འབྲིང་བ་འཇིགས་མེད་ཀྱིས།
༄༅།། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་ལ་འགྲེལ་པ་གཞན་ཡང་ཡོད་སྲིད་མོད། བདག་གིས་མཐོང་མྱོང་བ་ནི་བྷིཀྵུ་དཀའ་ཆེན་པདྨས་བརྩམས་པའི་འགྲེལ་པ་རིག་ལམ་གསེར་གྱི་ལྡེ་མིག་དང༌། རྡོ་རྗེ་རྒྱལ་པོས་བརྩམས་པའི་འགྲེལ་པ་ལེགས་བཤད་འདྲེན་པའི་ཕོ་ཉ། དཀའ་ཆེན་རྡོ་རྗེ་རྒྱལ་མཚན་གྱིས་བརྩམས་པའི་འགྲེལ་པ་གཟོང་ཆུང་རྣོན་པོ་ཞེས་པ་འདི་གསུམ་ཡིན། འདི་གསུམ་ག་བོད་ཕྱི་ནང་གི་དགོན་སྡེ་དང་སློབ་གྲྭ་ཁག་ཅིག་ཏུ་གསར་སློབ་རྣམས་ཀྱི་སློབ་དེབ་ཏུའང་བཀོལ་དང་བཀོལ་མུས་ཡིན་པས། མི་མང་པོ་ཞིག་ལ་ཕན་ཐོགས་བྱུང་དང་འབྱུང་བཞིན་པར་རྗེས་སུ་ཡི་རང་ཞུ་བ་དང་ཆབས་ཅིག འདི་དག་གི་ནང་ནོར་འཁྲུལ་ཡང་འགའ་རེ་མཐོང་ཞིང་། སློབ་ཁྲིད་གནང་མཁན་ཚོས་ནོར་འཁྲུལ་དེ་དག་སྐབས་སོ་སོར་ནོར་བཅོས་ལྟ་བུའི་གསལ་བཤད་དང་འབྲེལ་ནས་བསླབས་ན་སྐྱོན་མེད་མོད། འོན་ཀྱང་དེ་ལྟར་གནང་མཁན་དཀོན་ཚོད་ལ་བརྟེན། མུ་མཐུད་གསར་སློབ་རྣམས་མ་རྟོགས་ལོག་རྟོག་གི་དྲ་བར་འཚུད་པ་སོགས་ཉེས་སྐྱོན་དུ་མ་འབྱུང་སྲིད་པ་འགོག་ཆེད། འགྲེལ་པ་དེ་དག་ལ་དཔྱད་པ་དང་འབྲེལ་ནས་འཁྲུལ་སེལ་གྱི་རྩོམ་ཐུང་ཞིག་སྤེལ་གལ་ཆེ་བར་མཐོང་།
རྟགས་འཇུག་དཀའ་གནད་གསལ་མེ་ནི། གསལ་མེ་རང་གི་མཇུག་བྱང་དུ། “མཁས་མཆོག་སི་ཏུ་པཎ་ཆེན་དང་ཐམས་ཅད་མཁྱེན་པ་ངྷརྨ་བྷ་དྲ་དཔལ་བཟང་པོའི་བཞེད་པ་དང་མཐུན་པར་དབྱངས་ཅན་གྲུབ་པའི་རྡོ་རྗེས་སྦྱར་བའོ།།” ཞེས་གསུངས་པ་ལྟར། སི་ཏུ་པཎ་ཆེན་དང་དངུལ་ཆུ་ངྷརྨ་བྷ་དྲའི་བཞེད་སྲོལ་དང་མཐུན་པར་བརྩམས་པ་ཞིག་ཡིན་པས། འདིར་གསལ་མེའི་འགྲེལ་པ་དེ་དག་གི་འགྲེལ་ཚུལ་ལ་དཔྱད་པ་གཏོང་བའི་ཚེ་ནའང་། སི་ཏུ་པཎ་ཆེན་དང་དངུལ་ཆུ་ཡབ་སྲས་ཀྱི་གཞུང་ལ་གཙོ་བོར་གཏུགས་ནས་དཔྱད་པར་བགྱིའོ། །
དང་པོ། འགྲེལ་པ་གསེར་གྱི་ལྡེ་མིག་དང་འགྲེལ་པ་གཟོང་ཆུང་རྣོན་པོ་གཉིས་ལ་དཔྱད་པ།
འགྲེལ་པ་གསེར་གྱི་ལྡེ་མིག་ནང་གི་སྐྱོན་ཕལ་ཆེ་བ་འགྲེལ་པ་གཟོང་ཆུང་རྣོན་པོའི་ནང་གཅིག་མཚུངས་སུ་འབྱུང་བས། དེ་རིགས་ལ་འདིར་དཔྱད་པ་ལྷན་ཅིག་ཏུ་བྱས་ན་འཇུག་པ་བདེ་བས་འདི་ལྟར།
༡༽ འགྲེལ་པ་གསེར་གྱི་ལྡེ་མིག་(གཤམ་དུ་ལྡེ་མིག་ཅེས་བྲི་རྒྱུ།)དང་། འགྲེལ་པ་གཟོང་ཆུང་རྣོན་པོ་(གཤམ་དུ་གཟོང་ཆུང་ཞེས་བྲི་རྒྱུ།)གཉིས་ཀ་ལས། “ལས་སམ་(བྱ་)ཡུལ་ལ་བྱ་བ་ཞིག་བྱེད་རྒྱུ་ཡོད་ན་བདག་གཞན་དུས་གསུམ་གྱི་དབྱེ་བ་འཇུག་ལ། ལས་སམ་(བྱ)་ཡུལ་ལ་བྱ་བ་ཞིག་བྱེད་རྒྱུ་མེད་ན་བདག་གཞན་དུས་གསུམ་གྱི་དབྱེ་བ་མི་འཇུག” ཅེས་འབྱུང་།
ཤར་དུ་འགྲོ་ལྟ་བུ་ནི་ལས་སམ་བྱ་ཡུལ་ལ་བྱ་བ་ཞིག་བྱེད་རྒྱུ་ཡོད་པ་ཡིན་ནའང་བདག་གཞན་གྱི་དབྱེ་བ་མི་འཇུག་ཅིང་། དུས་གསུམ་གྱི་དབྱེ་བ་འཇུག་པས། བདག་གཞན་དང་དུས་གསུམ་གཉིས་ཀྱི་དབྱེ་བ་འཇུག་མིན་གྱི་ཚད་གཞི་གཅིག་ཏུ་བཟུང་བ་དེ་ཤིན་ཏུ་རྩིང་། འདིར་དཀའ་གནད་གསལ་མེ་ལས་བདག་གཞན་དུས་གསུམ་གྱི་གོ་དོན་བཤད་པའི་ཐོག་མར། “ལས་གང་ཞིག་ལ་བྱེད་པ་པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །དབང་དུ་བྱས་ནས་་་་་་” ཞེས་དང་། དེའི་ཁུངས་སི་ཏུའི་འགྲེལ་ཆེན་ལས། “ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས།” ཞེས་གསུངས་པའི་སྐབས་ཀྱི་ལས་གང་ཞིག་ཅེས་པའི་“ལས་”འདི་བྱ་བ་སྤྱི་ཙམ་ལ་གོ་བ་ལས། བྱ་བའི་ཡུལ་ལ་གོ་བའང་མིན་ཏེ། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་གྱི་དབྱེ་གཞི་ནི་བྱ་བ་སྤྱི་ཙམ་པ་དེ་ཡིན་པའི་ཕྱིར་དང་། སྤྱིར་ལས་ཞེས་པ་ནི་བྱ་བ་སྤྱི་ཙམ་པ་ལ་གོ་བ་དང་། བྱ་བའི་ཡུལ་ལ་གོ་བ་དང་(བྱ་བའི་ཡུལ་ཞེས་པའང་དོན་དུ་མར་གོ་ཚུལ་གཤམ་དུ་འཆད།)། བྱ་བའི་ལས་དང་བྱེད་པའི་ལས་གང་རུང་ཙམ་ལ་གོ་བ་སོགས་གོ་ཚུལ་དུ་མ་ཡོད་པ་སྐབས་ཐོབ་ཀྱིས་ཤེས་དགོས་སོ། །
༢༽ ལྡེ་མིག་དང་གཟོང་ཆུང་གཉིས་ཀ་ལས། “དེ་ལ་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས་བྱེད་པོ་གང་ཟག་དང་དེའི་བྱེད་པ་ནི་ཤིང་གཅོད་པ་ལྟ་བུར་མཚོན་ན་སྟ་རེ་ཡིན་པས་དེ་གཉིས་ནི། བདག་གཞན་གཉིས་ཀྱི་ནང་ནས་བདག་ཡིན།” ཞེས་འབྱུང་།
འདིར་དཀའ་གནད་གསལ་མེ་ལས་གོང་འཕྲོས། “་་་་་་བྱེད་པོ་དང་། །དེ་ཡི་བྱེད་པ་གཉིས་པོ་ནི། །དངོས་པོ་བདག་ཡིན་་་་་་།” ཞེས་དང་། སི་ཏུའི་འགྲེལ་ཆེན་ལས་གོང་འཕྲོས། “བྱེད་པ་པོའི་དངོས་པོ་དེ་ཉིད་དང་། དེའི་བྱེད་པ་དང་བཅས་པ་ལ་ནི་བདག་ཅེས་བྱ་ཞིང༌།” ཞེས་གསུངས་པའི་བྱེད་པ་པོ་ཞེས་པ་ནི་བྱེད་པ་པོ་གཙོ་ཕལ་གཉིས་ཀ་ལ་གོ་དགོས་པ་དང༌། སྟ་རེ་ལྟ་བུ་ནི་བྱེད་པ་པོའི་ཁོངས་སུ་འདུས་ཡོད་པས་འདིར་སྟ་རེ་ལ་བྱེད་པ་པོ་ཟེར་བ་ལས་བྱེད་པ་མི་ཟེར་ཞིང་། སྐབས་འདིར་བྱེད་པ་ཞེས་པ་ནི་བྱེད་པའི་ལས་ལ་གོ་དགོས་ཏེ། སི་ཏུའི་འགྲེལ་ཆེན་ལས། “གཞན་དུ་བྱེད་པའི་ལས་དང་བྱ་བའི་ལས་ཞེས་ལས་ཀྱི་ཚིག་ལ་གཉིས་སུ་དབྱེ་བའང་དབྱེ་བ་དེ་དག་ཏུ་འདུས་ཏེ། དུས་གསུམ་གྱི་དབང་གིས་བྱེད་པའི་ལས་ནི་དུས་ད་ལྟ་བ་དང༌། བྱ་བའི་ལས་ནི་དུས་མ་འོངས་པར་འདུ་ཞིང་། བདག་གཞན་གྱི་དབང་གིས་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་བྱེད་པ་བདག་དང་བྱ་བ་གཞན་ཡིན་པ་བཤད་མ་ཐག་པ་ལྟར་རོ།།” ཞེས་དང་། “བྱེད་པ་པོ་བདག་གི་དངོས་པོའི་སྒྲ་ནི། སྒྲུབ་པ་པོ། སྟོན་པ་པོ། གཅོད་པ་པོ། འབྱིན་པ་པོ། སྒྲུབ་བྱེད། སྟོན་བྱེད། གཅོད་བྱེད། འབྱིན་བྱེད་ལྟ་བུ་དང་། དེའི་བྱེད་པའི་ཚིག་གསལ་བར་བྱེད་པ། སྒྲུབ་པར་བྱེད། སྟོན་པར་བྱེད། གཅོད་པར་བྱེད། འབྱིན་པར་བྱེད། སྒྲུབ་བོ། སྟོན་ཏོ། གཅོད་དོ། འབྱིན་ནོ། ལྟ་བུ་དང་།” ཞེས་སོགས་གསུངས་པས་གསལ་བར་རྟོགས་ནུས་སོ།།
༣༽ ལྡེ་མིག་དང་གཟོང་ཆུང་གཉིས་ཀ་ལས། “དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་དང་བྱ་བ་གཉིས་པོ་ནི་བདག་གཞན་གཉིས་ཀྱི་ནང་ནས་གཞན་ཡིན། དེ་ཡང་བྱ་བའི་ཡུལ་གྱི་དངོས་པོ་ནི་ཤིང་ཡིན། བྱ་བ་ནི་ཤིང་གཅོད་པའི་ལས་ཀ་སྟ་རེའི་འདེགས་འཇོག་དང་ཤིང་དུམ་བུར་གཏུབ་པ་སོགས་ཡིན།” ཞེས་དང་། “གཅད་པར་བྱ། གཅད་དོ། ལྟ་བུ་འདི་རྣམས་ལ་བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་གསལ་བྱེད་ཀྱི་སྒྲ་ཟེར་བ་ཡིན། འདི་སྐབས་སྟ་རེ་འདེགས་པའི་བྱ་བ་ཤིང་གི་སྟེང་དུ་བབས་ནས་ཤིང་བཀས་པ་དང་དུམ་བུར་འགྲོ་བ་སོགས་གོ་དགོས་ཤིང་བདག་གཞན་གཉིས་ནས་གཞན་ཡིན།” ཞེས་དང་། “ཤིང་དུམ་བུར་བཅད་པའི་ཆ་ནི་བྱ་ཡུལ་ཤིང་གི་སྟེང་དུ་ཡོད་ཅིང་། དེ་གསལ་བྱེད་ཀྱི་སྒྲ་ནི། གཅད་དོ། གཅད་པར་བྱ། ཞེས་པ་འདི་ཡིན་ནོ། །” ཞེས་འབྱུང་།
