེད་ཆེན་མོ་སྟེ།།
འགྲོ་ལ་སྙིང་རྗེའི་སྐྱོང་བའི་མངའ་བདག་པོ།།
ཁྱེད་སྐུ་རྟ་བདུན་དབང་པོ་དང་མཚུངས་པས།།
གཏན་དུ་བཞུགས་དགོས་དྲིན་ཆེན་སྨར་རི་བ།།
—–དཔལ་ལྡན་རྣམ་རྒྱལ། སྡེ་དགེ།
དུས་ཀྱི་ཐ་མ་རྩོད་ལྡན་ཤར་བའི་ཚེ།།
རྒྱལ་བསྟན་གསེར་གྱི་ཁྲི་གདུགས་ནུབ་ཏུ་ཕྱོགས།།
གཅེས་སྲོག་མི་འགྱུར་ཐོ་ཡི་རྟེན་དུ་བཙུགས།།
ཉིད་ཀྱི་ཡོད་ཚད་བསྟན་འགྲོའི་དོན་དུ་ཕུལ།།
སྟེང་ན་མཆོག་གསུམ་ལྷ་ཡིས་ཁྱེད་ཉིད་སྲུང་།།
བར་ན་མཁས་གྲུབ་སྟོང་གིས་ཁྱེད་ཉིད་བཀུར།།
མཐའ་ན་སློབ་འབངས་བྱེ་བས་ཁྱེད་ཉིད་བསྐོར།།
ལུང་རྟོགས་བསྟན་པའི་ཉི་མ་ནུབ་མེད་ཤོག།
—–བོན་བརྒྱ་དགོན་བསྟན་འཛིན་མཆོག་གྲུབ།
རྒྱལ་བ་སྲས་བཅས་བརྩེ་ཆེན་དབྱིངས་རིམ་ནས།།
མདོ་སྔགས་རྫོགས་གསུམ་རྟ་བདུན་དབང་པོའི་འོད།།
མངོན་པར་འདྲེན་མཛད་གཤེན་གྱི་ཞལ་ཚབ་མཆོག།
བསྐལ་བཟང་མགོན་དུ་བཞུགས་ལ་ཤིས་པ་སྩོལ།།
འགྱུར་མེད་སྐུ་ལ་མཚན་དཔེའི་མདངས་འབར་ཞིང་།།
འགག་མེད་གསུང་ལ་ལེགས་བཤད་གཏེར་མངའ་བ།།
འཁྲུལ་མེད་ཐུགས་ལ་མཁྱེན་བརྩེའི་རྩལ་རྫོགས་པ།།
བསྟན་འགྲོའི་མགོན་དུ་རྟག་བཞུགས་གསོལ་བ་འདེབས།།
—–འཕྲིན་ལས་ཉི་མ། བོན་བརྒྱ་དགོན།
ལྗོངས་དེའི་བསོད་ནམས་མཛད་མེད་ཆུ་བོ་བཞིན།།
ཁོང་གི་སྐུ་ཚེ་ཧྲིལ་བོའི་སྤྱན་ཟུང་དེ།།
རིས་མེད་འགྲོ་ལ་རྟག་ཏུ་གཟིགས་གནང་བའི།།
མཆོག་གྱུར་བླ་མ་ཡུལ་དེའི་གཙུག་ཏུ་བཀུར།།
གང་སྐུ་གསེར་གྱི་ཉི་འོད་བཞད་པ་འདི།།
རྐང་གཉིས་མིི་ཡི་མགོན་དུ་ཤར་བ་དེ།།
བསྐལ་བ་ཁྲི་རུ་འཆར་བའི་སྨོན་འདུན་དེ།།
ནམ་ཡང་ནུབ་པ་མེད་པར་རྟག་བརྟན་ཤོག།
—–གཡུ་ཆུང་། རྟོགས་ལྡན་དགོན།
རབ་འབྱམས་ཞིང་དུ་བོན་གྱི་འཁོར་ལོ་བསྐོར།།
རབ་མང་གྲུབ་མཐའི་ཁྲོད་ན་བོན་བསྟན་ཞེས།།
རབ་ཏུ་འབར་བའི་མཚན་སྙན་མངོན་མཐོ་ཞིང་།།
རབ་དཀར་གངས་རིའི་གཏོས་དང་མཉམ་པར་བྱས།།
བོན་བསྟན་གསེར་གྱི་ཉི་གཞོན་འཛུམ་པ་ལ།།
བླ་མ་ཁྱེད་ནི་འདྲེན་པའི་སྐྱ་རེངས་དངོས།།
བོན་འབངས་སྐྱིད་ལ་རོལ་བའི་དུས་དེ་རིང་།།
དཔོན་གསས་ཁྱེད་ཀྱི་སྐུ་དྲིན་ཡང་ཡང་དྲན།།
—–རྟོགས་གྲྭ་ཚེ་དབང་རྒྱལ་མཚན།
གཤེན་རབ་དམུ་ཐག་སྔོན་ཚེ་སྟོད་ནས་མཆེད།།
མཆེད་པའི་འཕྲིན་ལས་འགྲོ་བའི་དཔལ་གཅིག་པུ།།
དེ་ཚེ་ཡ་ཐོག་རྫོགས་ལྡན་བསྐལ་བའི་མཚམས།།
གསུང་རབ་ཐུགས་གསུམ་དད་པའི་རྟེན་དུ་བསྐོས།།
སྐྱབས་རྗེ་ཁྲི་ཆེན་མཚན་དཔེ་སྨད་ནས་བཞད།།
སྙན་པའི་གདུགས་དཀར་གླིང་བཞིར་ཁད་ཀྱིས་ཚེས།།
བསྟན་འགྲོའི་འཁུར་ཆེན་སུབ་མེད་གངས་ལ་དཔར།།
དཔོན་གསས་བླ་མའི་སྐུ་ཚེ་ཡུན་བརྟན་ཤོག།
—–རྟོགས་གྲྭ་ཚུལ་ཁྲིམས་བསྟན་འཛིན།
ལུང་རིག་དབྱར་རྔ་སྒྲོགས་པའི་འདུས་སྡེ་ན།།
རྟོགས་ཆེན་སྟོང་གིས་འགྲན་ཟླ་མི་ཆོད་པའི།།
བསྟ༷ན་པའི་པད་མོ་འདབ་སྟོང་གྲོལ་བའི་གཉེན།།
ཉི་མའི་མཚན་འཆང་གང་དེར་དད་ཕྱག་བརྩེགས།།
གང་སྐུ་མི་འགྱུར་གསེར་གྱི་ལྷུན་པོ་ལ།།
གང་གསུང་དཔག་བསམ་ལྗོན་གྱི་གདམས་ངག་འབུས།།
གང་ཐུགས་འཁྲུལ་བྲལ་ཤིང་འབྲས་གཡུར་དུ་སྨིན།།
གང་ཉིད་གཡོ་མེད་ཁྲི་རུ་བརྟན་བཞུགས་གསོལ།།
—-སྤུ་བླ་ནམ་མཁའ་རྒྱལ་མཚན།
སྤངས་རྟོགས་ཡོན་ཏན་ལྷུན་པོའི་གཏོས་དང་མཉམ།།
རྒྱུན་བཞིའི་འབྲས་བཟང་སྲིད་ན་གཡུར་ཟ་ཞིང་།།
ཟབ་རྒྱས་འཕྲིན་ལས་རྣམ་བཞིའི་འགྲོ་འདྲེན་པ།།
རྒྱལ་བ་སྨན་རི་སྐུ་ཚེ་ཁྲི་ལོར་ཤོག།
ཐུགས་ཀྱི་བཞེད་དགོངས་མུ་མེད་ནམ་མཁའི་ཁྱོན།།
གེགས་མེད་རང་བཞིན་ལྷུན་གྱིས་འགྲུབ་གྱུར་ཞིང་།།
སྐྱེ་དགུའི་གཏན་གྱི་སྐྱབས་གནས་དམ་པ་རུ།།
འགྱུར་མེད་དྲུང་མུའི་སྐུ་རུ་བརྟན་བཞུགས་གསོལ།།
——-ཛ་རོང་ཤེས་རབ་སྐལ་བཟང་།
བཤེས་གཉེན་བརྒྱ་ཕྲག་བསྟན་འགྲོའི་རྒྱན་དུ་མཛེས།།
ཐོས་བསམ་འཆད་ཉན་ཕན་བདེའི་ཐབས་གཅིག་པུ།།
གོ་ལའི་ཁྱོན་དུ་སྙན་པར་གྲགས་མཛད་པའི།།
གྱེར་བསྟན་སྲོག་གི་ཀ་བ་སྨན་རི་བ།།
སྐྱེ་མེད་ངོ་བོ་སྟོང་ཆའི་ཀློང་དབྱིངས་ནས།།
འགག་མེད་མཚན་བཅས་བོན་གྱི་སྐུར་བསྟན་པའི།།
རིག་འཛིན་སེམས་དཔའི་ཚུལ་བཞེངས་དཔོན་གསས་རྗེ།།
བསྐལ་བརྒྱའི་བར་དུ་བསྟན་དོན་འཚོ་བར་ཞུ།།
—–རག་བཙུན་དྲུང་ཉི།
