ཨེ་མ་ཧོ།
ན་མོ་གུ་རུ་ཤྲཱི་སེངྷ་ཡེ། གང་ཞིག་བསྟེན་ན་ཉེས་པའི་ཚོགས།། མ་ལུས་བསལ་མཛད་ཐུགས་རྗེ་ཅན།། ཀུན་མཁྱེན་བརྒྱུད་པའི་བླ་མ་ལ།། ལས་སྨོན་རྟེན་འབྲེལ་འཛོམས་པ་བཟང་།། གང་དུ་གནས་ན་ཉམས་རྟོགས་ཚོགས།། ཡར་ངོའི་ཟླ་བཞིན་འཕེལ་བའི་ཡུལ།། དབེན་ཞིང་བདེ་དགའི་བྱིན་ཆགས་པའི།། བཤད་སྒྲུབ་དགོན་པར་བཞུགས་ན་བཟང་།། གང་དང་འགྲོག་ན་རྣམ་དཔྱོད་དཔལ།། གོང་ནས་གོང་དུ་སྤེལ་བའི་མཆེད།། ལྟ་སྒོམ་སྤྱོད་ལམ་ཀུན་མཐུན་པའི།། བློ་ཐུབ་གྲོགས་པོ་མང་ན་བཟང་།། གང་གིས་འཚོ་བའི་གནས་མལ་རིགས།། མཐའ་གཉིས་མ་སློང་ཆོག་ཤེས་ཅན།། གཞན་ཕན་སྒྲུབ་པའི་དམ་ཚིག་གི། ཡོ་བྱད་ཚོད་ཟིན་བསྟེན་ན་བཟང་།། གང་ལ་ཡོན་ཏན་མཆོག་མངའ་བའི།།གྲུབ་ཐོབ་བརྒྱུད་པའི་མན་ངག་ཅན།། ཚེ་གཅིག་གྲོལ་བའི་གདམས་ངག་གི། རིས་མེད་དམ་ཆོས་མཛད་ན་བཟང་།། གང་ཟག་ཞི་ཞིང་དུལ་བའི་ཐབས།། དྲན་ཤེས་བག་ཡོད་ཚུལ་ཁྲིམས་ཅན།། དད་གུས་ལྡན་པའི་སློབ་མ་ཉིད།། མཉམ་དུ་འབྲེལ་བས་སྐལ་བ་བཟང་།། གང་འདུལ་ཆོས་སྨན་གསང་སྔགས་རིགས།། རྒྱལ་དང་རྒྱལ་སྲས་མཛད་པ་ཅན།། ཀུན་ཕན་སྤྱོད་ལམ་རྣམ་བཞི་ཡིད།། གཞན་དོན་ཕྲིན་ལས་སྤེལ་བ་བཟང་།།
ཞེས་རབ་རྒྱན་མེ་ལུག་རྒྱལ་ཟླའི་དབང་ཕྱོགས་དུས་བཟང་གཟའ་སྐར་དགེ་བར་དགེ་རྩེ་སྐྱེན་པོའི་སྤྲུལ་སྐུ་ངང་ཆུང་རིན་པོ་ཆེས་སྐུལ་ངོར་དབྱིན་ཡུལ་ཛྙྰ་ན་གུ་རུའི་ལྷ་ཁང་ནས་ཕུལ།།
ཕྱི་ལོ ༢༠༡༥/ ༢/ ༩/་ལ།
གང་ལ་བསྟེན་ན་མིི་བསླུ་བའིི་།
སྐྱབས་ཡུལ་དཀོན་མཆོག་གསུམ་ལ་འདུད་།
གང་དང་གྲོགས་ན་རིག་པ་སྐྱེས་།
ཁ་བརྡའི་དྲ་གྲོགས་རྩོམ་ལ་གཟིགས་།