སྐབས་འདིར་བྱ་བ་ཞེས་པ་ནི་བྱ་བའི་ཡུལ་དང་འབྲེལ་བའི་བྱ་ལས་ཡིན་པས། བྱེད་པ་པོ་དང་བྱ་བའི་ཡུལ་གཉིས་ཀྱི་ནང་ནས་བྱ་བའི་ཡུལ་དང་འབྲེལ་བ་ཞིག་ཡིན་དགོས་པ་ལས་བྱེད་པ་པོ་དང་འབྲེལ་བ་ཞིག་ཡིན་མི་རུང་། དེས་ན་“སྟ་རེའི་འདེགས་འཇོག་དང་ཤིང་དུམ་བུར་གཏུབ་པ་སོགས་”ནི་བྱེད་པ་པོ་དང་འབྲེལ་བ་ཡིན་པ་ལས་བྱ་བའི་ཡུལ་དང་འབྲེལ་བ་མིན་པས། བྱ་བའི་ལས་ལ་འཇོག་པ་མི་འཐད། དེ་དག་བྱ་ཚིག་གིས་མཚོན་པའི་ཚེ་ནའང་གཅོད་པར་བྱེད། གཅོད་དོ། ཞེས་འབྲི་བརྗོད་བྱེད་པ་ལས། གཅད་པར་བྱ། གཅད་དོ། ཞེས་འབྲི་བརྗོད་མི་བྱེད་པས་ཀྱང་ཤེས་ཐུབ།
ཡང་“སྟ་རེ་འདེགས་པའི་བྱ་བ་ཤིང་གི་སྟེང་དུ་བབས་ནས་ཤིང་བཀས་པ་དང་དུམ་བུར་འགྲོ་བ་སོགས་གོ་དགོས།” ཟེར་བའང་བརྟག་དགོས་ཏེ། ཨ་ཀྱཱ་ཡོངས་འཛིན་གྱི་རྟགས་འཇུག་དགོངས་འགྲེལ་རབ་གསལ་སྣང་བ་སོགས་ལྟར་ན། ཤིང་མཁན་གྱིས་ཤིང་བཅད་པའི་ཚེ། ཤིང་གས་པ། ཆག་པ། དུམ་བུར་འགྲོ་བ་སོགས་ནི་བྱ་བའི་ལས་ལ་འཇོག་ནའང་། དེ་དག་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་ཏེ་ཤིང་ཆད་པའི་བྱ་བར་གཏོགས་པས། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཏེ་ཤིང་གཅད་པའི་བྱ་བར་འཇོག་པ་མི་འཐད་ཚུལ་ཨ་ལགས་དོར་ཞི་ཚང་གིས་བདག་གཞན་སོགས་ཀྱི་བཤད་པ་འཁྲུལ་སེལ་གངྒཱའི་རྒྱུན་བཟང་དུ་གསུངས་པ་ལྟར་ལགས་པས་ད་དུང་དཔྱད་དགོས་ཤིང་། དེ་བཞིན་དུ་ཤིང་བཀས་པ་དང་དུམ་བུར་བཅད་པ་ནི་བྱེད་འབྲེལ་དང་། ཤིང་གས་པ་དང་དུམ་བུར་ཆད་པ་ནི་བྱེད་མེད་ཡིན་པས་དེ་དག་ཀྱང་འདྲེས་མེད་ཐ་དད་དུ་སྦྱོར་དགོས་པ་ལས་ངེས་མེད་ལྟ་བུར་སྦྱོར་བ་མི་ལེགས། འོན་ཀྱང་སི་ཏུ་པཎ་ཆེན་གྱི་འགྲེལ་ཆེན་དང་དངུལ་ཆུ་དྷརྨ་བྷ་དྲའི་སི་ཏུའི་ཞལ་ལུང་། འགྲེལ་པ་འདི་དག་གི་རྩ་བ་དཀའ་གནད་གསལ་མེ་བཅས་སུ་བྱ་བའི་ཡུལ་དང་འབྲེལ་བའི་བྱ་བའམ་བྱ་ལས་འདི་ནི། བསྒྲུབ་པར་བྱ། གཅད་པར་བྱ། བསྒྲུབ་བོ། གཅད་དོ། ལྟ་བུའི་བྱ་ཚིག་གིས་གསལ་ཚུལ་དཔེར་བརྗོད་བཀོད་པ་ཙམ་ལས། དོན་དངོས་སུ་ཅི་འདྲ་ཞིག་ལ་གོ་དགོས་མིན་གསལ་པོར་གསུངས་མེད་པས། འདིར་ཡང་བྱ་བའི་ལས་ཀྱི་སྐོར་དེ་ཙམ་གྱིས་ཆོག་པར་བྱས་སོ།།
༤༽ ལྡེ་མིག་དང་གཟོང་ཆུང་གཉིས་ཀ་ལས། “གཅོད་པར་བྱེད། གཅོད་དོ། ལྟ་བུ་བྱེད་ལས་གསལ་བྱེད་ཀྱི་སྒྲ་ཟེར་བ་ཡིན་ནོ། དོན་དུ་བྱེད་པ་སྟ་རེ་དང་དེ་འདེགས་པའི་བྱ་བ་གོ་དགོས།” ཞེས་འབྱུང་།
གཅོད་བྱེད་ཅེས་པའི་སྐབས་སུ་སྟ་རེ་ལ་གོ་བ་ཡོད་ནའང་། གཅོད་པར་བྱེད་དང་། གཅོད་དོ། ཞེས་པ་ནི་གཅོད་བཞིན་པའི་བྱ་བ་ལ་གོ་བ་མ་གཏོགས་གཅོད་བྱེད་ཀྱི་སྟ་རེ་ལ་གོ་བའི་གནས་མེད་དེ་ཤེས་སླའོ། །
༥༽ ལྡེ་མིག་དང་གཟོང་ཆུང་གཉིས་ཀ་ལས། “བྱ་བ་བྱེད་འགྱུར་ནི་མ་འོངས་པ་དཔེར་ན། ལྷ་(ལས་)བསྒྲུབ། བསྒྲུབ་པར་བྱ། བསྒྲུབ་བྱ། བསྒྲུབ་པར་བྱ་བ། བསྒྲུབ་བྱའི་ལྷ(ལས)། གཅད་བྱ། གཅད་པར་བྱ་བ། གཅད་པར་བྱ། གཅད་དོ། གཅད་བྱའི་ཤིང༌། འདི་རྣམས་དུས་གསུམ་ནས་དུས་མ་འོངས་པ།” ཞེས་འབྱུང་།
མ་འོངས་པའི་དཔེར་བརྗོད་དེ་དག་ལས། བསྒྲུབ་བྱ། བསྒྲུབ་པར་བྱ་བ། གཅད་བྱ། གཅད་པར་བྱ་བ། ཞེས་པ་འདི་དག་ནི་སྐབས་རེར་བྱ་ལས་མ་འོངས་པ་སྟོན་ཆེད་དུ། བསྒྲུབ་བྱ་མ་འོངས་པའམ་མ་འོངས་པའི་བསྒྲུབ་བྱ་ཟེར་བ་དང་། དེ་བཞིན་དུ། བསྒྲུབ་པར་བྱ་བའི་ལས་མ་འོངས་པ། གཅད་བྱ་མ་འོངས་པ། གཅད་པར་བྱ་བའི་ལས་མ་འོངས་པ། ཞེས་བརྗོད་པའི་སྐབས་ཡོད་ནའང་། དེ་ནི་གཙོ་བོར་བྱེད་ལས་ད་ལྟ་བ་དང་མཉམ་དུ་བརྗོད་པའི་སྐབས་ལྟ་བུའི་འགྲེལ་བརྗོད་ཀྱི་སྐབས་རེ་ཟུང་ལ་འབྱུང་བ་མ་གཏོགས། སྤྱིར་བཏང་དུ་བྱ་བའི་ཡུལ་སྟོན་པའི་སྒྲ་ཡིན་པ་དང་། ལྷག་པར་དུ། བསྒྲུབ་བྱའི་ལྷའམ་ལས། གཅད་བྱའི་ཤིང་། ཞེས་པ་ནི་བྱ་བའི་ཡུལ་ཁོ་ན་སྟོན་པའི་སྒྲ་ཡིན་པས་གཞན་གྱི་ཁོངས་སུ་བསྡུ་དགོས་པ་ལས་དུས་གསུམ་གྱི་ཁོངས་སུ་བསྡུ་མི་རུང་ནའང་མ་འོངས་པའི་དཔེར་བཞག་པ་དེ་ལྟ་ན། སྒྲུབ་པ་པོ་དང་། གཅོད་པ་པོ་ཞེས་པའང་ད་ལྟ་བའི་དཔེར་འཇོག་དགོས་པ་དང་། དེ་ལྟར་བྱས་ཚེ། བྱ་བྱེད་ཀྱི་སྒྲ་ཐམས་ཅད་དུས་གསུམ་གྱི་དབྱེ་བའི་ནང་འདུ་བར་འགྱུར་བས། བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་དུ་བདག་གཞན་གྱི་དབྱེ་བ་ཟུར་དུ་མཛད་པ་ལ་དགོས་པ་མེད་པར་འགྱུར་ཞིང་། སི་ཏུའི་འགྲེལ་ཆེན་དང་སི་ཏུའི་ཞལ་ལུང་། དཀའ་གནད་གསལ་མེ་བཅས་སུའང་མ་འོངས་པའི་དཔེར་འདི་རིགས་བཀོད་པ་མེད་དོ།།
འོ་ན། དཀའ་གནད་གསལ་མེར། “གཞན་ཡང་བས་འཕུལ་ཅན་ཕལ་ཆེར། །བྱེད་པ་པོ་ནི་ད་ལྟ་དང་། །བྱ་ཡུལ་མ་འོངས་པར་བསྡུས་ནས། །” ཞེས་གསུངས་པའི་དོན་ཅི་ཡིན་ནམ་ཞེ་ན། དེ་ནི་བས་འཕུལ་ཡོད་མེད་སོགས་ཀྱི་དག་སྡེབ་ངོ་སྤྲོད་སྟབས་བདེའི་ཆེད་དག་སྡེབ་མཐུན་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཙམ་ཞིག་སྟེ། དཔེར་ན། བསྒྲུབས་ཟིན། བསྒྲུབ་པར་འགྱུར། བསྒྲུབ་བྱ། བསྒྲུབ་པར་བྱ་བ། བསྒྲུབ་པར་བྱ། བསྒྲུབ་བོ། སྒྲུབ་བཞིན་པ། སྒྲུབ་པ་པོ། སྒྲུབ་བྱེད། སྒྲུབ་པར་བྱེད། སྒྲུབ་བོ། སྒྲུབས་ཤིག ཅེས་པ་ལྟ་བུར་མཚོན་ན། འདས་པར་བས་འཕུལ་དང་ཡང་འཇུག་གཉིས་ཀ་ཡོད། བྱ་བའི་ཡུལ་གྱི་སྒྲ་དང་མ་འོངས་པའི་སྒྲ་གཉིས་ལ་བས་འཕུལ་ཡོད་ལ་ཡང་འཇུག་མེད། བྱེད་པ་པོའི་སྒྲ་དང་ད་ལྟ་བའི་སྒྲ་གཉིས་ལ་བས་འཕུལ་དང་ཡང་འཇུག་གཉིས་ཀ་མེད། སྐུལ་ཚིག་ལ་ཡང་འཇུག་ཡོད་ཀྱང་བས་འཕུལ་མེད་པ་བཅས་དག་སྡེབ་རིགས་བཞི་བྱུང་བ་ལས། རིགས་གཉིས་པ་བྱ་བའི་ཡུལ་གྱི་སྒྲ་དང་མ་འོངས་པའི་སྒྲ་གཉིས་ཀྱི་དག་སྡེབ་(འཕུལ་ཡོད་ལ་ཡང་འཇུག་མེད་པ།)མཚུངས་ཤིང་། རིགས་གསུམ་པ་བྱེད་པ་པོའི་སྒྲ་དང་ད་ལྟ་བའི་སྒྲ་གཉིས་ཀྱི་དག་སྡེབ་(འཕུལ་དང་ཡང་འཇུག་གཉིས་ཀ་མེད་པ།)མཚུངས་པས། བྱ་བའི་ཡུལ་གྱི་སྒྲའི་དག་སྡེབ་ནི་མ་འོངས་པའི་སྒྲའི་དག་སྡེབ་དང་ཕྱོགས་གཅིག་ཏུ་བསྡུས་ཤིང༌། བྱེད་པ་པོའི་སྒྲའི་དག་སྡེབ་ནི་ད་ལྟ་བའི་སྒྲའི་དག་སྡེབ་དང་ཕྱོགས་གཅིག་ཏུ་བསྡུས་པ་ཙམ་གྱི་དོན་ཡིན་པ་ལས། བྱ་བའི་ཡུལ་གྱི་སྒྲ་དུས་མ་འོངས་པ་ཡིན་ཟེར་བ་དང༌། བྱེད་པ་པོའི་སྒྲ་དུས་ད་ལྟ་བ་ཡིན་ཟེར་བའི་དོན་མིན་ཏེ། གལ་སྲིད་དེ་ཡིན་ན། གོང་སྨོས་ལྟར་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲའང་དུས་གསུམ་དུ་བསྡུས་པས། དེ་དག་བསྡུ་བའི་ཕྱིར་བདག་གཞན་གྱི་དབྱེ་བ་ཟུར་དུ་མཛད་དགོས་དོན་མེད་ཅིང་། ད་དུང་བྱ་ཡུལ་ཤིང་མ་འོངས་པ་དང་། བྱེད་པོ་ཤིང་མཁན་ད་ལྟ་བ་ཡིན་ཟེར་བ་ལྟ་བུར་གོ་ན་དེ་བས་ཀྱང་ག་ལ་འཐད། བྱེད་པ་པོ་ནི་ད་ལྟ་དང་། །བྱ་ཡུལ་མ་འོངས་པར་བསྡུས་ནས། །ཞེས་པའི་ཐད་ཀྱི་འགྲེལ་པ་གསུམ་གར་གོང་སྨོས་གསལ་ཁ་དེ་དག་ཐོན་མེད་པ་ནི་དགོས་ས་ལ་ཆད་པ་ལྟ་བུར་སྣང་ངོ་།།