དཀའ་གནད་རྫུབས་སུ་བརྡར་ཤའི་ཟེར་མ་བྲན།།
གཟུ་ལུམས་གདུལ་བྱར་རིག་པའི་ངོ་སོ་བསྟན།།
དྭངས་གསལ་སྒྲ་དབྱངས་གཉིད་ཀྱི་སྐྱེ་བོ་དཀྲོགས།།
རིགས་ལམ་འཕྲུལ་གྱི་ཟོར་ཁས་རྨོངས་གདོན་བསྐྲད།།
སྐུ་གཟུགས་འཁྲི་ཤིང་བཞའ་དང་དཔའ་ཆ་ཐང་།།
བློ་གྲོས་འོག་གཞི་མེ་ཏོག་འཇའ་ཚོན་བཀྲག།
ངག་དབང་སྨྲ་བ་འོད་ཀྱི་བྱེ་མར་འཐབ།།
འཕྲིན་ལས་ཆུ་གཏེར་ཆུ་ཡི་ཁ་འཛིན་ཤོག།
—–སྟོང་སྐོར་ལྕགས་འབུམ་རྒྱལ།
མཁྱེན་གསུམ་རྩལ་རྫོགས་ཡེ་ཤེས་བོན་སྐུའི་ཀློང་༎
རྫོགས་སྐུའི་ཁྱབ་བདལ་རྒྱུ་བའི་བརྟུལ་ཞུགས་འཁུ༎
འོད་ཟེར་སྟོང་ཕྲག་སྤྲུལ་སྐུའི་འགྲོ་དོན་མཛད༎
སྐུ་གསུམ་ངོ་བོ་ཁྲི་འཛིན་ཁྱེད་ལ་གུས༎
རྣམ་འདྲེན་རྒྱལ་བའི་རྒྱལ་ཚབ་དངོས་བྱོན་པ༎
རྣམ་དག་སྡེ་སྣོད་གཞུང་ལུགས་ཕུགས་སུ་ཆུད༎
རྣམ་དཀར་བསྟན་པའི་བདག་ཉིད་འགྲོ་བའི་མགོན༎
རྣམ་གསས་བླ་མའི་སྐུ་ཚེ་བརྟན་བཞུགས་གསོལ༎
—–ཁྲོམ་མེ་ལྷ།
རྒྱལ་ཀུན་མཁྱེན་བརྩེ་ནུས་སྟོབས་གཅིག་བསྡུས་པ།།
རྣམ་དག་ངུར་སྨྲིག་གར་གྱི་རྣམ་རོལ་པ།།
སྙིགས་དུས་བསྟན་འགྲོའི་རྒྱན་མཆོག་ཁྱེད་གཅིག་པུ།།
འདྲེན་མཛད་ལུང་རྟོགས་བསྟན་པའི་ཉི་མ་མཆོག།
མི་འཇིགས་གདོང་ལྔས་བཏེགས་པའི་གཡུང་དྲུང་ཁྲིར།།
ཞབས་པད་བརྟན་ཅིང་འགྲོ་ལ་བརྩེ་གཟིགས་ནས།།
མི་གཡོ་བསྟན་པའི་རྒྱལ་མཚན་འདེགས་པའི་ཕྱིར།།
བསྐལ་པའི་བར་དུ་བརྟན་པར་བཞུགས་གསོལ་འདེགས།།
—–ཉི་མ་རབ་འབྱམས། བྲག་དབེན་དགོན།
ཞྭ་དཀར་བསྟན་པའི་མངའ་བདག་སྨན་རི་བ།།
གངས་ལྗོངས་རྒྱལ་བསྟན་གསལ་བའི་སྒྲོན་མེ་མཆོག།
མདོ་སྔགས་རིག་པའི་བང་མཛོད་ཕྱོགས་མཐའ་ཁྱབ།།
ཁྲི་འཛིན་སོ་གསུམ་མཆོག་ལ་གུས་ཕྱག་འཚལ།།
ཐེག་རིམ་དགུ་དང་སྒོ་མཛོད་ཕྱི་ནང་གསུམ།།
བསླབ་པ་གསུམ་གྱི་ཉམས་ལེན་ངང་དུ་རྫོགས།།
བྱང་ཆུབ་སེམས་ཀྱིས་མངའ་བདག་འགྲོ་བའི་མགོན།།
སྐུ་ཚེ་བསྐལ་་བརྒྱའི་བར་དུ་བརྟན་བཞུགས་གསོལ།།
—–ཁམས་ཟླ་ཁྱུང་ཚེ་དབང་མཐར་ཕྱིན།
རྒྱལ་ཀུན་ངོ་བོ་གཅིག་བསྡུས་བོན་གྱི་རྗེ།།
རྒྱལ་བ་གཉིས་པ་མཉམ་མེད་བླ་མའི་དོད།།
སྨན་རིའི་རིམ་བྱོན་ནོར་བུ་དོ་ཤལ་ལས།།
ལུང་རྟོགས་བསྟན་ཉི་གུས་པས་ལན་བརྒྱར་འདུད།།
ལུང་རིག་རྒྱ་མཚོ་མཁའ་དབྱིངས་རབ་འབྱམས་ལས།།
ཉམས་རྟོགས་རིལ་བུ་སྦྲང་ཆར་སིབ་སིབ་འབབས།།
བསྟ༷ན་པའི་པད་ཚལ་སྔར་བས་ཆེས་ཆེར་བརྟས།།
ཉི་མ་དྲོད་ཁོལ་ཡལ་མེད་བསྐལ་བརྒྱར་བརྟན།།
—-སེ༔དྲུང་མུ་ཀྱིན་ཀླུང་།
གཤེན་བསྟན་ཉི་གཞོན་དགུང་དུ་རབ་འདེགས་པའི།།
རྒྱལ་བ་སྨན་རིའི་རིང་ལུགས་འཁྲུལ་མེད་གང་།།
ས་གསུམ་རྒྱན་དུ་འདྲེན་པའི་མཁན་ཆེན་མཆོག།
བསྟན་འགྲོའི་དཔལ་དུ་བསྐལ་བརྒྱར་བརྟན་བཞུགས་གསོལ།།
ལུང་བོན་སྡེ་གསུམ་འོད་བརྒྱས་རྨོངས་མུན་ཆོམ།།
རྟོགས་པ་བསླབ་གསུམ་པདྨོ་ས་སྟེང་ཁྱབ།།
མདོ་སྔགས་རྫོགས་གསུམ་བསྟན་པའི་རྒྱལ་མཚན་སྒྲེང་།།
ངོ་བོ་སྐུ་གསུམ་ཉི་མ་རྟག་འཆར་ཤོག།
—–རེབ་གོང་བ་དོན་གྲུབ་རྒྱལ།
བདག་གི་མགོན་གྱུར་སྐྱབས་རྗེ་སྨན་རི་བ།།
སྐུ་ཚེ་ཁྲི་ལོར་བརྟན་པའི་རེ་སྨོན་ཞིག།
མདོ་སྨད་བྱང་ཕྱོགས་བོན་བརྒྱ་ཁྱུང་དགོན་ནས།།
དད་པའི་ཕྱག་ཟུང་སྙིང་ཁར་སྦྱར་ཏེ་བཏབས།།
ཁྱེད་སྐུ་ཉི་མའི་འོད་བཞིན་རྒྱས་གྱུར་ཅིག།
ཁྱེད་གསུང་དབྱར་ཁའི་འབྲུག་ལྟར་གྲགས་པར་སྨོན།།
ཁྱེད་ཐུགས་ནམ་མཁའི་ཀློང་ལྟར་ཡངས་པ་ལས།།
ཉམ་ཐག་འགྲོ་བ་སེམས་ཅན་སྐྱོབས་པར་མཛོད།།
—–བོན་བརྒྱ་ཤེས་རབ་བསྟན་འཛིན།
བསླབ་གསུམ་རྣམ་པར་དག་པའི་བླ་མ་དང་།།
འདུལ་ཁྲིམས་མིག་བཞིན་སྲུང་བའི་དམ་པ་ཉིད།།
བོན་བསྟན་འཛིན་སྐྱོང་སྤེལ་བའི་བདག་ཉིད་མཆོག།
ལུང་རྟོགས་བསྟན་པའི་ཉི་མ་རྟག་བརྟན་ཤོག།
སྐྱབས་སུ་མཆིའོ་བསྟན་པའི་ཉི་མ་ལགས།།
བསྟན་དང་འགྲོ་བའི་དོན་ལ་ཞིང་འདིར་བྱོན།།
མ་འོངས་ལོ་དང་ཟླ་བའི་དུས་ཚོད་ལ།།
ཡུན་དུ་བཞུགས་པའི་སྨོན་ལམ་སྙིང་ནས་འདེབས།།
—-རྟོགས་ལྡན་གདོང་བསམ་འགྲུབ།
མུན་པའི་ཁུག་ཟུར་དེ་ནས་ཤེད་ཀྱིས་བུས།།
ཧི་ལའི་རྫ་མགོ་ཡི་ན་ཞབས་རྗེས་བོར།།
སྐྲ་སེར་མིག་ལྗང་ས་ནས་ཕ་མཁར་བཞེངས།།
གཡུང་དྲུང་ཁ་ཡིག་ཅན་ལ་བཀའ་དྲིན་བསྩལ།།
ཇི་སྲིད་སྐྱེ་དགུ་གནས་པ་དེ་ལྟར་དུ།།
