གཡུ་དྲུག་དཀར། རྡ་ས།
ནམ་རྒྱུན་སློབ་ཁྲིད་ཀྱི་བར་བར་ནས་སློབ་ཕྲུག་རྟའུ་པ་ཚོར་ལོག་སྐད་རེ་བཤད་དུ་བཅུག་ན། སྒྲ་ཙམ་ལས་དོན་གོ་མི་བཏུབ་པའི་ཚིག་རྡོག་དེ་དག་གིས་སློབ་ཁང་དགོད་སྒྲ་ཡིས་ཁེངས་སུ་འཇུག་ངེས་ལ། དེ་མུར་སློབ་ཕྲུག་པྲ་ཚགས་རེ་འགས་ཀུ་རེ་དང་སྦྲགས་ནས་རྟའུ་པ་ཚོའི་ལོག་སྐད་བོད་སྐད་ཡིན་མིན་གྱི་སྙད་རེ་བརྐོས་ཏེ། དགོད་སྒྲ་ཡི་མཇུག་ཁོང་ཁྲོས་བསྡུ་དགོས་པའང་ཡོད། དོན་ངོ་མར་རྟའུའི་ལོག་སྐད་འདི་དེ་འདྲའི་ལོག་ཀ་ཞིག་ཡིན་ནམ། ང་ཚོའི་ཨམ་འབྱོག་གིས་གཏན་ནས་མི་གོ་ཞིང་། ང་ཚོའི་སེམས་སུ་ནམ་ཡང་མི་འབབ་ལ། ང་ཚོའི་བློ་ཡིས་ཡེ་ནས་མི་རྟོགས་པ་ཞིག་ཡིན་ནམ།
འདི་ལོར་རྟའུ་པ་ཚེ་དབང་ནོར་བུས་རང་གི་ཤ་ཁྲག་རུས་གསུམ་དང་བླ་ཚེ་སྲོག་གསུམ་འབར་གྱིན་པའི་མེ་ལྕེ་དབལ་དབལ་གྱི་ཁྲོད་ནས། ང་ཚོའི་བླ་མ་རང་ཡུལ་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་རང་གི་མགྲིན་ངག་གི་ལོག་སྐད་ལྷག་མ་དེས་སུ་དང་གང་གི་སེམས་རྔངས་རྔངས་དང་སྙིང་འདར་འདར་བྱེད་དུ་བཅུག་པ་དེ། རྟའུ་པ་དཔལ་ལྡན་ཆོས་འཚོས་ཁོ་མོའི་ཕྱི་ནང་གསང་གསུམ་གྱི་མེ་དཔུང་ལིང་ལིང་པའི་ཁྲོད་ནས། བོད་ལ་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༸གོང་ས་མཆོག་བོད་ལ་གདན་ཞུ་བྱེད་དགོས་ཞེས་རང་གི་ལོག་སྐད་ཀྱི་སྨྲ་ལྕེ་རྒོད་པོ་སུ་དང་གང་ལ་ཡང་མ་འཇིགས་པར་གནམ་ལ་གཡུག་ཅིང་ས་ལ་བརྡབས་པ་དེ།
དེ་མ་ཉིད་དུ་བོད་ཡུལ་ཆོལ་ཁ་གསུམ་གྱི་ས་འབུར་རྡོ་འབུར་གྱི་མགོ་དང་རྩྭ་རྩི་ཤིང་གི་རྩེ་མོ་ཀུན་ནས་གྲགས་ཤིང་རི་ལུང་ཐང་གསུམ་ལ་བྲག་ཅ་ཡི་ཟོལ་གྱིས་ཁྱབ་ཅིང་། བོད་མི་སུས་ཀྱང་རྣ་ཡིས་གོ་ཡོད་ཚོད་ལ། སེམས་ཀྱིས་མྱངས་ཡོད་ཚོད་ཨང་། ད་དུང་ཨམ་འབྱོག་ཀྲོང་ཀྲོང་ཅན་གྱི་འགྲོ་མི་ཐམས་ཅད་ཀྱི་བདེན་པའི་རྣ་ལ་མ་ཐོགས་མ་ཁེགས་པར་ཁད་ཀྱིས་གོ་སོང་ཞིང་། མི་སེམས་དྲོན་མོ་ཅན་གྱི་མགོ་དཀར་ནག་སེར་གསུམ་དང་མིག་སྔོ་ནག་ལྗང་གསུམ་ཅན་གྱི་རྐང་འགྲོ་མི་ཡི་སྡེ་ལ་འབོད་པ་ཞིག་བཏང་སོང་ཨང་།