གཞན་ཡང་། དེ་ནི་བས་འཕུལ་དང་ཡང་འཇུག་ཡོད་མེད་ཀྱི་དག་སྡེབ་ཙམ་གསུང་བའི་སྐབས་ཡིན་པས་རིགས་མཐུན་ཕྱོགས་གཅིག་ཏུ་བསྡུ་རུང་ནའང་། འདིར་བདག་གཞན་དུས་གསུམ་གྱི་དབྱེ་བ་དང་འཇུག་ཚུལ་སོགས་གསུང་བའི་སྐབས་སུ་དེ་དག་གི་སྒྲ་རྣམས་ཕན་ཚུན་འདྲེས་མེད་ཐ་དད་དུ་འཇོག་དགོས་པ་ལས་གཅིག་ཁོངས་སུ་གཅིག་བསྡུ་བ་ལྟ་བུ་མི་རུང་ལ་བསྡུ་ཐུབ་པའང་མིན་ཏེ། བདག་གཞན་གྱི་སྒྲ་གཅོད་པ་པོ་དང་གཅད་བྱ་ལྟ་བུ་རྣམས་དུས་གསུམ་གང་ཡང་མིན་ལ། དུས་གསུམ་གྱི་སྒྲ་བཅད་ཟིན། གཅད་པར་འགྱུར། གཅོད་བཞིན་པ་ལྟ་བུ་རྣམས་བདག་གཞན་གང་ཡང་མིན་པས། སྒྲ་དེ་དག་དབྱེ་བ་ཐ་དད་པའི་ནང་སོ་སོར་བསྡུ་བའི་ཆེད་དུ་བདག་གཞན་དང་དུས་གསུམ་གཉིས་དབྱེ་བ་སོ་སོར་མཛད་པ་ཡིན་ཏེ། སི་ཏུའི་འགྲེལ་ཆེན་ལས། “གཞུང་འདིར་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་དུ་བདག་གཞན་གྱི་དབྱེ་བ་ཟུར་དུ་མཛད་པ་ཡིན་ཞིང་།” ཞེས་དང་། “ཅི་ཕྱིར་འཇུག་གི་གཞུང་འདི་འཆད་པའི་སྐབས་སུ་དུས་གསུམ་གྱི་དབྱེ་བས་བཤད་པ་རྣམས་ནི། བདག་གཞན་གྱི་དབྱེ་བས་མ་ཁྱབ་པའི་ལྷག་མ་རྣམས་བསྡུ་བའི་དོན་དུ་བལྟ་བར་བྱའོ།།” ཞེས་གསུངས་སོ།། འོན་ཀྱང་གཅད་པར་བྱ་དང་གཅོད་པར་བྱེད་ལྟ་བུའི་བྱ་ལས་བྱེད་ལས་ཀྱི་སྒྲ་རྣམས་ནི་བདག་གཞན་དང་དུས་གསུམ་གཉིས་ཀར་བསྡུ་རུང་ཚུལ་གོང་དུ། “ལས་ཀྱི་ཚིག་ལ་གཉིས་སུ་དབྱེ་བའང་དབྱེ་བ་དེ་དག་ཏུ་འདུས་ཏེ།” ཞེས་སོགས་སི་ཏུའི་འགྲེལ་ཆེན་ནས་དྲངས་ཟིན་པ་དེ་ལྟར་རོ།།
༦༽ ལྡེ་མིག་ལས། “བྱ་བྱེད་ཀྱི་སྒྲ་ཤེད་མཚུངས་བདག་གཞན་གྱི་ཁོངས་སུ་བསྡུ་ཚུལ་ཇི་ལྟར་ཡིན་སྙམ་ན། སྒྲུབ་པར་བྱེད། ཅེས་པའི་ཚིག་འདི་སྒྲུབ་པ་པོ་ཞེས་པ་དང་ཤེད་མཚུངས་ཡིན་པས་བདག་གཞན་གཉིས་ཀྱི་ནང་ནས་བདག་གི་ཁོངས་སུ་བསྡུས། བསྒྲུབ་པར་བྱ། ཞེས་པ་འདི་བསྒྲུབ་བྱའི་ལྷ་ཞེས་པ་དང་ཤེད་མཚུངས་ཡིན་པས་བདག་གཞན་གཉིས་ཀྱི་ནང་ནས་གཞན་གྱི་ཁོངས་སུ་བསྡུས།” ཞེས་འབྱུང་། འདི་སྐོར་གཟོང་ཆུང་དུ་འདི་ལས་རྒྱས་ཙམ་བཤད་པའི་དོན་འདི་དང་གཅིག་ཏུ་སྣང་། བྱ་བྱེད་ཀྱི་སྒྲ་ཤེད་མཚུངས་སྟངས་འདི་ནོར་བ་སྟེ། སི་ཏུའི་འགྲེལ་ཆེན་ལས། “གཞུང་འདིར་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་བདག་གཞན་གྱི་དབྱེ་བ་ཟུར་དུ་མཛད་པ་ཡིན་ཞིང་། དེའི་ཞར་ལས་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་རྣམས་ཀྱང་བསྡུས་པ་ཡིན་ནོ།།” ཞེས་གསུངས་པའི་“བྱ་བྱེད་ཀྱི་ཚིག་”ནི། བསྒྲུབ་པར་བྱ་དང་། སྒྲུབ་པར་བྱེད། ལྟ་བུ་བྱ་ལས་དང་བྱེད་ལས་སྟོན་པའི་ཚིག་གཉིས་ཡིན་ལ། “ཕན་ཚུན་”ཞེས་པ་ནི། བྱ་བྱེད་ཀྱི་ཚིག་དེ་གཉིས་ཕན་ཚུན་དང་། “ཤེད་མཚུངས་”ཞེས་པ་ནི་ཚིག་དེ་གཉིས་དོན་སྟོན་པའི་ནུས་པའམ་སྟོབས་མཚུངས་པའི་དོན་ཡིན་པ་ལས། སྒྲུབ་པར་བྱེད་དང་། སྒྲུབ་པ་པོ་གཉིས་ཕན་ཚུན་ཤེད་མཚུངས་པའི་དོན་མིན་ལ། བསྒྲུབ་པར་བྱ་དང་། བསྒྲུབ་བྱའི་ལྷ་གཉིས་ཕན་ཚུན་ཤེད་མཚུངས་པའི་དོན་ཡང་མིན་ཏེ། སྒྲུབ་པ་པོ་དང་བསྒྲུབ་བྱ་ཞེས་པ་གཉིས་བདག་དང་གཞན་གྱི་སྒྲ་གཙོ་བོ་ཡིན་ལ། སྒྲུབ་པར་བྱེད་དང་བསྒྲུབ་པར་བྱ་གཉིས་ནི་དེ་དག་དང་འབྲེལ་བའི་ལས་ཙམ་སྟོན་པ་ལས་བདག་གཞན་གྱི་སྒྲ་གཙོ་བོ་མིན་པས། སྔ་མ་གཉིས་ཕན་ཚུན་སྟོབས་མཚུངས་ལ་ཕྱི་མ་གཉིས་ཕན་ཚུན་སྟོབས་མཚུངས་པ་མ་གཏོགས། ཕྱི་མ་གཉིས་སྔ་མ་གཉིས་དང་སྟོབས་མཚུངས་སུ་ནམ་ཡང་མི་འགྱུར།
བྱ་བྱེད་ཀྱི་ཚིག་བསྒྲུབ་པར་བྱ་དང་སྒྲུབ་པར་བྱེད་ཅེས་པ་གཉིས་ཕན་ཚུན་ཤེད་མཚུངས་སྟངས་ནི། ཅིག་ཤོས་ཀྱིས་བྱ་བའི་ཡུལ་དང་འབྲེལ་བའི་ལས་སྟོན་ཅིང་། ཅིག་ཤོས་ཀྱིས་བྱེད་པ་པོ་དང་འབྲེལ་བའི་ལས་སྟོན་པས། ཕན་ཚུན་ཁ་གཏད་ལྟ་བུས་དོན་སྟོན་པའི་ནུས་པ་འདྲ་མཉམ་ཡིན་པར་བརྟེན་ཕན་ཚུན་ཤེད་མཚུངས་ཟེར་ཞིང་། དེའང་བདག་གཞན་གྱི་ཕྱོགས་གཉིས་ཀར་ཕན་ཚུན་སྟོབས་མཚུངས་སུ་ཡོད་པས་ཅིག་ཤོས་བདག་དང་ཅིག་ཤོས་གཞན་གྱི་ཁོངས་སུ་བསྡུས་པ་ཡིན་ཏེ། སི་ཏུའི་འགྲེལ་ཆེན་ལས་མ་ནིང་ག་ད་གཉིས་དུས་ད་ལྟ་བར་འཇུག་ཚུལ་བཤད་པའི་སྐབས་སུ། “དེའང་དཔེར་ན། གཅར་བར་བྱེད། གཅར་རོ། དཀྲི་བར་བྱེད། དཀྲིའོ། ལྟ་བུ་ད་ལྟ་བའི་སྒྲ་ཡིན་མོད་ཀྱི། གཟུང་བར་བྱ། གཟུང་ངོ་། དགང་བར་བྱ། དགང་ངོ་། ལྟ་བུ་གཞན་གྱི་སྒྲ་ལའང་དེ་དང་ཤེད་མཚུངས་ཡོད་པས་སྔར་སྟོབས་མཚུངས་ཀྱིས་བདག་གཞན་དུ་ཟླས་ཕྱེ་བའི་བདག་སྒྲའི་ཁོངས་སུ་བསྡུས་ནས་བརྗོད་ཟིན་པས། འདིར་ནི་དོན་གྱིས་བདག་བྱེད་པའི་ཚིག་ཡིན་ཡང་གཞན་གྱི་སྒྲ་ལ་དེ་དང་ཤེད་མཚུངས་སྦྱར་རྒྱུ་མེད་པས་གོང་སྨོས་བདག་སྒྲའི་ཁོངས་སུ་སྡུད་པར་མི་འོས་པའི། གཅར་གྱིན་སྣང་ངོ་། གཅར་བཞིན་པའོ། དཀྲི་ཡིན་འདུག་གོ དཀྲི་བཞིན་པའོ། ལྟ་བུ་སྔར་སྨོས་པའི་བདག་སྒྲའི་བྱེད་ཚིག་དེ་རྣམས་ཉིད་བརྗོད་ཚུལ་ཚིག་གྲོགས་ཀྱི་ཁྱད་པར་དང་བཅས་པས་དཔེར་བརྗོད་པར་བྱའོ།། ” ཞེས་གསུངས་པ་འདི་ལས་གསལ་པོར་རྟོགས་ནུས་སོ།།
༧༽ ལྡེ་མིག་ལས། “ཡང་བདག་གཞན་གྱི་དབྱེ་བ་མ་མཛད་ན་ཅིར་འགྱུར་སྙམ་ན། མ་མཛད་ན་སྐྱོན་འདི་ལྟར། དཔེར་ན། སྐལ་ལྡན་གྱིས་སངས་རྒྱས་བསྒྲུབས་ལྟ་བུའི་ཚེ། བསྒྲུབས་ཞེས་པའི་ཚིག་ཁོ་ནས་དུས་འདས་པ་གོ་ནུས་ཀྱང་། སྐལ་ལྡན་དང་སངས་རྒྱས་དེ་ཇི་ལྟ་བུ་ཡིན་ནམ་སྙམ་དོགས་པ་འབྱུང་བའི་སྐྱོན་ཡོད། བདག་གཞན་གྱི་དབྱེ་བ་མཛད་པས་སྐལ་ལྡན་དེ་བདག་བྱེད་པོ་དང་། སངས་རྒྱས་བསྒྲུབ་པར་བྱ་བ་གཞན་དེ་ཡིན་པ་བདེ་བླག་ཏུ་གོ་བའི་དགོས་པ་ཡོད་པས་དེའི་ཕྱིར་བདག་གཞན་གྱི་དབྱེ་བ་མཛད་དོ།།” ཞེས་འབྱུང་། གཟོང་ཆུང་དུ་འདིར་ཕ་མས་བུ་ཕྲུག་བསྐྱངས་ཞེས་སོགས་དཔེར་བརྗོད་བརྗེས་པ་ཙམ་མ་གཏོགས་བཤད་ཚུལ་འདི་དང་གཅིག