དཀྱིལ་འཁོར་འདོར་ལེན་མེད་པར་ལྷམ་མེར་ངང་།།
དཀར་ནག་སེར་གྱི་སྤྱི་བོ་ཏི་སེ་རུ།།
བཀྲ་ཤིས་དགའ་སྟོན་རྒྱས་པའི་གསོལ་བ་འདེབས།།
—–ཡབ་གཞིས་ཤེས་རབ་མཐར་ཕྱིན།
སྐྱེས་ནས་ཁྱེད་འོད་རེ་བ་ལས་གྱིས་གྲུབ།།
དྲོད་ཁོལ་ཡལ་དུ་མེད་པ་སྣང་བྱེད་སྐུ།།
ཐམས་ཅད་དྲོད་ཀྱིས་སྐྱོངས་བའི་སྨན་རི་བ།།
པདྨའི་མདངས་བཞིན་མཛེས་པའི་སྨོན་ཚིག་འབུལ།།
སྐྱེས་ནས་དངོས་འཇལ་མ་ཐོབ་ང་ཡི་ལས།།
བསྟན་པའི་ཁུར་ཆེན་འཁུར་བ་ཁྱེད་ཀྱི་ཐུགས།།
དམ་བཅའ་ལྷོད་དུ་མེད་པའི་སྨན་རི་བ།།
སྨོན་ལམ་རྒྱང་ནས་ཕྱག་གསུམ་ཁྱེད་ལ་འབུལ།།
—–རེབ་སྐྱིད་ཡར་འཕེལ།
སྲིད་ཀྱི་མཛད་པས་སྙན་པ་མི་འཚོལ་ཞིང་།།
བོན་གྱི་འཁོར་ལོས་རིས་སུ་མི་བྱེད་པའི།།
གྱེར་གྱི་སྟོན་པ་ཆེན་པོ་སྨན་རི་བ།།
སྐལ་ལྡན་གདུལ་བྱའི་མགོན་དུ་ནམ་ཡང་འོས།།
གངས་སྐྱེས་གཤེན་གྱི་རིག་གཞུང་རླབས་པོ་ཆེ།།
ཁ་བའི་གཅེས་ནོར་མཁྱེན་པའི་ཐུགས་སྟོབས་ཅན།།
ཕ་ཆོས་ཕྱོགས་ཀུན་སྤེལ་མཛད་སྨན་རི་བའི།།
སྐུ་དྲིན་ས་ཡ་དྲུག་གིས་དྲན་ན་འོས།།
—–བསམ་འགྲུབ་རྒྱ་མཚོ། ཡོ་རོབ།
རབ་འབྱམས་རྒྱལ་བ་མཐའ་ཀླས་འབྱུང་བའི་གཞི།།
རབ་འབྱམས་ཀ་དག་ཁྱབ་བདལ་རོལ་བའི་རྒྱན།།
རབ་འབྱམས་གདུལ་བྱའི་གཙུག་རྒྱན་སྨན་རི་བའི།།
རབ་འབྱམས་འཕྲིན་ལས་རྟག་ཏུ་རྒྱས་པར་ཤོག།
འགྱུར་མེད་སྐུ་ཡི་ལྷུན་པོ་རྨད་དུ་བྱུང་།།
འགག་མེད་གསུང་གི་བདུད་རྩི་ཀུན་ཏུ་སྙོམས།།
འཁྲུལ་མེད་ཐུགས་ཀྱི་མཁྱེན་བརྩེའི་ཟླ་བ་རྒྱས།།
གང་སྐུ་འགྱུར་མེད་བསྐལ་བརྒྱར་བརྟན་གྱུར་ཅིག།
——-ལེགས་ལྡན་རྒྱ་མཚོ། བོན་བརྒྱ་དགོན།
ཉེར་གཅིག་ཞང་བོད་རིག་པའི་དཔའ་བོ་ཆེ།།
བདེན་སྟོབས་བསྟན་པའི་ཀ་ཆེན་འདེགས་མཁས་པའི།།
ངུར་སྨྲིག་ཅོད་པན་འཆིང་བའི་སེང་ཆེན་གང་།།
སྨན་རི་མཁན་པོ་སྲིད་ཞིའི་མཐར་ཡང་རྒྱལ།།
ལུང་རྟོགས་བསྟན་པའི་གསལ་བྱེད་འོད་པོ་ཆེ།།
འགྱུར་མེད་གཡུང་དྲུང་ཁྲི་ནས་ཡུན་བཞུགས་ཏེ།།
གངས་ལྗོངས་མེས་པོའི་ཟུངས་ཁྲག་བཅུད་འབར་བར།།
ཉི་མའི་འོད་བཞིན་གདུལ་བྱ་སྐྱོང་བར་ཤོག།
—–སྙན་བཟང་བྱམས་པ།
རྒྱལ་བའི་ཐུགས་བཅུད་མདོ་སྔགས་རྫོགས་གསུམ་བོན།།
གང་སྐུའི་ཐུགས་ལ་རིན་ཆེན་མཛོད་དུ་བལྟམས།།
དེང་འདིར་གཤེན་བསྟན་སྲིད་པའི་རྩེ་མོ་ལ།།
མཐོན་པོར་བསྒྲེངས་བ་ཁྱོད་ཀྱི་ཁུར་དུ་ལྕི།།
མདོ་སྔགས་བཤད་སྒྲུབ་བསྟན་པའི་སྲོལ་ཆེན་པོར།།
འཆད་རྩོད་རྩོམ་པའི་རིག་པའི་སྒྲོ་འདོགས་བཅད།།
འཛམ་གླིང་ཕྱོགས་ཀུན་སྤེལ་བའི་སྣང་བྱེད་མགོན།།
རྒྱལ་བ་སྨན་རིའི་སྐུ་ཚེ་བརྟན་གྱུར་ཅིག།
—–སྙན་བཟང་པ་མཁར་བྱམས་ཐར།
དུས་རབས་ཕྱེད་ལྷག་བོད་ཀྱི་བསྟན་སྲིད་ཆེད།།
འཁུར་བབ་ཐུགས་འགན་རླབས་ཆེན་སྙིང་སྟོབས་ཀྱིས།།
སྐུ་ངལ་ཁྲི་སྟོང་ཁྱེད་ཉིད་ཁོ་ན་ཡིས།།
མཁས་མཛངས་འཁྲུལ་གྱིས་གཞོམས་ཚུལ་བརྗོད་ལས་འདས།།
དཔའ་བ་བཙན་པོའི་རྒྱུད་པའི་གཟི་མདངས་ལ།།
མཁས་པ་རིག་པའི་ཞིང་གི་རྣམ་དཔྱོད་ཀྱིས།།
གངས་ཅན་གཤེན་བསྟན་ནམ་མཁའ་གར་ཁྱབ་དུ།།
རིགས་པའི་ལམ་ནས་བརྡལ་མཁན་ཁྱོད་ལ་འདུད།།
—–ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར།
ཁྲི་གདུགས་ཉི་མ་ཏི་སེའི་ཤར་ནས་འཛུམ།།
ཁྲི་ཕྲག་གདུལ་བྱ་འཕགས་པའི་ཞིང་ནས་བསྐྱངས།།
ཁྲི་ཐུབ་གཡུང་དྲུང་སྐུ་ཡི་བླ་མ་སྟེ།།
ཁྲི་འཛིན་སོ་གསུམ་སྐུ་ཚེ་ཁྲི་ལོར་ཤོག།
ལུང་གི་བོན་ལ་གཟི་འོད་བཀྲག་མདངས་འཕྲོ།།
རྟོགས་པའི་བསླབ་པར་ཟབ་མོ་ཆུ་གཏེར་ཀློང་།།
མདོ་སྔགས་བསྟན་པའི་འོད་སྣང་འགྲེམས་མཛད་པ།།
སྲིད་པའི་སྒྲོན་མེ་ཉི་མ་རྟག་འཆར་ཤོག།
—–སྙན་བཟང་ཤེས་རབ་དབང་རྒྱལ།
རྒྱལ་བ་མཉམ་མེད་བསྟན་པ་སྙན་འདྲེན་སྤེལ།།
ཚུལ་ཁྲིམས་དྲི་བཟང་སྐྱེད་ཚལ་དབུས་ནས་ཐུལ།།
ལྟ་སྒོམ་སྤྱོད་གསུམ་ལྷད་མེད་ཉི་མའི་མདངས།།
བཀའ་དྲིན་སུམ་ལྡན་རྒྱལ་བ་སྨན་རི་བ།།
སྐུ་གང་མཚན་དཔེ་འཛམ་གླིང་ཐོག་ནས་ཞེས།།
བསྟན་འགྲོའི་འཕྲིན་ལས་འཕགས་པའི་ཡར་ངོས་མཛད།།
སུམ་ལྡན་བླ་མ་ཁྱེད་ཀྱི་མུན་པ་གསལ།།
གངས་རིའི་ཨ་ཇོ་རྒྱལ་བ་སྨན་རི་བ།།
——ལི་ཟླ་བ་གྲགས་པ།
དབང་དང་ལུ༵ང་གི་འོད་ཟེར་ཕྱི་ནས་འཕྲོས།།
