དགྱེས་པ་རྡོ་རྗེ།
བསྐལ་མང་རྒྱལ་བས་ཐུགས་བསྐྱེད་བླ་མེད་མཐུས།།
སྙིགས་དུས་རྒུད་པ་བསལ་བའི་ཐུགས་རྗེ་ཅན།།
ཁྱད་པར་གངས་ཅན་འགྲོ་བའི་མགོན་གཅིག་པུ།།
རྒྱལ་དབང་པདྨ་ཀ་རས་ཤིས་པ་སྩོལ།།
བླ་མ་སངས་རྒྱས་མཐོང་བའི་མོས་གུས་དང་།།
ཡི་དམ་ཞལ་གཟིགས་ཐོབ་པའི་མཁས་གྲུབ་དང་།།
མཁའ་འགྲོའི་ཐུགས་དམ་གཙང་མའི་ཆོས་མཆེད་ངོར།།
ཆོས་སྐྱོང་དགྱེས་པའི་རྟེན་འབྲེལ་གླུ་དབྱངས་འབུལ།།
བསླུ་མེད་ལས་འབྲས་རྩ་བ་སེམས་ལ་ཐུག།
གྲངས་མེད་བསྐལ་བ་གོམས་པའི་དགེ་སེམས་ལས།།
སྐད་ཅིག་མངོན་འཚང་རྒྱས་པའི་ཚུལ་མཁྱེན་ན།།
ཡང་དག་རྟེན་འབྲེལ་སྙིང་པོ་དེ་ག་ལགས།།
རྟེན་འབྲེལ་ཆོས་ཉིད་ཟབ་མོ་སེམས་སུ་འདུས།།
རིག་འཛིན་བརྒྱུད་པའི་གདུང་སྲས་ལུས་སུ་འདུས།།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུང་སུ་འདུས།།
ཀུན་འདུས་རྟེན་འབྲེལ་བདེན་པ་ཤིན་ཏུ་གཅེས།།
རིག་པའི་ཡེ་ཤེས་ཆོས་ཉིད་དེ་བཞིན་ཉིད།།
འདུ་བྱེད་ཕྲིན་ལས་བྱང་ཆུབ་སེམས་ལ་དབང་།།
རྣམ་པར་ཤེས་པ་ཚོགས་བརྒྱད་རྣམ་དག་པས།།
མིང་གཟུགས་འཕོ་ཆེན་འཇའ་ལུས་རྡོ་རྗེ་བརྙེས།།
སྐྱེ་མཆེད་མངལ་སྒོང་བསྐྱེད་པའི་རིམ་པ་དང་།།
རེག་པ་རྩ་རླུང་ཐིག་ལེ་རྫོགས་རིམ་འཕེལ།།
ཚོར་བ་ངེས་ཤེས་དེ་ཉིད་མངོན་དུ་གྱུར།།
སྲེད་པ་བདེ་ཆེན་ཕྱག་རྒྱའི་དངོས་གྲུབ་ཐོབ།།
ལེན་པ་རྟུལ་ཞུགས་སྤྱོད་པའི་ཧེ་རུ་ཀ།
སྲིད་པ་སྒྱུ་འཕྲུལ་སྙིང་པོའི་དཀྱིལ་འཁོར་ལ།།
སྐྱེ་བ་ཞི་ཁྲོ་རྒྱལ་བའི་ལྷ་ཚོགས་འབྱུང་།།
རྒ་ཤི་བགྲེས་རྒུད་བྲལ་བར་རྫོགས་སངས་རྒྱས།།
རྒྱལ་གསུང་རབ་འབྱམས་ཀུན་གྱི་སྙིང་པོའི་དོན།།
རྟེན་འབྲེལ་གསང་ཆེན་བཤད་པའི་དམ་ཚིག་ཉིད།།
མཁའ་འགྲོ་རྒྱ་མཚོས་གསུང་གིས་སྐུལ་བའི་ངོར།།
དགྱེས་པ་རྡོ་རྗེས་ཐོལ་བྱུང་གླུ་རུ་བླངས།།
ཞེས་པ་རབ་གནས་མེ་སྤྲེལ་ནམ་ཟླའི་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་ལ་མཁའ་འགྲོ་དཔལ་ལྡན་སྒྲོལ་དཀར་དང་མཁན་པོ་འོད་གསལ་མཐའ་ཡས་སོགས་ཀྱིས་ངོར་དབྱིན་ཡུལ་རྫོགས་ཆེན་དུས་འཁོར་འོད་གསལ་རི་ཁྲོད་ནས་ཤྲྰིས་བགྱིས་པར་དགེའོ།། །།