བདག་གཞན་གྱི་དབྱེ་བ་མ་མཛད་པའི་སྐྱོན་བཤད་ན་ད་དུང་ཞིབ་ཆ་དང་བཅས་འདི་ལྟར་བཤད་དགོས་སྙམ་སྟེ། དུས་གསུམ་གྱི་དབྱེ་བ་མཛད་ཀྱང་བདག་གཞན་གྱི་དབྱེ་བ་མ་མཛད་ན། བསྒྲུབས་ནི་བྱ་བ་བྱས་ཟིན་པ། སྐལ་ལྡན་ནི་སྒྲུབ་པ་པོ། སངས་རྒྱས་ནི་བསྒྲུབ་བྱ་ཡིན་ཞིང་། དེས་ན་བསྒྲུབས་ནི་དུས་གསུམ་ལས་འདས་པ་ཡིན། སྒྲུབ་པ་པོ་དང་བསྒྲུབ་བྱ་ཞེས་པའི་ཚིག་འདི་གཉིས་འདས་པ་ནི་མིན། ད་ལྟ་བ་དང་མ་འོངས་པའང་མིན་པས་གང་ཡིན་ནམ་སྙམ་པའི་དོགས་པ་འབྱུང་སྲིད། དེ་ལ་བདག་གཞན་གྱི་དབྱེ་བ་མཛད་པས། དོགས་པ་དེ་མི་འབྱུང་བར་སྒྲུབ་པ་པོ་བདག་དང་བསྒྲུབ་བྱ་གཞན་ཡིན་ནོ་ཞེས་བདག་གཞན་གྱི་དབྱེ་བར་བསྡུ་ཐུབ་པའི་དགེ་མཚན་ཡོད་ཅེས་འདི་ལྟར་བཤད་ན། བྱ་ཚིག་དང་འབྲེལ་བའི་བྱེད་པ་པོ་(སྒྲུབ་པ་པོ་)དང་བྱ་བའི་ཡུལ་(བསྒྲུབ་བྱ་)གྱི་སྒྲ་དེ་དག་གི་དབྱེ་བསྡུ་གསལ་བར་འགྱུར་བས་སྐབས་དོན་རྟོགས་པར་ཕན། དེ་མིན་སྐལ་ལྡན་དང་སངས་རྒྱས་ཙམ་ལ་ཐད་ཀར་སྦྱར་ཏེ་བཤད་ན་དེ་གཉིས་ནི་བྱ་ཚིག་མིན་པས་སྐབས་དོན་དུ་མི་འགྱུར། སྒྲུབ་པ་པོ་ཞེས་པ་ད་ལྟ་བ་དང་། བསྒྲུབ་བྱ་ཞེས་པ་མ་འོངས་པར་འདོད་པ་ལྟར་ན་བདག་གཞན་གྱི་དབྱེ་བ་འདི་མཛད་དགོས་དོན་མེད་པར་འགྱུར་བའི་སྐྱོན་འབྱུང་ཚུལ་གོང་དུ་བཤད་ཟིན་པ་ལྟར་རོ།།
༨༽ ལྡེ་མིག་དང་གཟོང་ཆུང་གཉིས་ཀ་ལས། རྩ་ཚིག དེས་ན་དུས་གསུམ་དུ་དབྱེ་བ། །བདག་གཞན་དབྱེ་བས་མ་ཁྱབ་པ། །བསྡུ་བའི་དོན་དུ་ཤེས་དགོས་པར། །ཞེས་པའི་ཐད། “བདག་གཞན་གྱི་དབྱེ་བས་མ་ཁྱབ་པའམ་མ་བསྡུས་པ་ལྕགས་གསེར་དུ་གྱུར་(ཁ་དོག་དམར་པོར་གྱུར་)ལྟ་བུ་དུས་འདས་པ་དང་། ཆུ་འཁྱིལ་བར་འགྱུར་ལྟ་བུ་དུས་མ་འོངས་པ་དང་། གདུགས་འཁྱིར་གྱིན་འདུག འཁྱིར་བཞིན་པའོ། ལྟ་བུ་དུས་ད་ལྟ་བ་རྣམས་སུ་བསྡུ་བའི་དོན་དུ་ཤེས་དགོས།” ཞེས་འབྱུང་། འདིར་རྡོ་རྗེ་རྒྱལ་པོའི་འགྲེལ་པ་ལས་ཀྱང་། “བདག་གཞན་གྱི་དབྱེ་བས་ནི་དེ་ཙམ་དུ་མི་ཁྱབ་སྟེ་བྱེད་པ་པོ་དང་འབྲེལ་བའི་ལས་དང༌། བྱ་བའི་ཡུལ་དང་འབྲེལ་བའི་ལས་མ་གཏོགས་ལས་གཞན་ཏེ། བྱེད་པ་པོ་དང་དངོས་སུ་མ་འབྲེལ་བའི་ལས་བྱ་བྱེད་ཐ་མི་དད་པ་རྣམས་མི་འདུས་སོ།།” ཞེས་འབྱུང་།
བདག་གཞན་གྱི་དབྱེ་བས་མ་ཁྱབ་པའི་དཔེར་བྱེད་མེད་ལས་ཚིག་ཁོ་ན་བཀོད་ཅིང་བྱེད་འབྲེལ་ལས་ཚིག་ཐམས་ཅད་ལ་བདག་གཞན་གྱི་དབྱེ་བས་ཁྱབ་པ་ལྟ་བུར་བཤད་པ་ནི་ཅུང་རྩིང་སྟེ། བྱེད་འབྲེལ་ལས་ཚིག་ལྕགས་གསེར་དུ་བསྒྱུར་ཟིན། བསྒྱུར་བར་འགྱུར། སྒྱུར་བཞིན་པ། ལྟ་བུའང་བདག་གཞན་གྱི་དབྱེ་བས་མ་ཁྱབ་པ་ཡིན་པའི་ཕྱིར་ཏེ། འདི་དག་ནི་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་མིན་པས་བདག་གཞན་གྱི་དབྱེ་བར་མི་འདུ་བ་དང་། གཞན་ཡང་། འགྲོ་བ་པོ་དང་། འགྲོ་བྱ་སོགས་བྱ་བྱེད་ཐ་མི་དད་པའི་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་རྣམས་ཀྱང་བདག་གཞན་གྱི་དབྱེ་བས་མ་ཁྱབ་(འདི་རིགས་ལ་དུས་གསུམ་གྱི་དབྱེ་བས་ཀྱང་མ་ཁྱབ་ཚུལ་གཤམ་དུ་འཆད་པར་འགྱུར།)པ་ཡིན་ཏེ། མདོར་ན་བདག་གཞན་གྱི་དབྱེ་བས་མ་ཁྱབ་པ་ནི། ལྕགས་གསེར་དུ་བསྒྱུར་ཟིན། བསྒྱུར་བར་འགྱུར། སྒྱུར་བཞིན་པ། ལྟ་བུ་བྱེད་འབྲེལ་གྱི་དུས་གསུམ་དང་། ལྕགས་གསེར་དུ་གྱུར་ཟིན། འགྱུར་བར་འགྱུར། འགྱུར་བཞིན་པ་ལྟ་བུ་བྱེད་མེད་ཀྱི་དུས་གསུམ་དང་། འགྱུར་བ་པོ། འགྱུར་བྱ་ལྟ་བུ་བྱ་བྱེད་ཐ་མི་དད་པའི་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་བཅས་མང་ཙམ་ཡོད་པ་ལས། བྱེད་མེད་ཀྱི་དུས་གསུམ་ཁོ་ན་མིན་ནོ།།
འདིར་སི་ཏུའི་ཞལ་ལུང་ལས། “བདག་གཞན་གྱི་དབྱེ་བས་ནི་བྱ་བྱེད་ཀྱི་ལས་ཐམས་ཅད་ལ་མ་ཁྱབ་སྟེ། བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་བྱེད་ཀྱི་ལས་རྣམས་ལ་མ་ཁྱབ་པའི་ཕྱིར་རོ།།” ཞེས་གསུངས་པ་འདི་ལ་བརྟེན་ནས་དེ་ལྟར་བཤད་པ་ཡིན་སྲིད་ཀྱང༌། འདི་ནི་སི་ཏུའི་བཞེད་པ་དང་མི་མཐུན་ཏེ། སི་ཏུའི་འགྲེལ་ཆེན་ལས། “དབྱེ་བ་དེ་གཉིས་(བདག་གཞན་གཉིས།)སུ་མ་འདུས་པའི་དུས་གསུམ་ལས་བྱས་ཟིན་འདས་པའི་སྒྲ་ནི། བསྒྲུབས། བསྟནད། བཅད། ཕྱུང་། གྲུབ། ཆད། བྱུང་། ལྟ་བུ་དང་། བྱེད་བཞིན་ད་ལྟ་བའི་སྒྲ་ནི། ད་ལྟ་སྒྲུབ་བཞིན་པ། སྟོན་བཞིན་པ། གཅོད་བཞིན་པ། འབྱིན་བཞིན་པ། འགྲུབ་པར་བྱེད། འཆད་པར་བྱེད། འབྱུང་བར་བྱེད། འགྲུབ་བཞིན་པ། འཆད་བཞིན་པ། འབྱུང་བཞིན་པ་ལྟ་བུ་དང་། བྱ་འགྱུར་མ་འོངས་པའི་སྒྲ་ནི། འགྲུབ་པར་འགྱུར། འཆད་པར་འགྱུར། འབྱུང་བར་འགྱུར། འགྲུབ་བོ། འཆད་དོ། འབྱུང་ངོ་། འགྲུབ་པར་བྱ། འབྱུང་བར་བྱ་ལྟ་བུ་སྟེ། འདི་དག་གིས་མཚོན་ནས་ཀུན་ལ་བསྒྲེ་བར་བྱའོ།།” ཞེས་བདག་གཞན་གྱི་དབྱེ་བར་མ་འདུས་པའི་དུས་གསུམ་གྱི་སྒྲ་ལ་བྱེད་འབྲེལ་བྱེད་མེད་གཉིས་ཀའི་དུས་གསུམ་གྱི་སྒྲ་རྣམས་བཀོད་ཡོད་པ་ལས་བྱེད་མེད་ཁོ་ན་ཡིན་དགོས་པ་ལྟ་བུ་གསུངས་མེད། འོན་ཀྱང་མ་འོངས་པའི་སྒྲ་ལ་བྱེད་མེད་ལས་ཚིག་ཤ་སྟག་བཀོད་འདུག་པ་ནི་མཚོན་བྱེད་ཕྱོགས་གཅིག་ཙམ་ལ་དགོངས་པ་ཡིན་ནམ་སྙམ་སྟེ་དཔྱད།
༩༽ ལྡེ་མིག་ལས། ༡ “སྔོན་འཇུག་འ་ཡིག་སྐབས་བྱེད་ལས་ཙམ་དང་འབྲེལ་བ་ཡི། ཆོས་འཆད་པ་པོ། འཆད་པར་བྱེད། ལྟ་བུ་དངོས་པོ་བདག་ལའང་འཇུག་པ་མཐོང་ངོ་།།” ཞེས་དང་། ༢ “ཆོས་འཆད་པ་པོ། འཆད་པར་བྱེད། འཆད་པར་འགྱུར། མདུད་པ་འགྲོལ་བ་པོ། འགྲོལ་བར་བྱེད། འགྲོལ་བར་འགྱུར། དེ་སོགས་དངོས་པོ་བདག་ཡིན་པས་དེ་བསྒྲུབ་པའི་ཕྱིར་འཇུག་གོ།” ཞེས་དང་། ༣ “མོ་ཡིག་བདག་དོན་ཕལ་པ་ལ་འཇུག་པའི་དཔེ་ནི། ཤར་དུ་འགྲོ་བ་པོ། འགྲོ་བར་བྱེད། འགྲོ་བར་འགྱུར་རོ། མགོ་འཁོར་བ་པོ། འཁོར་བྱེད། ཤར་ཕྱོགས་ནས་འཆར་བ་པོ། འཆར་བྱེད། འོད་འཚེར་བ་པོ། འཚེར་བྱེད། སོགས་བྱ་བྱེད་ངོ་བོ་གཅིག་པའམ་ཐ་མི་དད་པར་སྣང་བའི་བདག་དོན་ཕལ་པ་ལ་འཇུག་པའོ།།” ཞེས་འབྱུང་།