ཉམས་དང་རྟོག༵ས་པའི་བདེ་དྲོད་ནང་ནས་འབར།།
གཤེན་རབ་བསྟ༵ན་པ༵འི་མངའ་བདག་སྨན་རི་བ།།
གཙུག་གི་ཉི༵་མ༵་གཞོན་ནུ་ཁྱེད་མིན་སུ།།
ཁྱེད་ནི་སྲིད་པ་གསུམ་གྱི་མེས་པོ་ཡིན།།
ཁྱེད་ནི་བསྐལ་པ་དགུ་ཡི་མངའ་བདག་ཡིན།།
ཁྱེད་ནི་འབྱུང་བ་ལྔ་ཡི་སྙིང་ཕུར་ཡིན།།
ཁྱེད་ཀྱི་གསང་གསུམ་འགྱུར་མེད་རྟག་བརྟན་ཤོག།
—-ཏི་སེའི་བུ།
བླ་མ་བཟང་པོ་སྨན་རིའི་ཁྲི་འཛིན་མཆོག།
དུས་ཀྱི་བསྐལ་བ་ནམ་ཞིག་མ་སྟོང་བར།།
བོན་གྱི་བསྟན་པས་འགྲོ་དྲུག་ཡོངས་སྐྱོང་ནས།།
འཇིག་རྟེན་མི་ཡུལ་བོན་བསྟན་རྒྱས་པར་ཤོག།
རྗེ་བཙུན་བླ་མ་སྨན་རིའི་ཁྲི་འཛིན་མཆོག།
ཐུགས་ཀྱི་བྱམས་མདངས་དགུང་སྔོན་ཉི་མ་འདྲ།།
གསུང་གྱི་གདམས་ངག་མུན་པའི་སྒྲོན་མེ་ཡིན།།
དྲིན་ཆེན་བླ་མ་མཇལ་ཡུན་རིང་བ་ཤོག།
—–རྔ་བ་ཀུན་བཟང་།
བོན་བསྟན་འཆད་རྩོད་རྩོམ་པའི་ཐོས་བསམ་མཁས།།
ཚུལ་བཞིན་ཉམས་སུ་ལེན་མཁན་མཆོག་གྱུར་བ།།
བྱམས་བརྩེ་ཀུན་ལ་ཁྱབ་པའི་བསྟན་འཛིན་ཁྱེད།།
འགྲོ་བ་ཡོངས་ཀྱི་སྐྱབས་གནས་ཁྱེད་གཅིག་པུ།།
རྨོངས་པར་འཐུབ་པའི་འཇིག་རྟེན་མྱི་བོ་རྣམས།།
མུན་པའི་གསལ་ཆ་འབྱེད་མཁན་སྟོན་པའི་སྒྲོན།།
ཤེས་བྱ་ལུང་རིགས་དོན་རྟོགས་ཀུན་མཁྱེན་རྗེ།།
བསྟན་པའི་ཉི་མ་ཁྱེད་ཉིད་གུས་པས་འདུད།།
—-རིག་འཛིན་རྒྱ་མཚོ། ཞལ་བཞེས་དགོན།
མཁྱེན་བརྩེ་སྟོབས་ལྡན་འགྲོ་འདུལ་སྨན་རི་བ།།
འཛམ་གླིང་མཛེས་བྱེད་རབ་འབྱམས་མཁྱེན་པའི་མཆོག།
མཁྱེན་རབ་ལུང་རྟོགས་མཉམ་པའི་ཐུགས་རྗེ་ཅན།།
ལམ་མཆོག་བསྟན་པའི་རིགས་བཟང་ཉི་མར་ཤར།།
རབ་འབྱམས་འགྲོ་བའི་མགོན་པོ་དབང་བསྒྱུར་མཆོག
སྙིགས་མའི་མགོན་དུ་སྐྱེས་བར་སྐུར་བཞེངས་དུས།།
སེམས་ཅན་མ་ལུས་འདྲེན་པའི་འགྲོ་བའི་མགོན།།
སྐུ་ཚེ་བསྐལ་བ་རྒྱ་མཚོར་བཞུགས་སུ་གསོལ།།
——ཉག་རོང་པ་བསྟན་འཛིན་རྒྱལ་པོ།
བརྩེ་ཆེན་བྱམས་པའི་བདུད་རྩིའི་བོན་གྱི་ཆར།།
གཤེན་བསྟན་པདྨ་དཀར་པོའི་དགའ་ཚལ་དུ།།
འབེབས་མཁས་ལུང་རྟོགས་ཡོན་ཏན་ཀུན་རྫོགས་པའི།།
སྨྲ་དབང་བསྟན་པའི་ཉི་མའི་ཞབས་པད་བརྟན།།
སྲིད་ཞིའི་ཚ་གདུང་སེལ་བ་ནོར་གྱི་ཕུལ།།
གཤེན་བསྟན་གདུགས་དཀར་ཕན་བདེ་གྲིབ་བསིལ་ཅན།།
སྙིགས་མའི་དུས་སུ་མ་ཉམས་གླིང་བཞིའི་མཁར།།
སྒྲེང་མཁས་སྨན་རིའི་དབང་བོར་གསོལ་བ་འདེབས།།
—– རེབ་གོང་པ་གཟི་མིག
སྐྱེ་མེད་ངོ་བོ་གདོད་དག་སྣང་བའི་སྐུ།།
མ་འགག་རྒྱུན་མེད་བདུད་རྩི་བཀྲ་བའི་གསུང་།།
ཟབ་ཡངས་མཁྱེན་གཏེར་ཆུ་འཛིན་དཀར་པོའི་ཐུགས།།
མ་ངེས་ལྔ་ལྡན་སྤྲུལ་བའི་བླ་མར་རྨད།།
ཞང་བོད་ལུང་རྟོགས་བསྟན་པའི་ཉིན་བྱེད་ཀྱིས།།
ཐོས་བསམ་རིག་པའི་དྲྭ་བ་འོད་འབྱེད་ཞིང་།།
དེང་འདིར་བཀའ་དྲིན་ཟབ་མོ་སླར་དྲན་ནས།།
མི་ཕྱེད་དད་པའི་ཐལ་མོ་སྙིང་ཁར་སྦྱར།།
—–འཆི་མེད་གཡུང་དྲུང་། བོན་བརྒྱ་དགོན།
གཤེན་བསྟན་ཕྱོགས་མཐར་སྤེལ་བའི་སྒྲོན་མེ་མཆོག།
དུག་ལྔའི་གཅོང་ནད་སེལ་བའི་སྨན་མཆོག་རྒྱལ།།
འགྲོ་དྲུག་མགོན་དུ་ཕེབས་པའི་སྐྱབས་གཅིག་པུ།།
ལུང་རྟོགས་བསྟན་པའི་ཉི་མར་གུ་དུན་ཧྲུན།།
ཁྱེད་སྐུ་ལྷུན་པོ་ཉ་གང་ཟླ་བ་བཞིན།།
མི་འགྱུར་གཡུང་དྲུང་ཁྲི་ལ་རྟག་བརྟན་ནས།།
བོན་འབངས་ཡོངས་ཀྱིས་རེ་འབྲས་སྐོང་བའི་ཕྱིར།།
འགྲོ་ཀུན་མ་རྫོགས་བར་དུ་བཞུགས་སུ་གསོལ།།
—–ཁམས་བཙུན་སངས་རྒྱས་བསྟན་འཛིན།
ལུང་རིགས་སྨྲ་བའི་མཁས་པའི་དབང་པོ་མཆོག།
སྡེ་སྣོད་ཀུན་ལ་རྟོགས་པ་མངའ་བརྙེས་ཤིང་།།
བསླབ་གསུམ་བསྟན་པའི་རྒྱུད་འཛིན་ཉི་མ་དེར།།
སྒོ་གསུམ་གུས་པས་འདུད་དོ་ལན་བརྒྱར་བསྟོད།།
སྐུ་ཡི་མཚན་བཟང་ཀུན་མཁྱེན་ཇི་ལྟ་བ།།
གསུང་གི་བོན་སྒྲ་སྟོང་གསུམ་ཡོངས་ཁྱབ་ཅིང་།།
ཐུགས་ཀྱི་སྒོམ་པ་ཏིང་འཛིན་དབང་འབྱོར་བའི།།
གྲུབ་པའི་ཁྱུ་མཆོག་རྟག་ཏུ་རྒྱལ་གྱུར་ཅིག།
—–མཐའ་རུ་ཕྱིན་པ། ཤར་རྫ་རི་ཁྲོད།
གྲུབ་མཐའི་རྒྱལ་པོ་ལུང་རྟོགས་གཡུང་དྲུང་བོན༎
འཛིན་སྐྱོང་སྤེལ་ལ་འགྲན་པའི་ཟླ་བྲལ་བ༎
སངས་རྒྱས་སྟོང་གི་གདུང་སོབ་ཁྲི་འཛིན་རྗེ༎
བསྟན་པའི་ཉི་མའི་ཞབས་ལ་གསོལ་བ་འདེབས༎
རྒྱལ་གཤེན་བསྟན་པའི་དབུ་འཕང་དར་བ་དང་༎
བདག་སོགས་ཡིད་ཅན་སྐྱབས་མགོན་དཔུང་གཉེན་དུ༎