མེ་འབར་གྱིན་འབར་གྱིན། ཤ་ནས་རུས་པ་རྐང་དང་བཅས་ཏེ་འཚིག་གིན་འཚིག་གིན། བླ་དང་ཚེ་དང་སྲོག་སོགས་འགག་གིན་འགག་གིན། ལོག་སྐད་ཀྱི་ཆེས་མཐའ་མའི་བསྒྲགས་གཏམ་གྱི་ང་རོས་འཇིག་རྟེན་ཟླུམ་པོ་འདི་ཡོམ་ཡོམ་སྒུལ་བ་དེ། སུ་ཡིས་ཀྱང་གོ་ཡོད་ཚོད་ལ། ཅི་ཡིས་ཀྱང་ཚོར་ཡོད་ཚོད་ན།
རྟའུ་ཡི་ལོག་སྐད་དེ། བོད་ཆོལ་ཁ་གསུམ་གྱིས་གོ་མི་ཐུབ་པ་ཞིག་ཡིན་ནམ། ལྷོ་འཛམ་བུ་གླིང་གིས་གསན་མི་བཏུབ་པ་ཞིག་རེད་དམ། རྟའུ་ཡི་ལོག་སྐད་ནི། སུ་དང་གང་གིས་ཀྱང་ཐོས་ཤིང་སེམས་པའི། རང་དབང་གི་ལོ་སྐད་རེད། ཐོབ་ཐང་གི་ལོག་སྐད་རེད། འགན་འཁྲི་ཡི་ལོག་སྐད་རེད། བདེན་པ་ཡི་ལོག་སྐད་རེད་དོ།།
ཤ་རུས་ཐལ་བར་གྱུར་བའི་དཔའ་པོ་ཚོའི།
ཤ་ཁྲག་གི་རྡུལ་ཕྲན་རེ་རེ་བཞིན་སྤྱི་བོ་ཡི་གཙུགས་དུ་མཆོད་འོས་ལ།
ཞིམ་མེད་ཀྱི་འབོད་སྒྲ་རེ་རེ་སྐལ་ཆེན་གྲངས་བར་ཉན་རིན་ཆེ།
རྣམ་ཤེས་དུ་བ་ལ་བསྐུར།
རུས་རྐང་མེ་ལྕེ་ལ་བསྲེགས་བཞིན།
མི་རིགས་ཀྱི་ཐོབ་ཐང་བརྩད།
རང་ལུས་མཆོད་སྡོང་རུ་བྱས་ནས།
བདེན་པ་ཡི་སྒྲོན་མེ་གསོན་པོ་ཞིག།
མུན་ནག་འཇིག་རྟེན་འདིའི་དབུ་རྩེ་ནས་འབར་སོང་།
ཅི་འདྲའི་དཔའ་བ།
ཤ་ཁྲག་ཐིགས་པ་ཡོངས་རྫོགས་སྤྱི་དོན་ལ་ཕུལ།
ཅི་འདྲའི་བརྩེ་བ།
འཚིག་བཞིན་སྐུ་ཕུང་གི་ཞལ་ན།
ད་དུང་མི་རིགས་ཀྱི་རང་དབང་སྒྲོག་བཞིན།
ཕྱིར་མི་ལོག་པའི་བར་དོའི་ཕྱོགས་ཕེབས་སོང་།
ཁྱེད་ཅག་གི་རྒྱབ་ན་ལུས་པའི།
སྐུ་ཕུང་གི་ཐལ་རྡུལ་རེ་རེ་ཡང་།
གསར་འགྱུར་གྱི་རླུང་བུར་འཁྱུད་བཞིན།
འཛམ་གླིང་གི་གྲུ་ཟུར་རེ་རེ་མྱུལ་ནས།
མུན་ནག་གི་དམར་ཕྱོགས་རང་ལུགས་པས།