འདིའི་དང་པོ་ནི། དཀའ་གནད་གསལ་མེ་ལས། “གསུངས་ཀྱང་སྔོན་འཇུག་འ་ཡིག་སྐབས། །བྱེད་ལས་ཙམ་དང་འབྲེལ་བ་ཡི། །དངོས་པོ་བདག་ལའང་འཇུག་པ་མཐོང་། །” ཞེས་གསུངས་པ་དེའི་ཐད་ཀྱི་འགྲེལ་བཤད་དང་། ཕྱི་མ་གཉིས་ནི། “མོ་ཡིག་འ་ནི་འཆད་པ་པོ། །འཆད་པར་བྱེད་དང་འཆད་པར་འགྱུར། །ཞེས་སོགས་དངོས་པོ་བདག་དངོས་དང་། །འགྲོ་བ་པོ་དང་འགྲོ་བར་བྱེད། །ཅེས་སོགས་བདག་དོན་ཕལ་པ་དང་། །” ཞེས་གསུངས་པའི་ཐད་ཀྱི་འགྲེལ་བཤད་ཡིན་ལ། འཆད་པ་པོ་སོགས་ནི་གསལ་མེར་བདག་དངོས་ཀྱི་དཔེར་བཀོད་ནའང་། འགྲེལ་བཤད་དུ་ཆོས་འཆད་པ་པོ་སོགས་ནི་བྱེད་ལས་ཙམ་དང་འབྲེལ་བའི་བདག་དང་བདག་དངོས་གཉིས་ཀའི་དཔེར་བཀོད་པ་ནི་སྔ་ཕྱི་ནང་འགལ་དུ་གྱུར།
བྱེད་ལས་ཙམ་དང་འབྲེལ་བའི་དངོས་པོ་བདག་གམ་བདག་དོན་ཕལ་པ་ཞེས་པ་ནི། བྱ་བྱེད་ཐ་མི་དད་པའི་བྱེད་པ་པོ་ལ་གོ་དགོས་པ་ཡིན་ཏེ། འདིའི་ཁུངས་སི་ཏུའི་འགྲེལ་ཆེན་ལས། “གང་ཞིག་ལས་སམ་བྱ་རྒྱུ་དེ་དང་ཐ་མི་དད་པ་ལྟར་སྣང་བའི་བྱེད་པ་པོའི་ཚིག་རྣམས་ཀྱང་ཕལ་ཆེར་འས་འཕུལ་ཅན་དུ་ཤེས་དགོས་ཏེ། དཔེར་ན། རྟེན་ལ་འཁར་བ་པོ། འཁར་བྱེད། ངག་འཁུན་པ་པོ། འཁུན་བྱེད། གདན་ལ་འཁོད་པ་པོ། འཁོད་བྱེད། འཁོར་བར་འཁོར་བ་པོ། འཁོར་བྱེད།་་་་་་་་་” ཅེས་སོགས་གསུངས་པ་ལྟར་རོ།། འོན་ཀྱང་སི་ཏུའི་འགྲེལ་ཆེན་དང་སི་ཏུའི་ཞལ་ལུང་དུ་འདི་ལ་བྱེད་ལས་ཙམ་དང་འབྲེལ་བའི་དངོས་པོ་བདག་ཅེས་པ་དང་། བདག་དོན་ཕལ་པ་ཞེས་པའི་བརྡ་སྦྱར་བ་མེད་ལ། འགྲོ་བར་བྱེད་སོགས་བྱེད་ལས་དང་། འགྲོ་བར་འགྱུར་སོགས་མ་འོངས་པའི་ཚིག་རྣམས་འདིའི་དཔེར་བཀོད་པའང་མེད་ཅིང་། ལྷག་པར་དུ། འགྲོ་བར་བྱེད་དང་འགྲོ་བར་འགྱུར་སོགས་ནི་བྱ་བྱེད་ཐ་མི་དད་པའི་ཚིག་ཡིན་ནའང་། བྱ་བྱེད་ཐ་མི་དད་པའི་བྱེད་པ་པོ་སྟོན་པའི་ཚིག་མིན་པས་སྐབས་འདིའི་དཔེར་བཀོད་པ་མི་འཐད་དོ།།
དེ་བཞིན་གསལ་མེ་རང་དུ། གཅོད་པར་འགྱུར། དཀྲི་བར་འགྱུར། འཆད་པར་འགྱུར་རྣམས་དངོས་པོ་བདག་གི་དཔེར་བཀོད་པའང་འཐད་མིན་དཔྱད་གཞི་སྟེ། འགྲེལ་པ་གཟོང་ཆུང་རྣོན་པོར་ཡང་། “འདིར་གཅོད་པར་འགྱུར་ཞེས་པ་ཚིག་ཟིན་ལ་དངོས་པོ་བདག་ལ་འཇུག་པར་གསུངས་ཀྱང་། དོན་དུ་གཅོད་པར་འགྱུར་བར་བྱེད་ལྟ་བུ་འགྱུར་བྱེད་ད་ལྟ་བ་ལ་དགོངས་ནས་གསུངས་པ་མིན་ནམ་སྙམ། གཞན་གཅོད་པར་འགྱུར་ལྟ་བུ་ནི་བྱེད་པའི་ལས་མ་འོངས་པ་ཡིན་གྱིས་དངོས་པོ་བདག་ལ་དུས་ད་ལྟ་བ་དགོས་སམ་སྙམ།” ཞེས་དོགས་དཔྱོད་གནང་འདུག
༡༠༽ ལྡེ་མིག་ལས། རྩ་ཚིག གཞན་ཡང་ཚིག་དོན་གོང་འོག་ཏུ། །བསྡུ་རྒྱུ་ཡོད་ན་སྡུད་པའི་སྒྲ། །དང་དང་ཀྱང་ཡང་འང་སོགས་སྦྱོར། །ཞེས་པའི་ཐད་དུ། “བསད་ཀྱང་ལངས། མགོ་ཡང་གུག སྐྲའང་དཀར།” ཞེས་འབྱུང་།
བསད་ཀྱང་ལངས་ཞེས་པ་ནི་མི་མཐུན་པའི་ཚིག་རྒྱན་ཡིན་པས་སྐབས་འདིའི་དཔེར་མི་འགྲོ་ཞིང་། དེའི་གཤམ་དུ། རྒྱན་དུ་གྱུར་པའི་ཚིག་ཕྲད་ཀྱང་། །དོན་ལ་བསྙེགས་པ་ཡོད་ན་སྦྱོར། །ཞེས་པའི་སྐབས་ཀྱི་དཔེར་བཀོད་ན་འགྲིག་གོ །
གཉིས་པ། འགྲེལ་པ་གཟོང་ཆུང་རྣོན་པོ་ལ་དཔྱད་པ།
འགྲེལ་པ་གཟོང་ཆུང་རྣོན་པོར་འགྲེལ་པ་གསེར་གྱི་ལྡེ་མིག་ནང་གི་སྐྱོན་གཅིག་མཚུངས་སུ་འབྱུང་བ་རྣམས་གོང་དུ་བརྗོད་ཟིན་པའི་ཐོག སྐྱོན་གཞན་ཁག་ཅིག་ཡོད་པ་ནི།
༡༽ གཟོང་ཆུང་ལས། “རྩིག་ངོས་སུ་རི་མོ་མཁན་གྱིས་པིར་གྱིས་པདྨའི་མེ་ཏོག་བྲི་བར་བྱ་ལྟ་བུ་ལ་མཚོན་ན། རྩིག་ངོས་ནི་བྲི་ཡུལ་ཏེ་བྱ་བའི་དོན་གྱི་ཡུལ་ཡིན་ཞིང་། རི་མོ་མཁན་དང་དེ་གསལ་བྱེད་ཀྱི་སྒྲ་འབྲི་བ་པོ་དང་། པིར་དང་དེ་གསལ་བྱེད་ཀྱི་སྒྲ་འབྲི་བྱེད་གཉིས་ལ་དངོས་པོ་བདག་ཟེར་བ་དང༌། པདྨའི་མེ་ཏོག་དང་དེ་གསལ་བྱེད་ཀྱི་སྒྲ་བྲི་བྱ་དང་། བྱ་ལས་མ་འོངས་པ་དང་དེ་གསལ་བྱེད་ཀྱི་སྒྲ་བྲི་བར་བྱ་གཉིས་ལ་དངོས་པོ་གཞན་ཟེར་བ་ཡིན་ནོ།།” ཞེས་འབྱུང་།
འདི་ཅུང་ཟད་རྩིང་སྟེ། སི་ཏུའི་འགྲེལ་ཆེན་ལྟར་ན། རི་མོ་མཁན་དང་པིར་གཉིས་ལ་དངོས་པོ་བདག་དང་། དེ་དག་གསལ་བྱེད་ཀྱི་སྒྲ་འབྲི་བ་པོ་དང་འབྲི་བྱེད་གཉིས་ལ་དངོས་པོ་བདག་ལ་འཇུག་པའི་སྒྲའམ། བདག་གི་དངོས་པོའི་སྒྲའམ། བདག་གི་སྒྲ་ཟེར། པདྨའི་མེ་ཏོག་དང་དེ་དང་འབྲེལ་བའི་བྱ་ལས་གཉིས་ལ་དངོས་པོ་གཞན་དང་། དེ་དག་གསལ་བྱེད་ཀྱི་སྒྲ་བྲི་བྱ་དང་བྲི་བར་བྱ་གཉིས་ལ་དངོས་པོ་གཞན་ལ་འཇུག་པའི་སྒྲའམ། གཞན་གྱི་དངོས་པོའི་སྒྲའམ། གཞན་གྱི་སྒྲ་ཟེར་ཏེ། འགྲེལ་ཆེན་ལས། “བྱེད་པ་པོ་བདག་གི་དངོས་པོའི་སྒྲ་ནི། སྒྲུབ་པ་པོ། སྟོན་པ་པོ། ་་་་་་་” ཞེས་སོགས་དང་། “བྱ་བའི་ཡུལ་གཞན་གྱི་དངོས་པོའི་སྒྲ་ནི། བསྒྲུབ་པར་བྱ་བ། བསྟན་པར་བྱ་བ། ་་་་་་་་་་” ཞེས་སོགས་གསུངས་པ་ལྟར་རོ། ། འོན་ཀྱང་ཚིག་བསྡུས་ནས་བརྗོད་པའམ་སྟབས་བདེར་བརྗོད་པའི་སྐབས་སུ། བདག་གི་སྒྲ་ལ་བདག་དང་གཞན་གྱི་སྒྲ་ལ་གཞན་ཞེས་བརྗོད་པ་ནི་རྩ་འགྲེལ་ཀུན་ཏུ་མང་བས་སྐབས་ཕྱེད་པར་བྱའོ། །
༢༽ གཟོང་ཆུང་ལས། རྩ་ཚིག དེ་ཕྱིར་དུས་གསུམ་དབྱེ་བས་ནི། །བྱེད་ལས་དང་འབྲེལ་ངག་གི་ནི། །སྦྱོར་བ་ཀུན་ལ་ཁྱབ་པ་ཡིན། །ཞེས་པའི་ཐད་དུ། “དེ་ལྟ་བུའི་བྱ་བྱེད་ཀྱི་ལས་དང་འབྲེལ་བའི་ངག་གི་སྦྱོར་བའམ་ངག་ཡིན་ཚད་ཐམས་ཅད་ཡང་ན་དུས་འདས་པ། ཡང་ན་དུས་མ་འོངས་པ། ཡང་ན་དུས་ད་ལྟ་བ་ཡིན་དགོས་ཞེས་པའི་དོན་ནོ། །དཔེར་ན། སྒྲུབ་པ་པོ། སྒྲུབ་པར་བྱེད། བསྒྲུབ་བྱའི་ལས། བསྒྲུབས་ཟིན། འཁོར་བཞིན་པ། ཤིང་ཆད། འོད་གསལ་བར་འགྱུར་ལྟ་བུ་འདི་རྣམས་བྱ་བྱེད་དང་འབྲེལ་བའི་ངག་ཡིན་པས་དུས་གསུམ་གང་རུང་དུ་མ་གཏོགས་པ་མེད་དོ། །” ཞེས་འབྱུང་།