ཇི་སྲིད་ཉི་ཟླའི་བགྲོད་པ་མ་འགག་པར༎
དེ་སྲིད་ཞབས་པད་ཞིང་འདིར་རྟག་བརྟན་ཤོག།
—-ཚ་རོང་བ་ཁྲོ་བླ་རྣམ་རྒྱལ།
གཡུང་དྲུང་བོན་གྱི་དབུ་ཁྲིད་སྨན་རི་བ།།
རྒྱལ་གཤེན་བསྟན་པའི་མེ་རོ་གསོ་བའི་རྗེ།།
རང་ཅག་བོན་འབངས་ཡོངས་ལ་བཀའ་དྲིན་ཅན།།
ཁྱེད་ལས་ལྷག་པ་སྲིད་པའི་ཁྱོན་འདིར་དཀོན།།
གྱེར་འབངས་ཀུན་གྱི་གཙུག་གི་མགོན་པོ་སྟེ།།
མཉམ་མེད་བླ་མའི་རིང་ལུགས་རྗེས་འཛིན་པ།།
སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་མཆོག།
སྐུ་ཚེ་མི་འགྱུར་བསྐལ་བརྒྱའི་བར་དུ་བཞུགས།།
—-རླུང་བུ་ནས།
གངས་ཀྱི་རྡུལ་མང་པད་དཀར་འཛུམ་ལ་བབས།།
པད་མའི་འདབ་སྟོང་ཁྱེད་སྐུའི་དཔལ་ལ་གྲོལ།།
རྟེན་འབྱུང་གིས་བསྐྱེད་དབུ་མའི་ཁྱེའུ་དང་།།
ལྷུན་འགྲུབ་རོལ་རྩལ་ལས་ཐོན་མི་བོ་ཟུང་།།
གངས་རིའི་ཕྱི་ནས་སྲུང་བའི་ལྕགས་རི་དང་།།
བོད་མིའི་སེམས་ལ་འབར་བའི་དད་སྟོབས་ཡིན།།
དེ་རིང་ཉི་མའི་འོད་སྣང་མཆོད་མེ་དང་།།
ཟླ་བའི་བསིལ་བ་ཡོན་ཆབ་བཀོལ་ཏེ་འབུལ།།
—–སྦྲུལ་ཞགས།
སྐུ་ཡི་སྲས་པོ་མི་ཡི་ཚུལ་དུ་བྱོན།།
སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཛོད་འཛིན་པ།།
གཡུང་དྲུང་བོན་གྱི་བདག་ཉིད་རིན་པོ་ཆེ།།
ཁྱེད་སྐུའི་མཛད་པ་འཕྲིན་ལས་འོད་ཀྱིས་འཚེར།།
གདོད་མའི་ཆོས་ཀྱི་སྲོག་གི་གཙུག་འཛིན་པ།།
བདུད་དཔུང་མ་ལུས་འཇོམས་མཛད་གསུང་གི་དཔལ།།
ཁམས་གསུམ་འཁོར་བའི་གྲོང་ལ་བྱིན་གྱིས་བརླབས།།
སྐུ་ཚེ་མི་འགྱུར་གཡུང་དྲུང་རབ་བརྟན་ཤོག།
——མ་སྐྱེས་མེ་ཏོག
དབུ་ལ་ཞྭ་དཀར་ཅོད་པཎ་མཛེས་པར་གསོལ།།
སྐུ་ལ་གོས་སྔོན་ན་བཟའི་རྣམ་པ་བཀླུབས།།
གསུང་ལ་བོན་གྱི་སྒྲ་དབྱངས་ལྷང་ངེ་ལྷང་།།
ཐུགས་ལ་བརྩེ་ཆེན་སྙིང་རྗེའི་འགྲོ་དོན་པ།།
ཕྱི་ན་འདུལ་ཁྲིམས་གཙང་མའི་རྣམ་པ་མཛེས།།
ནང་ན་བྱང་སེམས་བསླབས་པའི་གཤིས་རྒྱུད་གཙང་།།
གསང་བ་ཉམས་དང་རྟོགས་པའི་འཕེལ་ཁ་ཅན།།
འཛམ་གླིང་མཛེས་པའི་གཙུག་རྒྱན་སྨན་རི་བ།།
—–དབྲ་དཀར་གཞན་ཕན་ཤེས་རབ།
རྟོག་པའི་དྲ་བ་སེལ་ལ་བློ་མངའ་བ།།
བློ་སྦྱོང་ཆོས་ཀྱིས་རང་སེམས་རབ་དུལ་བ།།
གཞན་དོན་འཁུར་དུ་སྤྲོ་བའི་དཀྱེལ་ཡངས་ཀྱེ།།
ཁྲི་འཛིན་ཁྱེད་ཉིད་བསྟན་པའི་གཙིག་གི་རྒྱན།།
འགྲོ་བའི་སྡུག་བསྔལ་སེལ་ལ་མི་ངལ་ཞིང་།།
བདེ་སྐྱིད་ཉི་གསར་འདྲེན་ལ་མཐུ་ལྡན་པ།།
སྐྱེས་ཆེན་ཁྱོད་སྐུ་རི་བརྗིད་ལྷུན་པོ་གང་།།
སྐུ་ཚེ་བསྐལ་བརྒྱར་བཞུགས་ལ་གསོལ་བ་འདེབས།།
—–འདྲེ་རྐང་འཇིབ། ཧྥ་རིན་སི།
ཕུན་ཚོགས་ལུང་རྟོགས་གསེར་གྱི་རང་མདང་གསལ།།
རྒྱལ་གཤེན་བསྟན་པའི་སྲོག་ཤིང་སྨན་རི་བ།།
མཁྱེན་བརྩེ་ཉི་མ་འབུམ་གྱི་ལང་ཚོ་ཅན།།
དཔོན་གསས་བླ་མའི་སྐུ་གསུང་ཐུགས་ལ་འདུད།།
ལྷར་བཅས་འགྲོ་བའི་དཔུང་གཉེན་དམ་པ་རུ།།
རྒྱལ་འཕགས་གོང་མའི་རྣམ་ཐར་ལྷུར་བཞེས་ཏེ།།
ཞབས་པད་མི་འགྱུར་གཡུང་དྲུང་ཁམས་སུ་བརྟན།།
མཛད་འཕྲིན་སྣང་བས་འགྲོ་ལ་ཁྱབ་པར་ཤོག།
—-རྩེ་གཞུང་གཡུང་དྲུང་།
མཁྱེན་པའི་ངོ་བོ་གནམ་མཁའི་དབྱིངས་ལྟར་རྒྱས།།
ཐུགས་རྗེའི་འོད་ཟེར་འབུམ་གྱིས་མུན་པ་གཞིལ།།
རླབས་ཆེན་མཛད་རྗེས་ས་སྟེང་རྒྱས་མཛད་པའི།།
དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པར་སྨོན།།
སྙིགས་དུས་རྒྱུས་མེད་ས་མཐའི་ཡུལ་ཞིག་ན།།
གཤེན་རབ་བསྟན་པའི་གདན་ས་བཞེངས་མཛད་ནས།།
ས་སྟེང་གདུལ་བྱ་གྲངས་ཡས་སྐྱོང་མཛད་པའི།།
དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པར་སྨོན།།
—–ཁྲི་བཙུན་ཐར་སྐྱིད།
མཆོག་གསུམ་ཡོན་ཏན་མ་ལུས་གཅིག་ཏུ་བསྡུས།།
བསླབ་གསུམ་ཚུལ་ཁྲིམས་འཁོར་བའི་སྐྱོན་དང་བྲལ།།
རྩ་གསུམ་བདག་ཉིད་འདྲེན་པ་མཚུངས་མེད་ཁྱེད།།
ཁམས་གསུམ་སྐྱེ་དགུའི་སྤྱི་བོར་རྟག་ཏུ་བཞུགས།།
གང་སྐུ་གསེར་ཞལ་ཆུ་སྐྱེས་འདབ་མ་དགོད།།
གཞན་ཕན་ཐུགས་བརྩེ་ཉི་ཟླའི་འོད་མདངས་བཀྲ།།
རྒྱལ་བ་གཉིས་པའི་ཞལ་ཚབ་སྨན་རི་བ།།
བསྐལ་བརྒྱར་གདོང་ལྔའི་ཁྲི་ལ་བརྟན་བཞུགས་མཛོད།།
—–དུང་དཀར་བསམ་གཏན།
ཀུན་མཁྱེན་དགོངས་དངོས་གཅིག་འཆང་རྗེན་ཉིད་སྟོན།།
མཐའ་དག་རྣམ་དཔྱོད་འཕྲུལ་བློ་སྨྲ་རྩོམ་མཚར།།