མི་ཡུལ་ལ་ག་ཚོད་བརྙས་བཞིན་ངོ་སྤྲོད་བྱས་སོང་།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྔོན་གྱི་སྐད་རང་སོར་མ་ཉམས་པར་ཡོད་པ་ནི་རྟའུ་པོའི་སྐད་དང་རྒྱང་རོང་སྐད་སོགས་རེད། ད་ལྟ་བོད་པ་ཚོས་དེ་ལ་ལོག་སྐད་ཅེས་དམའ་འབེབ་དང་མཐོང་ཆུང་། ཁྱད་གསོད་བཅས་བྱེད་ཀྱིན་ཡོད་རེད། དོན་དངོས་སུ་ལོག་སྐད་དེ་སུ་ཞིག་གིས་བཤད་ཀྱིན་ཡོད་དོགས་གནས་སོ།།
རྟའུའི་དཔའ་བོ་དཔའ་མོ་ཚོ་ལ་ངའི་རུས་པའི་གཏིང་ནས་གུས་འདུད་ཞུ། རྟའུའི་ལོག་སྐད་རྒྱལ་གྱུར་ཅིག
ང་ཡིས་བལྟས་ན་ཁྱོད་ལོག་སྐད།
ཁྱོད་ཀྱིས་བལྟས་ན་ང་ལོག་སྐད།
ཡོད་ཚད་གཞན་གྱི་ལོག་སྐད་དེ།
ཐམས་ཅད་རང་གི་བརྡ་སྤྲོད་ཡིན།
ཨ་རིག་དགེ་མཐོང་ལགས། རྟའུ་ཡི་སྐད་སྔོན་གྱི་བོད་སྐད་དངོས་ཡིན་པའི་སྒྲུབ་བྱེད་འདྲ་ཡོད་ན་འགོད་རོགས་ཞུ། ངས་ཀྱང་སྔོན་ཆད་དེ་ལྟར་བསམ་མྱོང་། ཡིན་ནའང་ཁོ་བོའི་གཡས་གཡོན་ན་ཡོད་པའི་རྟའུ་པ་ཚོས་ཁ་ནས་བཤད་པའི་རྟའུ་ཡི་སྐད་དེ་དག་སྔོན་གྱི་བོད་སྐད་མ་འགྱུར་བ་ཞིག་ཡིན་པའི་རྒྱུ་མཚན་གང་ཡང་མཐོང་མ་སོང་། ཏུན་ཧོང་ཡིག་རྙིང་གི་འགྲོས་དང་མཐུན་པ་ཞིག་ཨེ་ནམ་སྙམ་ནས་དཔྱད་བསྡུར་ཀྱང་བྱས་མྱོང་། འོན་ཀྱང་རྟའུ་སྐད་ལ་བོད་སྐད་གཞན་ལས་ལྷག་པའི་སྐད་རྙིང་གི་ཁྱད་ཆོས་གང་ཡང་མཐོང་མ་སོང་། རྒྱལ་རོང་ལ་སྐད་རིགས་མི་འདྲ་བ་སྣ་ཚོགས་ཡོད། དཔེར་ན་རྒྱལ་རོང་འབར་ཁམས་པའི་སྐད་ཁྲོ་སྐྱབས་པས་མི་གོ། ཁྲོ་སྐྱབས་པའི་སྐད་ཁྲོ་ཆུ་བས་མི་གོ། ད་དུང་ལ་ཕར་རྒྱབ་ཚུར་རྒྱབ་ཀྱི་དབར་ནའང་སྐད་མི་འདྲ་བ་ཤིན་ཏུ་མང་། ཁོང་ཚོ་མང་ཆེ་བར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་ཡི་གེ་ཀློག་ཚེ་སྔོན་འཇུག་དང་མགོ་ཅན་སོགས་གསལ་པོར་འདོན་པ་དེ་ཡིན། འོན་ཀྱང་དེ་ལའང་སྐད་རྙིང་པའི་ཁྱད་ཆོས་གང་ཡང་མཐོང་མ་སོང་། ཏུན་ཧོང་ཡིག་རྙིང་གི་འགྲོས་ལ་བསྡུར་བ་ཡིན་ན་ཨ་མདོ་མགོ་ལོག་པད་མ་དང་རྨ་ཆེན་སོགས་ཀྱི་སྐད་དེ་སྔོན་གྱི་སྐད་རྙིང་པ་དང་འདྲ་ཆེ་ཤོས་མིན་ནམ་སྙམ།
གསོན་ཉམས་ལྡན་པའི་གནའ་བོའི་བོད་ཀྱི་རིག་གནས།