འདིར་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་གཉིས་དུས་གསུམ་དུ་བསྡུ་བ་མི་འཐད་ཚུལ་གོང་དུ་བཤད་ཟིན་ལ་འོག་ཏུའང་ཅུང་ཟད་འཆད་པར་འགྱུར་བ་དང་། སྤྱིར་དུས་གསུམ་གྱི་དབྱེ་བས་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཀུན་ལ་ཁྱབ་ཅེས་པའི་དོན་ཡང་དེ་འདྲ་ཞིག་མིན་ཏེ། སི་ཏུའི་འགྲེལ་ཆེན་ལས། “རྒྱུ་མཚན་འདིས་(བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ཇི་ལྟར་ཡང་བྱ་བ་བྱས་ཟིན་པ། བྱེད་པར་འགྱུར་བ། བྱེད་བཞིན་པ་གསུམ་དང་། ཡང་བྱེད་ལས་དང་། བྱ་ལས་བཅས་དེ་ཐམས་ཅད་དུས་གསུམ་དུ་འདུ་བའི་རྒྱུ་མཚན་གྱིས།)དུས་གསུམ་གྱི་དབྱེ་བས་ནི་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་ཁྱབ།” ཅེས་དང་། “སྐབས་འདིའི་དུས་གསུམ་གྱི་དབྱེ་བ་ནི་བྱེད་ལས་སམ་བྱ་ཚིག་གི་སྒོ་ནས་འབྱེད་དགོས་ཤིང་།” ཞེས་གསུང་སྟེ། འདིར་གསུངས་པའི་བྱེད་ལས་ནི་བྱ་ལས་བྱེད་ལས་གཉིས་ཀྱི་ཟླས་ཕྱེ་བའི་བྱེད་ལས་ཙམ་མིན་པར། བྱེད་པ་པོ་གཙོ་ཕལ་གང་རུང་ཞིག་དང་དངོས་སུའམ་ཤུགས་ཀྱིས་འབྲེལ་བའི་ལས་ཏེ་བྱ་བ་སྤྱི་ཙམ་ལ་གོ་དགོས་ཤིང་། དེ་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་གྱི་བྱ་བ་ཐམས་ཅད་དེ། དེ་ལྟ་བུའི་བྱ་བའམ་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཞེས་པ་ནི་བྱ་ཚིག་ཅེས་པའི་དོན་ཡིན། མདོར་ན་བྱ་ཚིག་ཐམས་ཅད་ལ་དུས་གསུམ་གྱི་དབྱེ་བས་ཁྱབ་ཅེས་པའི་དོན་ཡིན་པ་ནི་འགྲེལ་ཆེན་གྱི་ཚིག་ཟིན་དེར་བརྟགས་ན་ཤེས་ཤིང་། དུས་གསུམ་གྱི་གོ་དོན་བཤད་པའི་སྐབས་སུའང་འགྲེལ་ཆེན་ལས། “བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ཇི་ལྟར་ཡང་རུང་བྱ་བ་བྱས་ཟིན་པ་ནི་དུས་འདས་པ་དང་། བྱ་བ་བྱེད་པར་འགྱུར་བ་ནི་དུས་མ་འོངས་པ་དང་། བྱ་བ་བྱེད་བཞིན་པ་ནི་དུས་ད་ལྟ་བ་ཡིན་ནོ།།” ཞེས་དང་། “བསྒྲུབས། བསྟནད། བཅད། ་་་་་་་” ཅེས་སོགས་དུས་གསུམ་གྱི་དཔེར་བརྗོད་གོང་དུ་དྲངས་ཟིན་པ་བཅས་ཀྱིས་གསལ་བར་ཤེས་སོ།།
དེས་ན། སྒྲུབ་པ་པོ་དང་། བསྒྲུབ་བྱའི་ལས། ཞེས་པའི་ཚིག་ཟུར་གྱི་སྒྲུབ་དང་བསྒྲུབ་གཉིས་བྱ་ཚིག་ཡིན་ནའང་། སྒྲུབ་པ་པོ་ཞེས་པ་ནི་བྱ་བ་སྟོན་པའི་བྱ་ཚིག་མིན་པར་བྱ་བ་སྒྲུབ་མཁན་གྱི་གང་ཟག་སྟོན་པའི་བྱེད་པ་པོའི་ཚིག་དང་། བསྒྲུབ་བྱའི་ལས་ཞེས་པའང་བྱ་བ་སྟོན་པའི་བྱ་ཚིག་མིན་པར་བསྒྲུབ་བྱའི་ལས་ཀྱི་དངོས་པོ་སྟོན་པའི་བྱ་བའི་ཡུལ་གྱི་ཚིག་ཡིན་པས། དེ་དག་ལ་དུས་གསུམ་གྱི་དབྱེ་བ་བཤད་དུ་མེད་ཅིང་དུས་གསུམ་གྱི་དབྱེ་བས་མ་ཁྱབ་པ་ཡིན་ནོ།།
འདིར་སི་ཏུའི་ཞལ་ལུང་དུ། “དུས་གསུམ་གྱི་དབྱེ་བས་ནི། བྱ་བྱེད་ཀྱི་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་ཁྱབ་སྟེ། བྱ་བའི་ལས་ཐམས་ཅད་མ་འོངས་པ་དང་། བྱེད་པའི་ལས་ཐམས་ཅད་ད་ལྟ་བ་ཡིན་པས་སོ། །” ཞེས་དུས་གསུམ་གྱི་དབྱེ་བས་ཁྱབ་པ་ནི་བྱ་ལས་མ་འོངས་པ་དང་བྱེད་ལས་ད་ལྟ་བ་ཙམ་ཡིན་པར་གསུངས་པ་ནི་སི་ཏུའི་བཞེད་པ་དང་བསྟུན་ན་ཁྱབ་ཆུངས་སོ།།
༣༽ གཟོང་ཆུང་ལས། “བདག་ལྷ་སར་འགྲོ་ལྟ་བུའི་བྱ་བྱེད་གཉིས་ཐ་དད་དམ་སོ་སོར་ཕྱེ་རྒྱུ་མེད་པ་དང་། འགྲོ་བྱ་ཞེས་པའི་བྱ་ཚིག་དེ་ཉིད་འགྲོ་བ་པོ་བདག་ལ་འཇུག་པ་དང་། འགྲོ་བ་པོ་ནི་འགྲོ་བྱ་ཞེས་པའི་བྱ་ཚིག་དངོས་འཇུག་སའི་གཞི་ཡིན་པས་བྱ་བ་འཇུག་པའི་ཡུལ་ཡིན་ཀྱང་བྱ་བྱེད་ལས་གསུམ་དུ་ཕྱེ་བའི་ལས་མིན། འགྲོ་བྱ་ཞེས་པ་དེ་འགྲོ་ཡུལ་ལྷ་ས་ལ་མི་འཇུག་ཅིང་། འགྲོ་ཡུལ་ལྷ་ས་དེ་ཉིད་བྱ་བ་བྱེད་པའི་ཡུལ་ཙམ་ཡིན་པ་ལས་བྱ་བ་འཇུག་པའི་གཞི་མ་ཡིན། དེ་མིན་པས་བྱ་བྱེད་ལས་གསུམ་དུ་ཕྱེ་བའི་ལས་མ་རེད།” ཅེས་འབྱུང་།
སྐབས་འདིར་འགྲོ་བྱ་ལ་བྱ་བའི་ཡུལ་གྱི་སྒྲ་ཟེར་དགོས་པ་ལས་བྱ་ཚིག་ཟེར་བ་མི་འཐད་ཚུལ་གོང་དུ་བཤད་ཟིན་པ་དང་འདྲ་ཞིང་། འགྲོ་བ་པོ་ནི་བྱ་བ་འཇུག་པའི་ཡུལ་ཡིན་ཟེར་བ་དང་། འགྲོ་ཡུལ་ལྷ་ས་ནི་བྱ་བ་འཇུག་པའི་གཞི་མིན་ཟེར་བ་ནི་བཤད་པ་གོ་ལོག་ཅིག་སྟེ། སི་ཏུའི་འགྲེལ་ཆེན་ལྟར་ན་འགྲོ་ཡུལ་ལྷ་ས་ནི་བྱ་བ་འཇུག་པའི་གཞིའམ་ཡུལ་ཡིན་ལ་འགྲོ་བ་པོ་ནི་དེ་མིན། དེའང་སི་ཏུའི་འགྲེལ་ཆེན་ལྟར་ན་བྱ་བའི་ཡུལ་ལ་རིགས་བཞི་ཡོད་དེ། འགྲེལ་ཆེན་ལས། ༡ “ལྷ་ལ་ཕྱག་འཚལ། གཟུགས་ལ་ལྟ། ཤར་དུ་འགྲོ། ལྟ་བུའི་ལྷ། གཟུགས། ཤར་རྣམས་ནི་ཕྱག་འཚལ་བ་དང་། ལྟ་བ་དང་འགྲོ་བ་རྣམས་ཀྱི་བྱ་བ་འཇུག་པའི་ཡུལ་ཡིན་པས་དེ་དག་ལ་ལས་ཀྱི་རྣམ་དབྱེ་འཇུག་པ་ཡིན་ནོ།།” ཞེས་རྣམ་དབྱེ་གཉིས་པ་འཇུག་ཡུལ་གྱི་བྱ་བའི་ཡུལ་ལ་བྱ་བ་འཇུག་པའི་ཡུལ་ཞེས་གསུངས། ༢ ཡང་། “ལོ་ཏོག་ལ་ཆུ་འདྲེན། ནོར་འཚོང་དུ་འགྲོ། སློང་མོ་པ་ལ་ཟན་སྦྱིན། ལྟ་བུ། ཆུ་འདྲེན་པ་དང་། འགྲོ་བ་དང་། ཟན་སྦྱིན་པ་རྣམས་བྱ་བ་ཡིན་ཞིང་། དེ་གང་གི་དོན་ནམ་ཆེད་དུ་བྱ་བའི་ཡུལ། ལོ་ཏོག ནོར་འཚོང་། སློང་མོ་པ་རྣམས་ལ་བཞི་པ་དགོས་ཆེད་ཀྱི་རྣམ་དབྱེ་འཇུག་པ་ཡིན་ནོ།།” ཞེས་རྣམ་དབྱེ་བཞི་པ་འཇུག་ཡུལ་གྱི་བྱ་བའི་ཡུལ་ལ་ཆེད་དུ་བྱ་བའི་ཡུལ་ཞེས་གསུངས། ༣ ཡང་། “ཆུ་ལ་ཞུགས། ཁུང་དུ་འཛུལ། གཡུལ་དུ་གོ་བགོས། གཡུལ་དུ་བསད། ལྟ་བུ་རྣམས་ཀྱང་ཞུགས་པ་དང་འཛུལ་བ་དང་གོ་བགོས་པ་དང་བསད་པ་རྣམས་ཀྱི་བྱ་བ་དེ་དག་གི་རྟེན་རིམ་བཞིན་དུ་ཆུ་ལ་སོགས་པ་དེ་དག་ཡིན་པས། ལ་དོན་གྱི་རྣམ་དབྱེ་དེ་རྣམས་བདུན་པའི་དོན་དུ་འགྱུར་བ་ཡིན་གྱི། རྣམ་དབྱེ་གཉིས་པ་ལས་ཀྱི་དོན་མ་ཡིན་པར་ཤེས་པར་བྱའོ།།” ཞེས་རྣམ་དབྱེ་བདུན་པ་འཇུག་ཡུལ་གྱི་བྱ་བའི་ཡུལ་ལ་བྱ་བའི་རྟེན་གཞིའམ་བྱ་བའི་གནས་ཡུལ་ཞེས་གསུངས། ༤ ཡང་། “དེས་(བདག་བྱེད་པ་པོས་)བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་གཞན་ཞེས་བྱའོ།།” ཞེས་བདག་བྱེད་པ་པོའི་ཁ་གཏད་ཀྱི་གཞན་བྱ་བའི་ཡུལ་ལ་བསྒྲུབ་པར་བྱ་བའི་ཡུལ་ཞེས་གསུངས་ཤིང་། བསྒྲུབ་པར་བྱ་བའི་ཡུལ་འདི་ལའང་བྱེད་པ་པོ་དང་ཐ་དད་ཡིན་མིན་རིགས་གཉིས་ཡོད།
དེས་ན་བདག་ལྷ་སར་འགྲོ་ཞེས་པའི་ལ་དོན་འདི་རྣམ་དབྱེ་གཉིས་པ་ཡིན་པར་རྩོད་པ་མེད་པས། འགྲོ་ཡུལ་ལྷ་ས་ནི་འགྲོ་བའི་བྱ་བ་འཇུག་པའི་ཡུལ་ཡིན་ལ། འགྲོ་བ་པོ་བདག་ནི་འགྲོ་བའི་བྱ་བ་བྱེད་མཁན་གྱི་བྱེད་པ་པོ་ཡིན་པ་ལས་བྱ་བ་འཇུག་པའི་ཡུལ་ག་ལ་ཡིན་ཏེ་མ་ཡིན་ནོ། །དེའང་འགྲེལ་ཚིག་ “འགྲོ་བ་པོ་ནི་འགྲོ་བྱ་ཞེས་པའི་བྱ་ཚིག་དངོས་འཇུག་སའི་གཞི་ཡིན་པས་བྱ་བ་འཇུག་པའི་ཡུལ་ཡིན།” ཟེར་བ་འདིའི་དོན་ནི། འགྲོ་བ་པོ་དང་འགྲོ་བྱ་ཐ་དད་དུ་མེད་པས། འགྲོ་བ་པོའང་བྱ་བའི་ཡུལ་ཡིན་ཟེར་བའི་དོན་ཡིན་ཚོད་འདུག་ཀྱང་། འདིའི་བྱ་བའི་ཡུལ་ནི་(བྱ་བྱེད་ཐ་མི་དད་པའི་)བསྒྲུབ་པར་བྱ་བའི་ཡུལ་ཡིན་པ་ལས་བྱ་བ་འཇུག་པའི་ཡུལ་མིན་ཏེ། འདིར་འགྲོ་བྱ་དང་འགྲོ་ཡུལ་ཞེས་པའི་བྱ་བའི་ཡུལ་གྱི་ཚིག་གཉིས་ཡོད་པ་ལས། སྔ་མ་ནི་(བྱ་བྱེད་ཐ་མི་དད་པའི་)བྱ་བ་བསྒྲུབ་པར་བྱ་བའི་ཡུལ་དང་། ཕྱི་མ་ནི་བྱ་བ་འཇུག་པའི་ཡུལ་ཡིན་པས་མི་འདྲ་ཞིང་། སྔ་མར་རྣམ་དབྱེ་གཉིས་པ་མི་འཇུག་ལ་ཕྱི་མར་འཇུག་པ་སོགས་ཀྱི་ཁྱད་པར་ཡང་ཡོད་པས། སྐབས་སོ་སོའི་བྱ་བའི་ཡུལ་གྱི་དོན་ནམ་ངོ་བོ་འཁྲུག་མི་རུང་ངོ་། །