མཚར་རྫོགས་ཝ་ལེར་གཞི་དབྱིངས་ཟེར་འོད་ཡོངས།།
རང་ལས་རང་ཤར་གསང་གསུམ་ལྷུན་གྲུབ་ཨ།།
ལུང་རྟོགས་མཛོད་ཆེན་མངའ་བདག་འགྲོ་བའི་མགོན།།
བསྟ༷ན་པའི་སྲོག་ཤིང་འདེགས་པའི་སེམས་དཔའ་ཆེ།།
ཉི་མའི་སྣང་བར་བསྒྲུན་པའི་སྨན་རི་བ།།
བསྐལ་བརྒྱའི་བར་དུ་སྐུ་ཚེ་བརྟན་གྱུར་ཅིག།
—-ཁྱུང་དཀར་ཟླ་བ།
འཆད་རྩོད་རྩོམ་ལ་མངའ་བརྙེས་མཁས་པའི་དཔལ།།
སྒོ་གསུམ་ཉེས་སྤྱོད་སྡོམ་པའི་བཙུན་པ་མཆོག།
གཞན་ཕན་ལྷག་བསམ་གཙང་བའི་བཟང་བོ་ཆེ།།
མཁས་བཙུན་བཟང་བོའི་དཔལ་ལ་གུས་པས་འདུད།།
སྨན་གྱི་རི་ན་ཟླ་མེད་སྟོན་པ་མཆོག།
རྨད་བྱུང་མཁྱེན་དང་བརྩེ་བའི་བདག་ཉིད་ཅན།།
ལུང་རྟོགས་བསྟན་པའི་ཉི་མ་འོད་པོ་ཆེ།།
བོན་འབངས་བྱེ་བའི་ཏོག་ཏུ་རྟག་འཆར་ཤོག།
——ཕུན་ཚོགས་སྙན་གྲགས།
ཁྱེད་སྐུའི་མཁྱེན་དང་བརྩེ་བའི་མཁའ་དབྱིངས་ལས།།
གཞན་ཕན་ཐུགས་བསྐྱེད་རྟ་བདུན་དབང་པོ་ཡིས།།
གཤེན་བསྟན་གདུལ་བྱ་བསྐྱངས་པའི་ཚ་ཟེར་གྱི།།
བཀའ་དྲིན་ཟབ་མོ་སྙིང་ནས་ཡང་ཡང་དྲན།།
སྲིད་གསུམ་འགྲོ་བའི་དེད་དཔོན་སྨན་རི་བ།།
སྙིགས་མའི་དུས་ཀྱི་ཉམ་ཐག་སེམས་ཅན་རྣམས།།
ཐར་བ་བདེ་ཆེན་ས་ལ་དགོད་ཕྱིར་ཏུ།།
ཞབས་ཟུང་འཁོར་ལོ་རྟག་བརྟན་བཞུགས་རོགས་མཛོད།།
—– དུང་དཀར་ནམ་མཁའ།
ཨ་ཐུན་བདེ་ཆེན་ཟབ་མོའི་ཐུགས་རྗེ་དེ།།
ཨ་དཀར་བསྟན་པའི་དོན་དུ་རང་བྱོན་ནས།།
ཨ་ཧཱ་གསེར་གྱི་གདམས་པ་སྙན་པའི་ཆར།།
ཨ་བུ་བདག་གིས་བཀའ་དྲིན་རྗེས་སུ་དྲན།།
ཨེ་མ་སྐལ་བཟང་དུས་ཀྱི་ཉིན་མོ་འདིར།།
སྟོང་གསུམ་མཎྜལ་ཟབ་མོའི་ཐུགས་བསྒོམ་ནས།།
ཅི་མཛད་བསྐལ་བར་བརྟན་པའི་དད་རྟེན་དུ།།
ཨ་ཅག་བོན་འབངས་ཡོངས་ནས་རེ་སྨོན་ཞུ།།
—–ཁྲི་ཀ་རིན་ཆེན་བློ་གྲོས།
འཇིག་རྟེན་རྡུལ་གྱི་ཞིང་ལ་ཚད་འཇལ་ནས།།
ཚོགས་ཞིང་གངས་གཱའི་བྱེ་མར་གྲངས་བཅད་ནས།།
ཞིང་ཁམས་གཞན་ལ་ཕྱོགས་པའི་སྤྱན་ཟུམ་ནས།།
གཟིགས་ཚད་ཏི་སེའི་གངས་ལ་དམིགས་བཟུང་ནས།།
མཚན་དཔེ་ལྗོངས་འདིར་བཞད་པ་ཐུགས་རྗེ་ཆེ།།
གཤེན་བསྟན་རྒས་པའི་ཉི་མ་ནུབ་བཞུད་ཚེ།།
སྨན་གྱི་རི་ནས་གསེར་གྱི་ཞགས་པས་བཟུང་།།
ཉི་ཟླ་ཕྲུགས་གཅིག་བཟུང་བའི་ལྕགས་ཕུར་དེ།།
སླར་ཡང་བོད་ཡུལ་གོང་ཁར་ཚུགས་དང་ལྷན།།
རྒས་ཉམས་གསོས་པས་རྒྱལ་བ་བཀའ་དྲིན་ཆེ།།
—–སྐྱིད་སྲས་དགེ་ལེགས་ཉི་མ།
གཡུང་དྲུང་ལྷ་ཡི་དམུ་ཐག་རིང་མོ་ཞིག།
འཛམ་གླིང་གོ་ལའི་སྟེང་དུ་རྐྱོང་མཁས་པ།།
སྲིད་ན་དཀོན་པའི་དྲང་སྲོང་ཨུ་དུམ་ཝར།།
ཞྭ་དཀར་བསྟན་པའི་གཙུག་རྒྱན་སྨན་རི་བ།།
མདོ་སྨད་ཤར་དུ་སྐུ་ཡི་མཚན་དཔེ་བཞད།།
ནུབ་ཀྱི་འཕགས་ཡུལ་མཛད་འཕྲིན་གོ་ལར་ཁྱབ།།
བཀའ་དྲིན་དྲན་ཕྱིར་གཏང་རག་མནྜལ་གྱི།།
མཆོད་པའི་དགའ་སྟོན་ཨེ་མ་མུ་ཙུག་སྨར།།
——ཁྲི་བདེ་མཆོག
ཞེས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཡང་སྒོས་རང་ཅག་བོན་འབངས་ཡོངས་ལ་བཀའ་དྲིན་རབ་ཏུ་ཆེ་བའི་མཉམ་མེད་རྒྱལ་བའི་གདུང་སོབ་ཆེན་པོ་འཛམ་གླིང་བོན་གྱི་གཙུག་རྒྱན་དཔོན་གསས་རྩ་བའི་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་སྐུ་ཚེ་ཧྲིལ་བོར་བསྟན་འགྲོ་སྤྱིའི་ལས་དོན་ལ་དམིགས་ནས་མཛད་འཕྲིན་བླ་མེད་གནང་སྟེ་དགུང་གྲངས་དགུ་བཅུར་ཉེ་བའི་སྐབས་དང་བསྟུན། ཁོང་གི་བཀའ་དྲིན་རྗེས་དྲན་དང་སྐུ་ཚེ་ཡུན་རིང་དུ་འཚོ་ཞིང་གཞེས་པའི་ཕྱིར་བོད་གཞིས་བྱེས་གཉིས་ཀྱི་བོན་འབངས་ཡོངས་ནས་རྣམ་དཀར་བསོད་ནམས་ཀྱི་འཚོགས་བསགས་རླབས་ཆེན་ཞུས་ཤིང་། ད་ལན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཚོགས་སྡེ་ཁག་གིས་བཀའ་དྲིན་གཏང་རག་གི་མནྜལ་བརྟན་བཞུགས་ཀྱི་མཆོད་སྤྲིན་རྒྱ་ཆེན་པོ་ཕུལ་བའི་མཛད་སྒོའི་སྐལ་བཟང་གི་ཉིན་མོ་འདི་ལ། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་ཀྱི་སྙན་ངག་པ་བརྒྱ་དང་སོ་གསུམ་གྱིས་རིན་པོ་ཆེ་སྐུ་ཚེ་ཡུན་རིང་དུ་བརྟན་པའི་སྨོན་འདུན་ནམ་ཤིས་ཚིག་«རྟག་བརྟན་གཡུང་དྲུང་གི་རང་སྒྲ»ཞེས་ཁ་བྱང་གཞིར་བཞག་ནས་དུས་གཅིག་ལ་མཉམ་འབྲི་གནང་བའི་བཅད་རྩོམ་འདི་ནི། གཅིག་ནས་རྗེ་བླ་མ་མཆོག་རྒྱལ་བ་མཉམ་མེད་ཆེན་པོའི