༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་༧༨ ལ་སོན་པའི་སྐུའི་འཁྲུངས་སྐར་ལ་དད་གུས་ཆེན་པོས་ཕུལ།
སེར་ཤུལ་རིན་ཆེན་དོན་གྲུབ།
འཛམ་གླིང་ཤར་ནུབ་བློ་ལྡན་སྐྱེ་བོས་ཁྱེད་ཀྱི་སྙན་པའི་མཛེས་པ་བཏེགས།།
ཀུན་ཁྱབ་བསམ་བློའི་ཞིང་ས་དམ་པར་མཛེས་པའི་ལམ་སྟོན་འོད་ཀྱིས་བཀྲམ།།
ཞི་བདེ་འཚེ་བྲལ་བཟང་སྤྱོད་སྟོང་གིས་འགྲོ་བའི་བདེ་སྐྱིད་བླ་ན་སྤེལ།།
དོན་ལྡན་མཚན་གྱི་སྙན་པ་རིང་མོ་གླིང་ཆེན་རྣམ་བཞིའི་མཐོངས་ལས་འཕུར།།
རྟེན་འབྲེལ་རིགས་པའི་གསུངས་དབྱངས་རེ་རེས་མཁས་དབང་འབུམ་གྱི་ཡིད་དབང་འཕྲོག །
གཉིས་ཕན་ཐབས་ཇུས་གསར་གཏོད་མཛད་པས་རྒྱ་སྤྱིའི་བསྔགས་བརྗོད་མགྲོན་དུ་བསུས།།
གོ་ལ་ཧྲིལ་བོའི་སྐྱེ་འགྲོའི་བསམ་སྤྱོད་ནང་བསྟན་བསམ་བློའི་ཕྱོགས་སུ་དྲངས།།
ཁྱེད་ནི་བླ་མའི་ཡང་རྩེ་ཡིན་ལ་ཁྱེད་ནི་བསམ་བློའི་སྟོན་མཆོག་ཉིད།།
བཅུ་དྲུག་བགྲང་བྱའི་ན་ཚོད་སྐབས་ནས་གངས་ཅན་སྐྱེ་འགྲོའི་མགོན་དཔུང་མཛད།།
དྲག་ཆར་རླུང་འཚུབ་སྟོང་གི་ཁྲོད་ནས་བོད་འབངས་དབུ་འཁྲིད་ཁུར་དུ་བཞེས།།
ཉམས་བཞེས་གོ་རྟོགས་ཟུང་འབྲེལ་ཐབས་ཀྱིས་བོད་རིགས་རྒྱལ་སྤྱིའི་ཁྲོམ་ནས་བསྟན།།
རིས་མེད་ཆིག་སྒྲིལ་མང་གཙོའི་སྣེ་འཁྲིད་ཨུ་ཚུགས་ཚུལ་གྱིས་བདམས་པར་མཛད།།
ཡངས་པའི་རྒྱལ་སྤྱིའི་གར་སྟེགས་ངོས་སུ་ནང་བསྟན་ཚབ་མཚོན་སྐུ་རུ་བཞེངས།།
ཤར་ནུབ་རིགས་པའི་དཔའ་བོ་དག་ལ་འཚེ་མེད་ཞི་བདེའི་དཔེ་ཞིག་བསྟན།།
མགོ་བདེའི་སྒྱུ་འཕྲུལ་བྱང་མ་དག་ལ་བདེན་དོན་ནུས་པ་གསལ་བར་བྱས།།
བླ་མེད་ལམ་སྟོན་བདུད་བརྩིའི་རོ་མཆོག་མཛེས་པ་སྟོང་གི་བཅུད་དུ་གཏམས།།
ཁྱེད་ལ་དད་པ་རྨོངས་དད་མིན་པ་བདག་གིས་ཤེས་རབ་མིག་གིས་རྟོགས།།
ཁྱེད་ལས་ལྷག་པའི་བོད་མིའི་དབུ་འཁྲིད་སུ་ཡང་མེད་པའི་ངེས་པ་རྙེད།།
ཁྱེད་ཀྱི་གཟི་བརྗིད་གྲིབ་བསིལ་འོག་ནས་རང་ཅག་འཚོ་བ་དོན་དངོས་ཉིད།།
འགྲོ་བའི་ནོར་བུ་དམ་པ་ཁྱེད་ཉིད་སྙིང་གི་ཁོང་ནས་བླ་ན་བསྟོད།།
༡༠༡༣/༦/༡/ཉིན་བྲིས།
དཔག་མེད་བསྐལ་པ་དུ་མའི་སྔ་རོལ་ནས། །
ཟུང་འཇུག་གདོད་མའི་རྒྱལ་ས་ཟིན་ན་ཡང་། །
ཆེས་སྙིགས་འགྲོ་ལ་ཐུགས་བརྩེས་ཉེར་དགོངས་ནས། །
རྒྱལ་ཀུན་འཕྲིན་ལས་བྱེད་པོ་ཁྱོད་མིན་སུ། །
ཡངས་པའི་ཁྱོན་འདིའི་ཆེ་རྒུ་མཐའ་དག་གིས། །
འཚེ་མེད་ཞི་བདེའི་ལམ་སྟོན་ཆེན་པོ་ཞེས། །
བསྟོད་པའི་མེ་ཏོག་འཐོར་ཡུལ་དགེ་སྦྱོང་བ། །
མ་གྱུར་འགྲོ་བའི་མགོན་པོ་ཁྱོད་མིན་སུ། །
ཁྱེད་ནི་འགྲོ་བ་ཡོངས་ཀྱི་མཛའ་བཤེས་སུ། །
འགྱུར་མེད་རྡོ་རྗེ་ལྟ་བུར་རྟག་བརྟན་ངང་། །
བདག་སོགས་བྱང་ཆེན་རྒྱལ་སར་མ་ཟིན་བར། །
སྐད་གཅིག་ཙམ་ཡང་འབྲལ་བ་མ་གྱུར་གཅིག །
སྐྱེ་བ་ཀུན་ཏུ་མགོན་པོ་ཁྱེད་ཉིད་ཀྱིས། །
སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཕྲ་མོ་ལའང་། །
ནམ་ཡང་མ་དད་ལོག་ལྟ་མི་འབྱུང་བར། །
མོས་གུས་བྱིན་རླབས་སེམས་སུ་དབང་འབྱོར་ཤོག །
མདོར་ན་མགོན་པོ་ཁྱེད་ཀྱིས་བཀའ་དྲིན་ནི། །
སྟོང་གསུམ་རིན་ཆེན་བསྒྱུར་ནས་དབུལ་ན་ཡང་། །
ཆ་ཤས་ཙམ་ཡང་གསབ་པ་ག་ལ་ནུས། །
འོན་ཀྱང་རང་རྒྱུད་དག་ཕྱིར་སྤེལ་ལ་སྤྲོ། །
མགོན་པོ་ཁྱེད་ཀྱིས་བཀའ་དྲིན་དྲན་པ་དང་། །
དགུང་ལོ་དོན་བརྒྱད་ཕེབས་པའི་མཛད་པ་དག །
ཡང་ཡང་བསམ་ཚེ་མིག་ཆུ་སེམས་ཁོང་དུ། །
དབང་མེད་བཞུར་ཡང་གནས་ལུགས་བཅོས་སུ་མེད། །
སྙིགས་དུས་འགྲོ་བ་སྤྱི་དང་གངས་ཅན་པར། །
མི་འདོད་སྡུག་བསྔལ་རྣམ་གྲངས་དུ་མ་ཡིས། །
བར་མེད་མནར་བའི་ངང་ཚུལ་འདི་གཟིགས་ནས། །
སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པར་སྨོན། །
འདི་དང་ཕྱི་མ་གནས་སྐབས་ཐམས་ཅད་དུ། །
བདག་སོགས་གང་དུ་གནས་པའི་ས་ཕྱོགས་ཀུན། །
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱིས། །
བདེ་སྐྱིད་དཔལ་ཡོན་རོལ་བར་སྐལ་ལྡན་ཤོག །
ཅེས་མདོ་ཁམས་པ་འཇམ་གཅེས་སུ་འབོད་པས་གདུང་ཤུགས་དྲག་པོའི་བསྟོད་དབྱངས་འདི་བཞིན་༸གོང་ས་མཆོག་དགུང་ལོ་ ༧༨ ལ་ཕེབས་ཚུལ་མཛད་པའི་སྐུ་ཡི་འཁྲུངས་སྐར་ཉིན་མོར་དགའ་སྐྱོ་འདྲེས་མའི་ཚོར་སྣང་ཤིག་གིས་དྲངས་ནས་བྲིས་པའོ།། །།
སོར་བཅུའི་འདབ་མ་སྙིང་ཀར་བསྣོལ་ཏེ་གང་ལ་དམིགས་པའི་ལྷའི་དཀྱིལ་འཁོར།།
ཁྱབ་བདག་དང་པོའི་མགོན་པོ་མཆོག་ཉིད་མི་ཡི་གར་དུ་བསྒྱུར་བའི་སྲོལ།།
སེམས་འཛིན་སྲོག་གི་ཐིག་ལེ་ལ་ཞུགས་གདེངས་ཀའི་སྦུབས་རྒྱ་ཀུན་བྲལ་ཏེ།།
ལོག་ལྟའི་མགོ་བོ་ས་ལ་བསྙིལ་ཏེ་མི་ཕྱེད་དད་པས་ལེན་བརྒྱར་འདུད།།
ཆོས་དང་སྲིད་ཀྱི་དྲོད་ཁ་དེ་ནས་ཁྱེད་ལ་དད་པའི་སྤུ་ལོང་གཡོས།།
སངས་རྒྱས་དངོས་ཀྱི་འདུ་ཤེས་དེ་ཡིས་ཁྱེད་ནི་རྩ་བའི་བླ་མར་གྱུར།།
ཆགས་སྡང་རྨོངས་པའི་འཁོར་ལོ་ལ་གནས་བདག་གི་མི་ཚེ་རྫོགས་ལ་ཉེ།།
འདི་ཕྱི་བར་དོ་གང་དུ་གནས་ཀྱང་ཁྱོད་ལས་སྐྱབས་གཞན་བདག་ལ་མེད།།
ཐུབ་པའི་བསྟན་པ་རླུང་གིས་བདས་དུས་ཁྱེད་ནི་སྟོན་པ་གཉིས་པ་ཞིག།
མི་ཡི་ཚེ་སྲོག་གྲི་ཁར་འཕྱོ་དུས་ཁྱེད་ནི་ཞི་བདེ་དེད་དཔོན་མཆོག་།
མི་རིགས་རིག་གཞུང་རྨང་ནས་གསོ་བའི་སྔོན་མེད་ཤིང་རྟ་ཆེན་པོ་སྟེ།།
སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་གསོལ་འདེབས་སྙིང་ཁུང་རུས་པའི་གཏིང་ནས་ཕུལ།།