༤༽ གཟོང་ཆུང་ལས། རྩ་ཚིག དེས་ན་དུས་གསུམ་དུ་དབྱེ་བ། །བདག་གཞན་དབྱེ་བས་མ་ཁྱབ་པ། །བསྡུ་བའི་དོན་དུ་ཤེས་དགོས་པར། །གསུངས་ཀྱང་སྔོན་འཇུག་འ་ཡིག་སྐབས། །བྱེད་ལས་ཙམ་དང་འབྲེལ་བ་ཡི། །དངོས་པོ་བདག་ལའང་འཇུག་པ་མཐོང་། །ཞེས་པའི་ཐད་དུ། “གསུངས་ཀྱང་སྟེ་ཞལ་ལུང་དུ་གསུངས་པའི་ཕྱིར་རོ།” ཞེས་འབྱུང་།
འདིའི་ཞལ་ལུང་ནི་སི་ཏུའི་ཞལ་ལུང་ཡིན་ཚོད་ཀྱང་། འདི་ཐོག་མར་གསུང་མཁན་ནི་སི་ཏུའི་ཞལ་ལུང་མིན་པར་སི་ཏུའི་འགྲེལ་ཆེན་ལས་ཐོག་མར་གསུངས་པ་སྟེ། གོང་དུ་དྲངས་ཟིན་པ། “ཅི་ཕྱིར་འཇུག་གི་གཞུང་འདི་འཆད་པའི་སྐབས་སུ་དུས་གསུམ་གྱི་དབྱེ་བས་བཤད་པ་རྣམས་ནི། བདག་གཞན་གྱི་དབྱེ་བས་མ་ཁྱབ་པའི་ལྷག་མ་རྣམས་བསྡུ་བའི་དོན་དུ་བལྟ་བར་བྱའོ།།” ཞེས་གསུངས་པ་འདི་ཡིན།
ཡང་འདིར། “སྔོན་འཇུག་འ་ཡིག་སྐབས་བྱེད་ལས་དང་འབྲེལ་བ་ཡི་རིག་གནས་འཆད་པ་པོ། འཆད་པར་བྱེད། ནོལ་འཚོལ་བ་པོ། འཚོལ་བར་བྱེད་ལྟ་བུ་དངོས་པོ་བདག་ལའང་འཇུག་པ་མཐོང་ཞེས་པའོ།།བྱེད་ལས་ཙམ་དང་ཞེས་པའི་ཙམ་གྱི་སྒྲ་དང་བདག་ལའང་འཇུག་པ་མཐོང་ཞེས་པའི་འང་སྒྲ་གཉིས་ཀྱིས་བྱེད་ལས་ཏེ་བྱེད་པ་པོ་གཞན་དང་མ་འབྲེལ་བ་མེ་འབར། རྟ་འདྲོགས། ང་འགྲོ་ལྟ་བུ་རྣམས་ཀྱང་བདག་དོན་ཕལ་པར་འདུས་པར་མཐོང་ངོ་ཞེས་བསྟན་ཏོ།།” ཞེས་འབྱུང་།
འདིར་རྩ་ཚིག་གི་འབྲུ་གཉེར་བ་ན། “འཚོལ་བར་བྱེད་ལྟ་བུ་དངོས་པོ་བདག་ལའང་འཇུག་པ་མཐོང་” ཞེས་དང་། “ང་འགྲོ་ལྟ་བུ་རྣམས་ཀྱང་བདག་དོན་ཕལ་པར་འདུས་པར་མཐོང་” ཞེས་བཀྲལ་བ་ནི་གསལ་མེའི་ཚིག་ཟིན་དང་མི་མཐུན་ཞིང་། འང་སྒྲའི་བསྡུ་བྱའང་གོ་ལྡོག་པར་མ་ཟད། འདིར་འ་ཡིག་བདག་དངོས་དང་བདག་དོན་ཕལ་པ་གཉིས་ཀར་འཇུག་ཚུལ་བཤད་པ་ནི་དེའི་གཤམ་དུ་འ་ཡིག་རང་གི་སྐབས་དངོས་སུ་འཆད་པར་འགྱུར་བ་དང་ཟློས་སྐྱོན་དུའང་འགྱུར་བ་དང་། འདིར་བཤད་དགོས་པའི་སྐབས་དོན་གཙོ་བོ་མ་འཁྲོལ་བར་སྣང་སྟེ། སྐབས་དོན་གཙོ་བོ་ནི། བདག་གཞན་དང་དུས་གསུམ་གྱི་དབྱེ་བ་གཉིས་སོ་སོར་མཛད་པའི་དགོས་དོན་ཅི་ཡིན་སྐོར་སི་ཏུ་པཎ་ཆེན་གྱིས་གསུངས་པ་དེ་ལྟར་ན། དུས་གསུམ་གྱི་དབྱེ་བ་ནི་བདག་གཞན་གྱི་དབྱེ་བས་མ་ཁྱབ་པའི་བྱ་བྱེད་ཀྱི་ཚིག་ལྷག་མ་རྣམས་བསྡུ་བའི་ཆེད་དུ་ཡིན་པས། བདག་གཞན་གྱི་དབྱེ་བར་མ་འདུས་པ་རྣམས་དུས་གསུམ་གྱི་དབྱེ་བར་བསྡུ་ཐུབ་དགོས་མོད། འོན་ཀྱང་། སི་ཏུ་རང་གིས་དཔེར་བརྗོད་ (རྟེན་ལ་འཁར་བ་པོ། འཁར་བྱེད། ངག་འཁུན་པ་པོ། འཁུན་བྱེད། སོགས་གོང་དུ་དྲངས་ཟིན་ལྟར།) དང་བཅས་གསུངས་པ་ལྟར། སྔོན་འཇུག་འ་ཡིག་བྱ་བྱེད་ཐ་མི་དད་པའི་བྱེད་པ་པོའམ་བྱེད་ལས་ཙམ་དང་འབྲེལ་བའི་དངོས་པོ་བདག་ལའང་འཇུག་པ་མང་པོ་ཞིག་ཡོད་པ་རྣམས་ནི། བདག་དངོས་མིན་པས་བདག་གཞན་གྱི་དབྱེ་བས་མ་ཁྱབ་པར་བརྟེན་དུས་གསུམ་གྱི་དབྱེ་བར་བསྡུ་དགོས་ངེས་ཀྱང་། དེ་དག་ནི་བྱ་བའི་ཡུལ་གྱི་དངོས་པོ་དང་ཐ་མི་དད་པའི་བྱེད་པ་པོ་སྟོན་པའི་སྒྲ་ཡིན་པ་ལས་བྱ་བའི་དུས་རིམ་སྟོན་པའི་སྒྲ་མིན་པས་དུས་གསུམ་གྱི་དབྱེ་བར་ཡང་བསྡུ་མི་ཐུབ། དེས་ན་བདག་གཞན་དང་དུས་གསུམ་གྱི་དབྱེ་བ་གཉིས་ཀའི་ནང་བསྡུ་མི་ཐུབ་པའི་བྱ་བྱེད་ཀྱི་ཚིག་སྐོར་ཞིག་ལྷག་འདུག་པས། དབྱེ་བ་དེ་གཉིས་སོ་སོར་མཛད་པའི་དགོས་དོན་གསུངས་པ་དེ་ལ་ངེས་པ་ཇི་བཞིན་མི་འདུག་གོ་ཞེས་སྐྱོན་བསྟན་པ་ཡིན་ནོ།། ལྷག་མ་འདིའི་རིགས་ནི་སྔོན་འཇུག་གཞན་གྱི་སྐབས་སུའང་ཡོད་མོད་དེ། འ་ཡིག་སྐབས་ཅུང་ཟད་མང་བས་གཙོ་བོར་བཏོན་ནས་གསུངས་པའོ།།
ཡང་། “མེ་འབར། རྟ་འདྲོགས། ང་འགྲོ་ལྟ་བུ་རྣམས་བདག་དོན་ཕལ་པ་ཡིན་” ཟེར་བའང་རྩིང་སྟེ། འདི་དག་ནི་དུས་གསུམ་གྱི་དབྱེ་བར་འདུ་བའི་བྱ་ཚིག་རང་ཡིན་ཞིང་། བདག་དོན་ཕལ་པ་ནི་གོང་སྨོས་ལྟར་དུས་གསུམ་གྱི་ཁོངས་སུ་མི་འདུ་བའི་བྱ་བྱེད་ཐ་མི་དད་ཀྱི་བྱེད་པ་པོ་ལ་ཟེར་བས། འབར་བ་པོ། འདྲོགས་པ་པོ། འགྲོ་བ་པོ་ཞེས་བྲིས་ན་གཞུང་དོན་དང་མཐུན་ནོ།
གསུམ་པ། འགྲེལ་པ་ལེགས་བཤད་འདྲེན་པའི་ཕོ་ཉ་ལ་དཔྱད་པ།
འགྲེལ་པ་འདིའི་ནང་དུ་གོང་སྨོས་ཀྱི་སྐྱོན་དེ་དག་མེད་ནའང་སྐྱོན་གཞན་ཕྲན་བུ་རེ་མཐོང་བ་ནི།
༡༽ འགྲེལ་པ་ལེགས་བཤད་འདྲེན་པའི་ཕོ་ཉ་(གཤམ་དུ་ཕོ་ཉ་ཞེས་འབྲི་རྒྱུ།)ལས། “ཨ་ནི་མཚན་མེད་དམ་རྟགས་མེད་ཅེས་པའང་ཡིན་ནོ།” ཞེས་འབྱུང་།
དཀའ་གནད་གསལ་མེར། “ར་ལ་ཧ་ཨ་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །” ཞེས་གསུངས་པ་ལྟར། ཨ་ནི་མོ་གཤམ་ཡིན་པར་མ་ཟད་མཚན་མེད་ཀྱང་ཡིན་པ་སྟེ། དེ་ཡིན་ཚུལ་ནི། སི་ཏུའི་འགྲེལ་ཆེན་ལས། “ཨ་ཡིག་རྩོལ་བ་ཤིན་ཏུ་ལྷོད་པའི་སྒོ་ནས་མོ་གཤམ་དུ་བཞག་མོད་ཀྱི། ར་ལ་ཧ་གསུམ་ལ་ལྟོས་པའི་དེ་ལས་ཀྱང་རྩོལ་བ་ཞན་པའི་ཕྱིར་མཚན་མེད་དུའང་བཞག་གོ།” ཞེས་དང་། “མཚན་མེད་ཅེས་པས་དེ་མོ་གཤམ་ཡིན་ཡང་མོ་གཤམ་གྱི་ཡི་གེ་གཞན་གྱི་བྱེད་རྩོལ་གྱི་མཚན་ཉིད་ཧ་ཅང་གསལ་བར་མཚོན་མི་ནུས་པའི་རྒྱུ་མཚན་གྱིས་མཚན་མེད་ཅེས་ཀྱང་མིང་དུ་གདགས་པར་བྱའོ་ཞེས་པ་འདི་གྲུབ་བོ།།” ཞེས་གསལ་བར་གསུངས་པ་ལྟར་དང་། ཡང་སི་ཏུས། “སྐབས་འདིར་འགྲེལ་བྱེད་སྔ་མ་ཁ་ཅིག་ཨ་ཡིག་རྟགས་མེད་དུ་འདོད་པ་དང༌།” ཞེས་གསུངས་ཏེ་འདོད་པ་དེ་བཀག་ཡོད་པས། འདིར་ཨ་ཡིག་རྟགས་མེད་དུ་བཤད་པ་ནི་གཞན་ལུགས་དང་བསྲེས་པའི་སྐྱོན་ཙམ་དུ་མ་ཟད། མཚན་མེད་དང་རྟགས་མེད་གཉིས་ཀ་ཡིན་པར་བཤད་པ་ནི་དེ་བས་ཀྱང་མི་འཐད་དེ། སི་ཏུ་པཎ་ཆེན་དང་དངུལ་ཆུ་ཡབ་སྲས་ཀྱི་ལུགས་ལ་དེ་གཉིས་དོན་མི་མཐུན་པས་དེ་གཉིས་ཀ་ཡིན་པ་མེད་དོ། །
༢༽ ཕོ་ཉ་ལས། སྔོན་འཇུག་འ་ཡིག་གི་འཇུག་ཡུལ་བཤད་པའི་སྐབས་སུ། “ཇ་ད་ཛ་ཆ་ཐ་ཚ་བཅས་དྲུག་ལ་རྐྱང་འཕུལ་ཁོ་ནར་འཇུག་སྟེ།” ཞེས་འ་ཡིག་མིང་གཞི་ད་ལ་འདོགས་འཕུལ་དུའང་འཇུག་པ་མ་བཤད་པ་ནི། སི་ཏུའི་འགྲེལ་ཆེན་དུ་ཆད་སྐྱོན་བྱུང་ཡོད་པ་དེ་མ་བརྟགས་པར་ཇི་བཞིན་བཀོད་པས་ནོངས་སོ། །