་ཁྲི་འཛིན་སོ་གསུམ་པར་གྱུར་ཡོད་ཕྱིར་གངས་རིའི་ཕྱི་ནང་གི་སྙན་ངག་པ་བརྒྱ་དང་སོ་གསུམ་གྱི་སྙན་ཚིག་ཤོ་ལོ་ཀ་ཟུང་རེ་ཕུལ་ཡོད་ལ། སྙན་ཚིག་འདི་དག་ཀྱང་རྗེ་བླ་མ་མཆོག་དགུང་གྲངས་དགུ་བཅུར་ཉེ་བའི་རྟེན་འབྲེལ་ལ་དམིགས་ནས་ཚེག་བར་དགུ་ཅན་འབའ་ཞིག་གསར་རྩོམ་གནང་པ་སོར་བཞག་བཞིན་བསྒྲིགས་ཡོད་ལ་དུས་ཡུན་ཐུང་བའི་ནང་ཕྱག་རྩོམ་གནང་པས་རྩོམ་ཁ་ཤས་ཤིག་ལ་གཏགས་ནོར་ཤོར་ཡོད་པ་རྣམས་བཅོས་ཡོད། གཞན་ཡང་དམིགས་བསལ་ཞུ་རྒྱུ་ཞིག་ལ་རྩོམ་པ་པོ་དག་གི་མིང་བྱང་མཐོ་དམན་ལ་སོགས་ཀྱིས་སྒྲིག་སྟངས་ཀྱི་གོང་འོག་ནོར་བ་དང་ད་དུང་སྐྱོན་ཆ་དང་ཞན་ཆ་ཡོད་ངེས་པས་ཁྱེད་རྣམས་ལ་ངེད་རྩོམ་སྒྲིག་པ་ཁྲི་བདེ་མཆོག་དང་ཁྲི་ཀ་བ་སྐལ་བཟང་ཉི་མ་གཉིས་ནས་བཟོད་གསོལ་ཞུ་བ་དང་ཆབས་ཅིག་ཐུགས་རྗེ་ཆེ་དང་བཀྲ་ཤིས་བདེ་ལེགས་ཞུའོ་ཞེས་ཕྱི་ལོ་༢༠༡༦ ཟླ་༡༡ ཚེས༡ ཉིན་ལ་གདན་ས་སྨན་རིའི་གླིང་ནས།
ཁྲི་བདེ་མཆོག་གིས་མཚམས་སྦྱོར་ཞུས།
༅༅། བོན་གྱི་དགེ་བཤེས་མཁས་པ་ཁྱེད་རྣམས་ནས།
ཡག་པོ་བསྟོད་འདུག་ཡག་པོ་གསོལ་འདུག་བཀྲིས་ཤོག།
མ་འོངས་ཡག་པོ་ཡོང་སླད་ཁྱེད་རྣམས་ནས།
མུ་མཐུད་བོན་བསྟན་རྒྱས་པའི་ཐབས་ལ་འབད།
འཛམ་གླིང་བོན་གྱི་གཙུག་རྒྱན་ཁྲི་འཛིན་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་པར་སྨོན། སྙན་རྩོམ་པ་ཚོས་ཡག་པོ་བྲིས་འདུག འོན་ཀྱང་འགོ་བརྗོད་ལ་སྐྱོན་ཆ་འདུག ༼འཛམ་གླིང་བོན་གྱི་་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་མཆོག་གི་མནྜལ་བརྟན་བཞུགས་སུ་ཕུལ་བའི་ཤིས་ཚིག༽
༸ སྐྱབས་རྗེ་རྒྱལ་བ་སྨན་རི་མཆོག་ལ་ཟེར་དགོས་པར་འདོད། དེ་ཙམ་ཡིན། །
ཁྲི་འཛིན་རིན་པོ་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན་པ་འགྲོ་དོན་ཕྲིན་ལས་རྒྱས་པའི་སྨོན་འདུན་གུས་ཕྱག་བཅས་ཞུ་གསོལ་འདེབས་པའོ།
ལེགས་སོ།
བོན་བསྟན་ཡུན་རིང་གནས་པ་དང་།
ཁྲི་ཆེན་སྐུ་ཚེ་བརྟན་པ་དང་།
འགྲ་ོ་ཀུན་བདེ་སྐྱིད་ལྡན་པ་དང་།
ཞི་བདེའི་ལོ་འདབ་རྒྱས་པ་དང་།
བོད་དོན་བདེན་མཐའ་སེལ་བ་དང་།
སྤུན་ཟླ་མཉམ་འཛོམས་ཡོང་བ་དང་།
རང་དབང་ཉི་གཞོན་མྱུར་ཤར་བའི།
བཀྲིས་སྨོན་འདུན་ལན་བརྒྱར་ཞུ།
་་་་་་་་ ༧སྐྱབས་རྗེ་རྒྱལ་བ་སྨན་རི་མཆོག་གི་མནྜལ་བརྟན་བཞུགས་སུ་ཕུལ་བའི་ཤིས་ཚིག༽
༸ སྐྱབས་རྗེ་རྒྱལ་བ་སྨན་རི་མཆོག་ལ་ཟེར་དགོས་པར་འདོད། དེ་ཙམ་ཡིན། ། ་་་་་་་་་་་་
རྩོམ་སྒྲིག་པ་ཁྲི་བདེ་མཆོག་དང་ཁྲི་ཀ་བ་སྐལ་བཟང་ཉི་མ་གཉིས་ནས་འདི་ནོར་ཐལ་ཤོར་བ་འདྲ་འདུག
ངས་ཀྱང་ཤོ་ལོ་ཀ་གཉིས་མཆན་ཞབས་སུ་ཕུལ་ཆོག་པ་ཞུའོ།།
གོང་ས་མཆོག་གི་དབུས་པའི་བོད་ཀྱི་བླ་ཆེན་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་གྲུབ་སྟེ་ཆོས་ལུགས་ནང་ཁུལ་མཐུན་འབྲེལ་གོང་ནས་གོང་དུ་འཕེལ་ཏེ་བོད་མི་རིགས་རྣམས་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་པའི་བདེ་སྐྱིད་ཀྱི་ཉི་མ་ཤར་བར་ཤོག
༸ འོལ་མོའི་ལུང་དུ་སྟོན་པ་གཤེན་རབ་འཁྲུངས་པ་ལྟར། །
༸སྨན་རི་སོ་གསུམ་པས་ཀྱང་མདོ་སྨད་ས་རུ་འཁྲུངས། །
༸རྒྱལ་མཆོག་བཅུ་བཞིས་ཨ་མདོ་ཡུལ་དུ་འཁྲུངས་པ་ལྟར། །
༸ལུང་རྟོགས་བསྟན་ཉིས་ཀྱིས་ཀྱང་ཨ་མདོའི་ཕྱོགས་སུ་འཁྲུངས། །
་
༸གོང་ས་མཆོག་གིས་ཧི་མ་ཅལ་དུ་བཞུགས་མཛད་ལྟར། །
༸ཁྲི་འཛིན་མཆོག་ཀྱང་ཧི་མ་ཅལ་དུ་བཞུགས་པར་མཛད། །
༸རྒྱལ་བས་འཕགས་པའི་ཡུལ་དུ་བསྟན་པ་སླར་གསོས་ལྟར། །
༸ཁྲི་འཛིན་གྱིས་ཀྱང་བོན་གཞིར་བོན་བསྟན་སླར་གསོ་མཛ། །
་
ཞྭ་དཀར་བསྟན་པའི་མངའ་བདག་ཁྲི་འཛིན་མཆོག །
ཕན་བདེའི་འབྱུང་གནས་བོན་བསྟན་དར་ཤིང་རྒྱས། །
ཁྲི་འཛིན་སོ་གསུམ་ལུང་རྟོགས་ཉི་མ་མཆོག །
སྐུ་ཚེ་ཞབས་པད་ཡུན་རིང་བརྟན་འགྱུར་ཅིག །
་
མཆན་ཞབས་པ་ཀརྡོ་རབ་འབྱམས་པས།
རྨད་བྱུང་ཐུགས་བསྐྱེད་ལྷ་ལམ་ཡངས་པོའི་ངོར་། །
ལུང་དང་རྟོགས་པའི་རྒྱུ་སྐར་འབུམ་ཕྲག་གིས། །
རབ་ཏུ་བརྒྱན་པས་བསྟན་པའི་ཉི་མ་མཆོག །
སྲིད་ན་མངོན་པར་འཕགས་པའི་རྒྱན་གཅིག་ལགས། །
མཁས་ཤིང་བཙུན་པའི་རྣམ་ཐར་རིང་མོ་ཞིག །
རྒྱུན་དུ་གྲགས་པའི་སྒྲ་དབྱངས་སྙན་མོ་ཞིག །
ཁོ་བོའི་རྣར་ལ་གླུ་ཆུང་རིང་མོ་ཞིག །
སྔར་ནས་ལྷུང་བའི་བདུད་རྩིའི་ཟེགས་མ་ཞིག །
རྩ་བའི་བླ་མའི་གསོལ་འདེབས།
ཚོགས་གཉིས་རྒྱ་མཚོའི་བསྲུབས་ཁ་ལས་འཁྲུངས་སྐུ་བཞིའི་གསེར་གྱི་རི་བོའི་ངོས།།
མཚན་དཔེ་ཉི་ཟླའི་མདངས་ལས་ཕྱེ་བའི་བསླབ་གསུམ་མཚམས་སྤྲིན་རྣམ་པར་དག།།
ཐུགས་བསྐྱེད་ཡོལ་བ་དུས་སུ་འཐེན་ཏེ་གཤེན་བསྟན་པད་མོ་སླར་གསོ་བའི།།
ལུ༵ང་རྟོ༵གས་འོད་རླབས་གླིང་བཞིར་འགྱེད་པའི་༧བསྟ༵ན་པ༵འི་ཉི་མ༵་རྟག་འཆར་ཤོག །
བླ་མའི་སྐུ་ཚེ་བརྟན་པར་སྨོན།
སྤུར་རྒྱལ་བོད་ཀྱི་རྒྱལ་པོར་ཕྱག་འཚལ་ནས།
སྤུར་རྒྱལ་འབངས་མི་བོད་པ་ཞེས་བྱ་བ།
བཙན་པོའི་རྒྱལ་པོ་ཆོས་ཀྱི་རྒྱལ་པོ་རྣམས།
གངས་ལྗོངས་བོད་མིའི་མགོན་སྐྱབས་ཚད་ལྡན་པ།
ཁྱེད་རྣམས་བསྟོད་ཅིང་ཁྱེད་རྣམས་དྲན་པའི་མཐུས།
བན་བོན་བོད་ཀྱི་བསྟན་པའི་ཉི་ཟླ་གཉིས།
ས་སྟེང་འདི་རུ་སྒྲོན་མེའི་ཚུལ་བཞུགས་ཏེ།
བོད་འབངས་འགྲོ་བ་ཀུན་ལ་སྒྲོན་མེ་སྤོར།
གཏི་མུག་ཕྲག་དོག་ཞེ་སྡང་འཇོམས་པ་དང་།
བོད་འབངས་ཆིག་སྒྲིལ་ཞེ་ནས་གསོ་བགྱིས་ནས།
གངས་ལྗོངས་སྤུར་རྒྱལ་རྒྱལ་ས་ཟིན་པ་ཤོག
ཡ་རབས་བོད་མིས་ཀློག་ན་བཟང་གཏམ་ཡིན།
མ་རབས་དགྲ་བོས་ཀློག་ན་སྡིག་གཏམ་ཡིན།
བཟང་ངན་གཉིས་ཀས་གོ་ན་དོན་ལྡན་ཡིན།
དང་པོ་བོན་གྱི་བསྟན་པ་དར་། །གཉིས་པ་བན་དེའི་བསྟན་པ་དར་། །ཨ་མ་བོན་ལ་རྒྱུས་ལོན་ཆེ། །ཨ་ཕ་བན་ལ་རྒྱུས་ལོན་ཆེ། ། ཨ་ཞང་བོན་གྱི་བླ་མ་ཡིན། །ཨ་ཁུ་བན་དེའི་བླ་མ་ཡིན། །མདོར་ན་གངས་ཅན་ལྗོངས་འདི་ན། །བན་བོན་བསྟན་པ་མཉམ་གནས་དང་། །ཐུགས་མཐུན་ཁྲིམས་མཉམ་གནས་དང་། །བདེ་སྐྱིད་ཉི་མ་མཉམ་ཤར་དེ། །འགྲོ་ཀུན་བདེ་ལ་འགོད་པར་ཤོག །
གང་ལྟར་བོན་བན་ཆོས་ཀྱི་སྙིང་པོ་ནི།
མ་གྱུར་འགྲོ་བ་བདེ་ཆེན་སར་འགོད་འདོད།
སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་ཉིད་ཡིན།
བསིལ་ལྡན་ལྗོངས་ཀྱི་ཉི་ཟླ་རྒྱས་གྱུར་ཅིག །
གཅིག་ནི་པདྨ་གཅིག་ནི་ཀ་མ་ལ།
གཉིས་ཀ་བོད་ཀྱི་མཚོ་ཡི་རྒྱན་དུ་བཞུགས།
གཉིས་ཀ་འོད་ཀྱིས་འཚོ་བ་གཅིག་མཚུངས་ལགས།
གཉིས་ཀ་གདུལ་བྱའི་དོན་དུ་བཞད་པར་བསྟོད།
(1222 ངའི་ཁང་པའི་སྒོ་ཨང་ཡིན།)
བོན་ཆོས་བོད་ཀྱི་བོད་ཆོས་རེད། །
ནང་ཆོས་རྒྱ་གར་དར་ཆོས་རེད། །
དམར་ལུགས་རྒྱ་ནག་ལུགས་གསར་རེད། །
མང་གཙོ་རྒྱ་གར་ལུགས་གསར་རེད། །
བོད་ནང་བོན་ཆོས་མ་ཉམས་དགོས། །
བོད་ནང་ནང་ཆོས་གཙང་ཉར་དགོས། །
བོད་ནང་དམར་ལུགས་ཡང་སྙིང་དགོས། །
མང་གཙོ་ཚད་ལྡན་དར་དགོས་འདུག །
བན་བོན་གངས་ཅན་ཉི་ཟླ་གཉིས། །
བན་བོན་བོད་ཆོས་མཚེ་ཕྲུག་གཉིས། །
བན་བོན་མཉམ་གནས་བདེ་མཆོག་གཉིས། །
བན་བོན་ཟུང་འབྲེལ་ཆོས་གྲོགས་གཉིས། །
བཀག་རྡོ་རབ་འབྱོར་འདི་བླུན་པོ་ཁྱི་སྣ་གང་ཁྲིད་རེད་མིས་བསྟོད་ན་བསྟོད་ཆོག་ཆོག་མིས་སྨད་ན་སྨད་ཆོག་ཆོག་རེད་ཁོ་ལ་རང་ཚུགས་མེད་ཐ་ཆོད་རེད་འདུག་ཁྲོ་ལོང་མི་ཉན་ཨ་དྲ་གྲོགས་ལགས།
སྨན་རིའི་ཁྲི་འཛིན་མཆོག་ལ་དགའ་མོས་དཔག་མེད་ཡོད། ངེས་དོན་གྱི་སྐྱེས་ཆེན་དམ་པ་འདི་འདྲ་ད་དུང་ཡང་མང་ཙམ་ཡོད་རྒྱུ་ན་ཨང་། ཁོང་གི་སྐུ་ཚེ་ཡུན་དུ་བསྲིངས་བར་མཛོད། བོན་བསྟན་དར་ཞིང་རྒྱས་པར་གྱུར།
ལགས། ལགས་སོ།། །།
རྟག་བརྟན་གཡུང་དྲུང་དོན་ཡིན་ཡང་། །
མི་རྟག་སྐད་ཅིག་སྐད་ཅིག་འཇིག །
རྟག་བརྟན་ཐར་པ་མ་བསྒྲུབ་བར། །
འཁོར་བའི་འཕྲང་ལམ་ཀྱག་ཀྱོག་རེད། །
དེས་ན་ངེས་ལེགས་མ་ཐོབ་པར། །
བན་བོན་བསྟན་འཛིན་སྐྱེས་བུ་རྣམས། །
ཏིལ་གྱི་གང་བུ་བཞིན་དུ་ནི། །
འཕེལ་ཞིང་སྐུ་ཚེ་ཡུན་བརྟན་ཤོག །
སྤུ་རྒྱལ་བཙན་པོའི་སྙིང་སྟོབས་ཐུགས་སུ་བཟུང་།།
གངས་དཀར་ཏི་སེའི་ཆབ་རྒྱུན་ཞལ་དུ་གསོལ།།
མེས་པོའི་ཤེས་རབ་དཔྲལ་བའི་སྤྱན་དུ་བྱས།།
སྲིད་པའི་རྩེ་མོ་འཛིན་ཁྱོད་ཁྲི་ལོར་ཤོག །
བོན་བསྟན་གཡུང་དྲུང་ཏི་སེའི་གངས་ལྟར་བརྟན། །
བོན་དད་བོད་རྒྱལ་གསེར་རིའི་འཕྲེང་ལྟར་མཛེས། །
ཆོས་རྒྱལ་ཆོས་དཔོན་བསང་དང་དར་ལྕོག་བཙུགས། །
ལོ་པཎ་བླ་སྤྲུལ་དགེ་བཤེས་བན་བོན་འཛིན། །
བན་བོན་རིས་མེད་བསྟན་པ་ཡུན་གནས་ཤོག །