རྒྱལ་རོང་གི་ལོ་རྒྱུས་རིག་གནས་སྐོར་གྱི་ཆེད་བསྒྲིགས་ཀྱི་གླེང་གཞི་བཞི་བ།
ཐུབ་བསྟན་ཕུན་ཚོགས།
རྒྱལ་མོ་ཚ་བ་རོང་གི་ཡུལ་སྐད་དང་། ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་ནི་གསོན་ཉམས་ལྡན་པའི་བོད་ཀྱི་གནའ་བོའི་རིག་གནས་ཤིག་རེད། ལྷག་པར་དུ་སི་ཏུ་ཆོས་འབྱུང་གི་དགོངས་བཞེད་ལྟར་ན། བོད་ཡིག་གི་སྦྱོར་ཀློག་ནི་སྐབས་དེ་དུས་ཀྱི་བོད་སྐད་ཀྱི་སྒྲ་གདངས་ལ་གཞིར་བཟུང་ནས་གསར་གཏོད་བྱས་པ་ཞིག་ཡིན་ཞིང་། སྐད་ཀྱི་སྒྲ་གདངས་ལ་བརྟེན་ནས་མགོ་ཅན་དང་འདོགས་ཅན། སྔོན་འཇུག་རྗེས་འཇུག་གི་རྣམ་གཞག་འདི་དག་མཛད་ཡོད་པ་རེད། དེང་དུས་བོད་སྐད་ནང་དུ་སྦྱོར་ཀློག་མི་འདྲ་བའི་སྒྲ་གདངས་དེ་དག་ཕལ་ཆེར་བ་ཞིག་བརླགས་ཟིན་ནའང་། རྒྱལ་རོང་གི་ཡུལ་སྐད་ནང་དུ་ཆེས་ཐོག་མའི་བོད་སྐད་ཀྱི་སྒྲ་གདངས་དེ་ད་དུང་གནས་ཡོད་པ་ཞིག་རེད། དཔེར་ན་དེང་དུས་ཡུལ་དབུས་ཀྱི་ཁ་སྐད་དུ་ཏ་དང་རྟ། ལྟ། སྟ་བཅས་ལ་དོན་གྱི་ཁྱད་པར་ལས་སྒྲ་ཡི་ཁྱད་པར་མེད་པ་ཆགས་ཟིན་ཡང་། གནའ་བོའི་སྐད་གདངས་ལ་དེ་དག་སོ་སོར་ཁྱད་པར་ཡོད་པའི་སྟབས་ཀྱིས་མགོ་ཅན་དེ་སྦྱར་དགོས་པར་བྱུང་ཡོད་པ་ལྟར། དེ་དག་ཕལ་ཆེར་རྒྱལ་རོང་གི་ཡུལ་སྐད་ལ་ད་ལྟའང་ལོ་ངོ་སྟོང་ཕྲག་བཞི་ལྷག་གོང་གི་སྒྲ་གདངས་དེ་གསོན་ཉམས་ལྡན་པར་གནས་ཡོད་པ་རེད།
དེ་བཞིན་དུ་རྒྱལ་རོང་གི་ཆས་གོས་དང་། ལྷ་གསོལ་བ། གདོན་ཕུད་པ་སོགས་དུས་རྒྱུན་གྱི་འཚོ་བའི་ནང་གི་ཤེས་རིག་མང་པོ་ཞིག་ནི་ཆེས་གནའ་བོའི་བོན་པོའི་རིག་གནས་ཡིན་ཞིང་། ཡུལ་མི་དག་གི་བསམ་བློ་ལའང་ཧ་ཅང་སྲ་མཁྲེགས་ཆེ་ཞིང་འགྱུར་ལྡོག་དཀའ་བ་དང་། སྙིང་སྟོབས་ཆེ་ཞིང་གཞན་ལ་མགོ་མི་སྒུར་བའི་བསམ་པ་དེ་ནི་གནའ་བོའི་བོན་གྱི་རིག་གནས་ལས་བྱུང་བ་ཞིག་ཡིན་པ་ངོས་འཛིན་བྱས་ཡོད་དེ། དཔེར་ན། རྒྱ་ནག་མན་ཆིང་གོང་མ་ཆན་ལུང་གི་སྐབས་སུ། སྤྱི་ལོ1747ནས1749བར་དང་། སྤྱི་ལོ1771ནས1776བར་སྔོན་རྗེས་སུ་རྒྱལ་རོང་ཆུ་ཆེན་སོགས་ལ་དམག་བརྒྱབ་པའི་སྐོར། སྤྱི་ལོ1747ལོར་རྒྱལ་རོང་ཆུ་ཆེན་ཚ་ཁོ་རབ་བརྟན་རྒྱལ་པོ་དང་རྒྱ་ནག་མན་ཇུ་གོང་མའི་བར་དམག་འཁྲུག་ལངས། རྒྱ་ནག་ཞིང་ཆེན་བརྒྱད་ཀྱི་དམག་མི་ཁྲི་བརྒྱད་ལྷག་བཏང་ཞིང་འགྲོ་སོང་དངུལ་དཀར་པོ་སྲང་བྱེ་བ་གཉིས་ལྷག་བཏང་། དམག་འཁྲུག་ལོ་གཉིས་ཙམ་བྱས། རྒྱ་དམག་ཆིག་ཁྲི་ཉིས་སྟོང་ཉིས་བརྒྱ་ལྷག་ཙམ་ཤི། བོད་དམག་ཁྲི་གསུམ་ལྷག་ཙམ་ཤི། སྤྱི་ལོ1771ལོར་སླར་ཡང་རྒྱལ་རོང་དང་རྒྱ་ནག་བར་དམག་འཁྲུག་ཐེངས་གཉིས་པ་ལངས། རྒྱ་ནག་གོང་མས་བྱང་ཤར་ས་ཁུལ་ཚུན་ཆད་ཀྱི་རྒྱལ་ཡོངས་ཀྱི་དམག་ཕྱེད་བསྡུས་ཏེ་དམག་མི་འབུམ་ཕྲག་གཅིག་དང་ཁྲི་གཉིས་སྟོང་ཕྲག་ལྔ་ལྷག་ཙམ་རྒྱལ་རོང་ས་ཁུལ་དུ་བཏང་། འགྲོ་སོང་རྒྱ་དངུལ་དཀར་པོ་སྲང་བྱེ་བ་བདུན་ལྷག་ཙམ་བཏང་། སྤྱི་ལོ1776ལོའི་ཟླ་བ་བཞི་བའི་བར་ལོ་ལྔ་ལྷག་རིང་དམག་འཐབ་བྱས། རྒྱ་དམག་ཅིག་ཁྲི་བཞི་སྟོང་བདུན་བརྒྱ་ཙམ་ཤི། དེའི་ནང་རྒྱ་དཔོན་ཆེ་ཆུང་དགུ་བརྒྱ་ཙམ་ཤི། བོད་དམག་ཁྲི་གཉིས་ཤི། བོད་ཤིང་ཁང་ཅན་གྱི་གྲོང་ཚོ་ཉིས་བརྒྱ་ཙམ་མེར་བསྲེགས། ཞེས་ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་རྒྱ་ཡིག་པར་མའི་ནང་དུ་གསལ།
སྐབས་དེར་ཆིན་གོང་མས་རྒྱལ་རོང་བའི་སྲ་མཁྲེགས་ཀྱི་ཀླད་རྙིང་དེ་གནའ་བོའི་བོན་གྱི་རིག་གནས་དང་འབྲེལ་བ་ཡོད་པ་ངོས་འཛིན་བྱས་ཏེ་རྒྱལ་རོང་གི་མི་རྣམས་གོང་མའི་བཀའ་ལ་བརྩི་བཀུར་དང་བསམ་བློ་ཞི་ལྷོད་ཡོང་བའི་ཆེད་དུ་བོན་གྱི་དགོན་པ་རྣམས་དགེ་ལུགས་པར་བསྒྱུར་ཅི་ཐུབ་དང་། བོན་ཆོས་མེད་པར་བྱ་ཅི་ཐུབ་བྱས་ཀྱང་། ཡུལ་མི་མང་ཆེ་བས་བོན་ཕ་མེས་ནས་བརྒྱུད་བསྒྲགས་བྱས་པའི་བོན་གྱི་ཆོས་དང་རིག་གནས་དེ་དག་མ་གཏོང་བ་མ་ཟད། དགེ་ལུགས་པའི་ཆོས་ལ་དད་པ་བྱེད་མཁན་མང་པོ་བྱུང་མེད་སྟབས། དེང་དུས་ཀྱང་རྒྱལ་རོང་གི་ཡུལ་དུ་བོད་ཀྱི་རིག་གནས་རྙིང་བ་དང་། ཡུལ་སྲོལ་རྙིང་བ། ཡུལ་སྐད་རྙིང་བ་རྣམས་མ་ཉམས་པར་གནས་ཡོད་འདུག དེས་ན་གནའ་བོའི་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱ་དགོས་ན་རྒྱལ་རོང་རིག་གནས་ལ་ཞིབ་འཇུག་བྱ་རྒྱུ་ནི་རྩ་བའི་རྨང་གཞི་ཞིག་རེད། །
དཀར་མཛེས་ཉིན་རེའི་ཚགས་པར༼ཁམས་པའི་འཛུམ་རིས༽ལས།
དྲྭ་གྲོགས་ཚོ་ལ་གོ་རྟོགས་རེ་སྤེལ་ཐུབ་ཡོང་བསམ་སྟེ་འདིར་དྲངས་བ་ཡིན། ཡང་མ་འགྲིག་པ་དེ་འདྲ་ཡོད་ན་དགོངས་འགལ་མེད་པ་ཞུ།
ང་ནི་ཁམས་རྟའུ་ནས་ཡིན་་དེ་རིང་གོ་སྐབས་འདི་བསྟུན་ནས་ཁྱེད་རྣམས་ལ་རྟའུ་ཡི་ལོག་སྐད་ཐོག་ཏོག་ཙམ་བཤད་ན་འདོད། ང་རང་གི་སེམས་ནང་དུས་རྟགས་ཏུ་ལྡོག་པ་ཅིག་ཡོད་པ་ནི་་ངས་མང་པོ་བསམས་བློ་བཏང་བ་ཡིན་་སྔོན་ནས་ཐོན་པས་ཆོས་་ཡང་ན་ཅ་ངོ་དེ་དག་ལ་སྐད་ཀྱི་ཐོག་ནས་ཆ་ཚང་བ་ཞིག་འདུག། ཡིན་ཡང་དེ་སང་རྒྱ་མིས་བཏོན་པས་ཅ་ངོ་དེ་དག་ལ་རྒྱ་སྐད་བེད་སྤྱོད་བྱེད་བཞིན་པ་དེ་དངོས་གནས་བློ་འཕམས་པོ་ཞིག་རེད་།
རྟའུ་ཡི་སྐད་ལ་དངོས་གནས་རྟགས་དཔྱད་ཡག་པོ་ཞིག་བྱེད་ཡ་དེ་ཧ་ཅང་གི་གལ་ཆེན་ཞིག་མཐོང་གི་འདུག། ང་རྟའུ་བ་ཞིག་ཡིན་པའི་ཆ་ནས་ལབས་ཀྱི་མིན། དེ་སྐོར་ལ་ཏོག་ཙམ་ཧ་གོས་བའི་ཐོག་ནས་ལབས་པ་ཡིན། གཅིག་བྱེད་ན་བོད་པའི་སྐད་ནང་གི་རྙིང་ཤོས་ཅིག་ཡིན་སྲིད་པ་ཞིག་རེད།
ཡང་ན་རྟའུ་དེ་སྔོན་མ་རྒྱལ་ཁབ་ཆེན་པོ་ཞིག་ཡིན་མ་སྲིད་བ་ཞིག་མ་རེད། དེ་སང་རྟའི་ཡི་མི་མངས་དེ་ཚོའི་སེམས་ཤུགས་ལ་ཅིག་བལྟས་ན་་དངོས་གནས་གཞན་དང་མ་འདྲ་བ་ཞིག་རེད་འདུག།
ལོག་སྐད་ཟེར་མཁན་གྱི་རིགས་ནི་རང་ཉིད་མཐོང་རྒྱ་དོགས་དྲག་པའི་སྐྱོན་རེད།
མི་རིགས་གཅིག་གི་ནང་ནས་སྐད་བརྡ་འཕྲོད་མི་འཕྲོད་བྱེད་པའི་མི་རིགས་མང་པོ་ཞིག་ཡོད། ང་ཚོ་ཡང་དེའི་ནང་གི་གཅིག་རེད། བོད་ལ་བོད་སྐད་གཅིག་དང་བོད་ཡིག་གཅིག་གིས་འཐུས། གཅིག་ལ་གྱུར་ཚེ་ཕན་ལས་གནོད་མེད། གོང་གི་ལྷུག་རྩོམ་འདི་སྙན་མོ་ཞིག་རེད།