དེ་བཞིན་སྔོན་འཇུག་མ་ཡིག་གི་སྐབས་སུ། “མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ་བཞི་དང་། མོ་ཡིག་ག་ཇ་ད་ཛ་ང་ཉ་ན་བདུན་བཅས་ཁྱོན་ཡི་གེ་བཅུ་གཅིག་ལ་རྐྱང་འཕུལ་ཁོ་ནར་འཇུག་སྟེ།” ཞེས་དང་། “ཁ་ག་གཉིས་ལ་འདོགས་འཕུལ་དུའང་འཇུག་སྟེ།” ཞེས་ཁ་ག་གཉིས་ལ་རྐྱང་འདོགས་གཉིས་ཀར་འཇུག་པ་འཆད་བཞིན་དུ་རྐྱང་འཕུལ་ཁོ་ནའི་གྲས་སུའང་བཞག་པ་ནི་ཁོ་ནའི་གཅད་བྱ་དང་མི་མཐུན་ནོ། །
༣༽ ཕོ་ཉ་ལས། “བྱ་བྱེད་ཐ་མི་དད་པ་འདི་རིགས་(ཁོ་པེ་ཅིང་དུ་འགྲོ་ལྟ་བུ།)ལ་ཁོ་ལ་བྱེད་པ་པོ་ཕལ་པའམ་བྱེད་པ་ཙམ་ཟེར།” ཞེས་འབྱུང་།
འགྲོ་བ་པོ་ཁོ་ཡིན་ལ་འགྲོ་བྱའང་ཁོ་ཡིན་པ་འདི་རིགས་ལ། གསལ་མེར་བྱེད་ལས་ཙམ་དང་འབྲེལ་བའི་དངོས་པོ་བདག་གམ་བདག་དོན་ཕལ་པ་ཞེས་གསུངས་པ་ལྟར་བརྗོད་ན་འགྲིག་ཀྱང་། བྱེད་པ་པོ་ཕལ་པའམ་བྱེད་པ་ཙམ་ཞེས་བརྗོད་ཚེ། སི་ཏུའི་འགྲེལ་ཆེན་དུ། “བདག་གིས་རིག་སྔགས་ཀྱིས་ཚེ་སྒྲུབ་ལྟ་བུར་བདག་དང་རིག་སྔགས་གཉི་ག་སྤྱིར་བྱེད་པ་པོ་ཡིན་པས་གཉིས་ཀ་ལ་རྣམ་དབྱེ་གསུམ་པ་འཇུག་ཀྱང་། བདག་བྱེད་པོ་གཙོ་བོ་དང་རིག་སྔགས་བྱེད་པོ་ཕལ་པ་ཡིན་པའི་དབྱེ་བ་ཡོད་ཅིང་། ཡང་ན་བདག་བྱེད་པ་པོ་དང་རིག་སྔགས་བྱེད་པ་ཙམ་ཡིན་པའི་བྱེ་བྲག་ཤེས་པར་བྱ་དགོས་སོ།།” ཞེས་གསུངས་པའི་བྱ་བྱེད་ཐ་དད་ཀྱི་བྱེད་པ་པོ་ཕལ་པའམ་བྱེད་པ་ཙམ་ཞེས་པ་འདི་རིགས་དང་གཅིག་གོ་སྙམ་དུ་འཁྲུལ་གཞི་འབྱུང་སྲིད་པས་མི་ལེགས་ཤིང་། དེ་རིགས་ལ་སི་ཏུས་ཀྱང་། “གང་ཞིག་ལས་སམ་བྱ་རྒྱུ་དེ་དང་ཐ་མི་དད་པ་ལྟར་སྣང་བའི་བྱེད་པ་པོའི་ཚིག” ཅེས་གསུངས་པ་ལས་ཕལ་པ་དང་ཙམ་གྱི་སྒྲ་གང་ཡང་སྦྱར་མེད་དོ། །
༤༽ ཕོ་ཉ་ལས། “འོ་ན་སྐུལ་ཚིག་རྣམས་དངོས་པོ་བདག་གཞན་དང་དུས་གསུམ་གང་དུ་བསྡུ་དགོས་ཤེ་ན། དེ་སྐུལ་བྱེད་ཀྱི་ཚིག་ཡིན་པས་དངོས་པོ་བདག་གི་ཁོངས་སུ་གཏོགས་ཤིང་། དུས་གསུམ་གྱི་ནང་དུ་བསྡུ་སྐབས་བྱེད་ལས་མ་འོངས་པའི་ནང་དུ་བསྡུ་བར་རིགས་སོ།།” ཞེས་འབྱུང་།
འདིའི་སྐོར་དཀའ་གནད་གསལ་མེ་དང་སི་ཏུའི་ཞལ་ལུང་དུ་གང་ཡང་མི་གསལ་ཞིང་། སི་ཏུའི་འགྲེལ་ཆེན་དུའང་། “སྐུལ་ཚིག་གི་འཇུག་ཚུལ་ནི་གཞུང་འདིར་(རྟགས་འཇུག་རྩ་བར།)དངོས་ཤུགས་གང་དུའང་མ་བསྟན།” ཞེས་དང་། “རྗེས་འཇུག་རྣམས་སྐུལ་ཚིག་ལ་འཇུག་པའི་ཚུལ་ནི། གཞུང་འདིའི་དངོས་ཤུགས་གཉི་གར་མ་བསྟན་པས་བཤད་བྱར་མ་གྱུར་མོད། འོན་ཀྱང་དེའི་རྣམ་གཞག་ཞར་ལས་རྟོགས་པར་བྱ་བའི་ཕྱིར་དཔེར་བརྗོད་ན།” ཞེས་སྐུལ་ཚིག་གི་དཔེར་བརྗོད་དུ་མ་བཀོད་པ་ཙམ་ལས། སྐུལ་ཚིག་རྣམས་བདག་གཞན་དུས་གསུམ་དུ་བསྡུ་ཚུལ་གང་ཡང་གསུངས་མེད་པས། འདིའི་ཐད་ད་དུང་ཁུངས་འཚོལ་དགོས་སོ། །
༥༽ ཕོ་ཉ་ལས། “འབྱུང་ཁུངས་སམ་གཞི་གང་ཞིག་ནས་བྱུང་བའམ། བྱེར་བའམ། ལྷུང་བ་སོགས།” ཞེས་བྱེ་བ་ལ་བྱེར་བ་ཞེས་བྲིས་པར་མ་ཟད། གསལ་མེའི་རྩ་ཚིག་ཏུའང་། “བྱེར་དང་ལྷུང་བའི་དོན་ལྡན་ན། །” ཞེས་བཀོད་འདུག་པ་ནི་དཔེ་མ་དག་པ་ཞིག་ལ་བརྟེན་པ་ཡིན་སྲིད་ཅིང་། བྱེར་བ་ནི་བྲོས་པའི་དོན་ལས་སོ་སོར་བྱེ་བའམ་བྲལ་བའི་དོན་མིན་པས། དཔེ་གཞན་དུ་བྱེ་བ་ཞེས་འབྱུང་བ་ལྟར་བྲིས་ན་དག་གོ །
༦༽ ཕོ་ཉ་ལས། “མོ་ཡིག་དབྱངས་གང་རུང་ཞིག་མེད་པར་ཕོ་ཡིག་གསལ་བྱེད་སུམ་ཅུ་པོ་ཁོ་ནས་བརྗོད་དོན་སྟོན་མི་ཐུབ་པ་སྟེ། མིང་ཚིག་གང་ཞིག་ཡིན་རུང་དེ་ལ་དབྱངས་ཤིག་མེད་ཐབས་མེད་པར་བརྟེན་དབྱངས་ཡིག་གི་གྲངས་ཨ་ཨི་ཨུ་ཨེ་ཨོ་བཅས་ལྔར་ངེས་པ་བཟུང་ན་འགྲེལ་བདེའོ།།” ཞེས་འབྱུང་།
སྐབས་འདིར་སི་ཏུའི་འགྲེལ་ཆེན་དང་དཀའ་གནད་གསལ་མེ་གཉིས་ཀྱི་གསུང་ཚུལ་མི་མཐུན་ཞིང་། འགྲེལ་སྟངས་འདི་ནི་དེ་གཉིས་བསྲེས་པས་གང་དང་ཡང་མི་མཐུན་པ་ལྟ་བུ་ཞིག་ཏུ་སྣང་སྟེ། དེའང་རྟགས་འཇུག་རྩ་བར། མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཞེས་པའི་དོན་འཆད་པ་ན་སི་ཏུའི་འགྲེལ་ཆེན་དུ། “མོ་ཡི་ཡི་གེ་གི་གུ་སོགས་ཨཱ་ལི་བཞི་པོ་མེད་ན་ཕོ་ཡིག་ཀཱ་ལི་རྣམས་ཁོ་ནས་བརྗོད་པ་མེད་པར་འགྱུར་ཏེ། ཨཱ་ལི་རྣམས་ལ་ལྟོས་པའི་བརྗོད་པ་དེ་སྙེད་མི་ཚང་བར་འགྱུར་བའི་ཕྱིར།” ཞེས་དང་། དཀའ་གནད་གསལ་མེར། “མོ་ཡིག་དབྱངས་དང་མི་ལྡན་ན། །ཕོ་ཡིག་གསལ་བྱེད་བརྗོད་མི་ནུས། །དེ་ཕྱིར་དབྱངས་ལྔར་བཞེད་པ་བདེ། །” ཞེས་གསུངས།
སི་ཏུས་གསུངས་པ་ལྟར་ན། དབྱངས་བཞི་པོ་མེད་ན་དེ་དག་ལ་ལྟོས་པའི་བརྗོད་པ་དེ་སྙེད་མི་ཚང་བར་འགྱུར་བས་ཀ་སོགས་གསལ་བྱེད་ཁོ་ནས་བརྗོད་པ་ཡོངས་སུ་རྫོགས་པ་སྟོན་མི་ཐུབ་ཅེས་པ་མ་གཏོགས། དབྱངས་མེད་ན་ཀ་སོགས་བརྗོད་མི་ཐུབ་ཅེས་པའི་དོན་མིན་ཏེ། དཔེར་ན། ཀ་བ། གངས་ཅན་པ། འཕགས་པ་མ་ཕམ་པ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། ལྟ་བུ་ལ་དབྱངས་མེད་ནའང་བརྗོད་ཐུབ་པར་མ་ཟད་དོན་ཡང་སྟོན་ཐུབ། འོན་ཀྱང་དབྱངས་བཞི་པོ་མེད་ན། ཉི་ཟེར། ཆུ་བོ། སྐུ་ཚེ་རིང་། དཀོན་མཆོག་གསུམ། བོད་ཀྱི་རིག་གནས་དར་ཞིང་རྒྱས། ཞེས་པ་ལྟ་བུའི་ཚིག་འདི་དག་མེད་པར་འགྱུར་བས། མོ་ཡིག་དབྱངས་མེད་ན་ཕོ་ཡིག་ཀཱ་ལི་རྣམས་ཁོ་ནས་བརྗོད་པ་ཆ་ཚང་བ་ཞིག་སྟོན་མི་ཐུབ། ཅེས་དང་།
གསལ་མེ་ལྟར་ན། དབྱངས་མེད་ན་གསལ་བྱེད་རྣམས་གདངས་ཀྱི་ང་རོ་དང་བྲལ་བས་བརྗོད་མི་ཐུབ་པ་དང་། ཀ་བ། གངས་ཅན་པ། ཞེས་པ་སོགས་བརྗོད་ཐུབ་པ་ནི་དབྱངས་ཨ་ཞུགས་པའི་ནུས་པས་ཡིན་ལ། ཉི་ཟེར་དང་། ཆུ་བོ། ཞེས་པ་སོགས་ནི་དབྱངས་ཨི་སོགས་ཞུགས་པའི་ནུས་པས་བརྗོད་ཐུབ་པར་གྱུར་པར་མ་ཟད། ཀ་ཁ་ག་ང་། སོགས་གསལ་བྱེད་རྐྱང་པ་རྣམས་ཀྱང་དབྱངས་ཨ་ཡིག་གི་ནུས་པས་བརྗོད་དུ་ཡོད་པ་ཡིན་པས། ཨ་ཡིག་ཀྱང་དབྱངས་ཀྱི་གྲས་སུ་བཅུག་སྟེ་དབྱངས་ལྔར་འདོད། ཅེས་པའོ།།
དེས་ན་འདིར། “མོ་ཡིག་དབྱངས་གང་རུང་ཞིག་མེད་པར་ཕོ་ཡིག་གསལ་བྱེད་སུམ་ཅུ་པོ་ཁོ་ནས་བརྗོད་དོན་སྟོན་མི་ཐུབ་པ་སྟེ།” ཞེས་པ་ནི་སི་ཏུའི་ལུགས་ལྟ་བུ་དང་། “མིང་ཚིག་གང་ཞིག་ཡིན་རུང་དེ་ལ་དབྱངས་ཤིག་མེད་ཐབས་མེད།” ཅེས་པ་ནི་གསལ་མེའི་ལུགས་ལྟ་བུ་སྟེ། ལུགས་མི་འདྲ་བ་གཉིས་འདྲེས་ཏེ་དོན་ངོ་མ་རབ་རིབ་ཏུ་གྱུར་པས། འདིར་ནི་ངེས་པར་གསལ་མེའི་རང་ལུགས་ཇི་བཞིན་བཀྲལ་ན་སྐབས་དང་འཚམ་ཞིང་ལེགས་སོ།།
དེ་ལྟར་རྟགས་འཇུག་དཀའ་གནད་གསལ་མེའི་འགྲེལ་པ་ཁག་གསུམ་ལ་འཁྲུལ་སེལ་གྱི་དཔྱད་པ་མདོ་ཙམ་བྱས་ཟིན་ཏོ། ། འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡༣ ལ།