རོང་བོ་དགེ་འདུན་ལྷུན་གྲུབ། (བོད།)
དང་བའི་ཡིད་ཀྱི་ནམ་མཁའ་སྔོ་བསངས་མར།།
རྒྱལ་སྲས་ཉི་མ་སྟོང་གི་གཟི་བྱིན་ཅན།།
སེམས་དཔའ་མཆོག་ཅིག་འཕེལ་འགྲིབ་མེད་པ་སྟེ།།
བྱ་དཀའི་སྤྱོད་པ་སྐྱོང་མཁས་རྟག་ཏུ་ངུ།།
གང་ཞིག་འཁོར་བའི་འདམ་ལས་དགྲོལ་སླད་དུ།།
རྣམ་པར་རྟོག་པའི་འཆིང་བ་ཀུན་གཞོམ་པར།།
རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་པའི་ལམ།།
ཉིན་དང་མཚན་དུ་བརྩོན་པའི་སྟོབས་ཀྱིས་བཙལ།།
སྔོན་བསགས་ཐུགས་བསྐྱེད་རྒྱ་མཚོ་བསྲུབས་ལས་སྐྱེས།།
རྟེན་འབྱུང་བསོད་ནམས་ཁུར་གྱིས་དུད་པའི་འབྲས།།
ཡོངས་སུ་སྨིན་པའི་རྒྱལ་སྲས་མཆོག་དེ་ལ།།
སྟོང་བའི་དབྱིངས་ལས་སྟོང་བའི་ལམ་མཆོག་བསྟན།།
དེ་ཚེ་གང་ཞིག་ཡིད་ལ་གཡོ་བའི་རླུང་།།
གཅིག་ཏུ་བསྡུས་ཏེ་ལམ་དུ་ཕྱིན་པའི་སྐབས།།
རྒྱལ་སྲས་ཆོས་འཕགས་གང་ཞིག་མཆོད་པ་ལ།།
ཟང་ཟིང་མཆོད་པ་བས་པས་རེ་ཞིག་ཞུམ།།
རྒྱལ་སྲས་རྣམས་ནི་རང་གི་ལུས་དང་སྲོག།
གཞན་ཕྱིར་དབུལ་ལ་སོམ་ཉི་མ་མཆིས་པས།།
རྟག་ཏུ་ངུ་ཡིས་གཅེས་པའི་ལུས་བསལ་ནས།།
མཁོ་བ་དག་ལ་བཙོང་བའི་གཏམ་བསྒྲགས་སོ།།
ནག་པོའི་ལས་ལམ་ཡོངས་སུ་རྫོགས་པ་ཡི།།
བདུད་རིགས་རྣམས་ཀྱིས་བར་དུ་གཅོད་པའི་ཕྱིར།།
སེམས་ཅན་རྣ་བ་བཀབ་པའི་ལས་ངན་མཐུས།།
དེར་འཁོད་སྐྱེ་བོའི་དཔུང་གིས་ཅང་མ་ཐོས།།
དེ་ཚེ་སེམས་དཔའ་མཆོག་དེ་སྐྱོ་བའི་ངང་།།
མི་སྨྲའི་བརྟུལ་ཞུགས་མཛད་པ་ལྷུར་བླངས་སྐབས།།
ཚོང་དཔོན་བུ་མོའི་ཚོགས་ཀྱི་རིགས་སད་དེ།།
དམ་པ་དེ་ཡི་དྲུང་དུ་ཉེ་བར་བཅར།།
ཅིའི་ཕྱིར་ཕངས་པ་མེད་པའི་སྟོང་སེམས་ཀྱིས།།
གཅེས་པའི་རྟེན་འདི་དངུལ་ལ་བརྗེས་ཕོད་དམ།།
ཞེས་པའི་གཏམ་གྱི་བགྲོ་བ་མཛད་པའི་ཚེ།།
རྒྱལ་སྲས་གང་གིས་ལེགས་པའི་ལན་ཡང་བྱིན།།
རྙེད་དཀའི་དམ་པ་གང་གིས་རྗེས་བཟུང་ན།།
རྙེད་དཀའི་རྟེན་འདི་གཞན་དུ་ཕུལ་ཟིན་ཀྱང་།།
རྙེད་དཀའི་སྟོང་ཉིད་ཡིད་བཞིན་དབང་གི་རྒྱལ།།
རྙེད་དཀའ་མ་ཡིན་བདེ་བླགས་ཉིད་དུ་འཐོབ།།
སྒྱུ་མ་ལྟ་བུའི་ལུས་འདི་ནི།།
སྒྱུ་མའི་ཚུལ་དུ་ཉེར་བཞག་ནས།།
སྒྱུ་མ་བཞིན་དུ་མཆོད་བྱས་ན།།
སྒྱུ་མའི་ཆོས་རྣམས་རྟོགས་པར་བཤད།།
དེ་ཚེ་མཆོད་སྦྱིན་བརྒྱ་བ་ཡིས།།
རང་ལུས་སྦས་པའི་ཚུལ་དོར་ནས།།
སེམས་དཔའ་ཁྱོད་ཀྱི་རྣམ་ཐར་འདིས།།
ཀུན་ཡིད་རྨང་ནས་བསྒུལ་ཅེས་སྨོས།།
བུ་མོའི་ཚོགས་ཀྱིས་རང་གི་ཕ་མའི་དྲུང་།།
དམ་པའི་ཚུལ་དེ་སྲོང་བོར་ཞུས་པ་ན།།
ཡབ་ཡབ་མགུ་བའི་ནོར་གྱི་སྐྱེས་དང་བཅས།།
སེམས་དཔའ་གང་ལ་མཆོད་པའི་གཡར་དམ་བོར།།
སྔོན་གྱི་རྟེན་འབྱུང་ནོར་བུའི་དོ་ཤལ་འཕྱང་།།
བུ་མོ་ལྔ་བརྒྱ་ཤིང་རྟའི་འགྲོས་དང་བསྡེབས།།
རྒྱུ་སྐར་དབུས་ན་མཚན་མོའི་མགོན་པོ་བཞིན།།
སེམས་དཔའ་གང་དང་ལྷན་ཅིག་ལམ་ལ་ཆས།།
ཡིད་ཀྱིས་སྤྲོས་པ་མཐའ་དག་གཞོམ་པ་ལ།།
སྟོང་ཉིད་རིག་སྔགས་འཚོལ་བའི་ལམ་པོ་ཆེ།།
རིང་ནས་ཡིད་ལ་བརྣགས་པའི་འདོད་པའི་དོན།།
འགྲུབ་ལ་ཉེ་བའི་སྐལ་བཟང་མངོན་དུ་གྱུར།།
ཆོས་འཕགས་ཆོས་ཀྱི་མདུན་ས་ཆེར།།
འདོད་པའི་ཡོན་ཏན་ཀུན་རྫོགས་ཤིང་།།
དག་པའི་སྣང་བར་དག་པའི་ཞིང་།།
སྐབས་གསུམ་པ་ནི་མངོན་སུམ་བཞིན།།
དེ་ལྟའི་སྣོད་བཅུད་མ་ལུས་པ།།
ཚོགས་གཉིས་པིར་གྱི་རྩེ་མོ་ལས།།
བྲིས་པའི་ཡུལ་ལ་བསླེབས་མ་ཐག།
རབ་དགའི་ས་ལ་མཇལ་བ་བཞིན།།
སྲིད་དང་ཞི་བའི་མཐའ་ལས་ཉེར་གྲོལ་ཅིང་།།
ཆོས་རྣམས་སྒྱུ་མར་སྟོན་པའི་སྒྱུ་མ་མཁན།།
ཆོས་འཕགས་ཆོས་བཞིན་སྐྱོང་བའི་མགོན་དེ་ནི།།
དེ་ཡི་དབུས་སུ་ཉི་མ་ཤར་བ་བཞིན།།
གང་གི་ཞལ་གྱི་དཀྱིལ་འཁོར་མཐོང་མ་ཐག།
ཟུག་ངུ་དྲུངས་ནས་ཕྱུངས་པ་རྟག་ཏུ་ངུས།།
རྩེ་གཅིག་གུས་པའི་ཆོ་ག་མདུན་བསྟར་ནས།།
མ་ཚང་མེད་པའི་མཐོང་ཐོས་ཇི་སྙེད་ཞུས།།
འཛུམ་པའི་བཞིན་ལ་འཕྲོ་བ་ཡི།།
བྱམས་པའི་འོད་ཀྱི་མཛེས་པ་ཅན།།
ཞལ་ལས་ཆོས་ཀྱི་རྔ་བོ་ཆེ།།
དད་པའི་སྟོབས་ལས་འདི་ལྟར་བརྡུངས།།
ཀྱེ་མ་རིགས་ཀྱི་སྲས་པོ་མཆོག།
རྒྱུ་དང་རྐྱེན་ལ་མ་བལྟས་པའི།།
ཆོས་རྣམས་འགའ་ཡང་ཡོད་མིན་པ།།
རྔ་དང་དེ་ཡི་སྒྲ་བཞིན་ནོ།།
ཆོས་རྣམས་དེ་ལྟར་ངེས་པའི་ཚེ།།
ལམ་གྱི་ཚུལ་ཡང་དེ་ལྟར་ཏེ།།
རྡེའུ་ཤིང་རྟ་གླང་སྣང་བ་བཞིན།།
གཞན་དུ་དམིགས་པ་མ་མཆིས་སོ།།
སྟོང་བའི་ངང་ལས་གཡོ་མེད་ཀྱང་།།
རྒྱལ་བའི་ཚོགས་ཀྱི་སྐུ་དང་གསུང་།།
ཆུ་ཟླ་བཞིན་དུ་མཆེད་པ་ཡི།།
དེ་ཉིད་ཡིད་ལ་ཕྲིས་གྱིས་གསུངས།།
གསུང་གི་རོལ་མོ་དེ་ཐོས་པས།།
རྟག་ངུའི་སེམས་ཀྱི་རྒྱ་གྲོལ་ནས།།
ལམ་གྱི་དཀའ་བ་མྱོང་བའི་ཚེ།།
གང་སྣང་རྒྱལ་བའི་མཛད་པར་རྟོགས།།
ཉིན་མོར་བྱེད་པ་ནུབ་རིའི་རྩེར་གཤེགས་ཏེ།།
ཕན་ཚུན་བསམ་གཏན་སྒོམ་ལ་ཞུགས་པའི་བརྡ།།
ཡང་ཡང་བསྟན་ཚེ་རྒྱལ་སྲས་མཆོག་དེ་འང་།།
གདུགས་བདུན་བར་དུ་ཏིང་འཛིན་ངང་དུ་འབྱམས།།
རྟག་ཏུ་ངུ་ཡི་ཡིད་ཀྱི་མེ་ལོང་ངོར།།
ཆོས་འཕགས་ཆོས་ཀྱི་དེད་དཔོན་འབྲི་བཞིན་དུ།།
རྟག་ཏུ་མཆོད་པའི་ཡུལ་ལ་སེམས་ཤོར་ནས།།
ཀུན་བཟང་མཆོད་པའི་མཆོད་ཚོགས་བཤམ་རྒྱུར་བྲེལ།།
ཆོས་ཀྱི་སྒོ་མོ་འབྱེད་ལ་ཉེ་བ་ན།།
ས་ལ་ཆག་ཆག་འདེབས་པར་བརྩོན་པའི་ཚེ།།
ནག་ཕྱོགས་རིས་ཀྱིས་མི་མཐུན་དཔུང་བསྐྱེད་དེ།།
གཙང་མའི་ཆབ་རྒྱུན་སྟོང་བའི་དབྱིངས་སུ་བཏང་།།
དེ་ཚེ་བྱང་ཆུབ་སྤྱོད་པའི་ལམ།།
ཡོངས་སུ་འཚོལ་ལ་སྙིང་སྟོབས་ཤུགས།།
རྫོགས་པའི་རྒྱལ་སྲས་གང་དེ་ཡིས།།
ཕྱག་ལ་རྣོ་བའི་རལ་གྲི་ཐོགས།།
འཇུངས་པའི་ཞགས་པ་ཉེར་བཅད་དེ།།
ལུས་ཀྱི་ཆ་ཀུན་འཕིགས་པའི་སྐབས།།
ཙན་དན་དྲི་བསུང་བསྒོས་པ་ཡི།།
ཁྲག་གིས་ས་གཞིར་བྱིན་རླབས་གནང་།།
ནམ་མཁའི་ལམ་ནས་ལྷ་དང་ལྷ་མོའི་ཚོགས།།
དགྱེས་པའི་ཕྱག་གིས་གར་གྱི་ཉམས་དང་བཅས།།
མནྡཱ་ར་ཡི་ཆར་གྱི་རྒྱུན་ཕབ་ནས།།
ཆོས་གྱི་མདུན་ས་བཀྲ་ཤིས་མཚན་མས་ཁྱབ།།
དེ་ཚེ་ཆོས་ཀྱི་ཁྲི་འཕང་རྩེར།།
ཞབས་ཀྱི་ཟླ་ཚེས་བཀོད་པ་ཡི།།
ཆོས་འཕགས་ཆོས་ཀྱི་ཉི་མ་གང་།།
སྐལ་བཟང་པདྨའི་ཚལ་ལ་ཕྱོགས།།
གསུང་གི་འབྲུག་སྒྲ་ཟབ་མོ་ཡིས།།
ཟབ་མོའི་དོན་ཀུན་སྟོན་པའི་ཚེ།།
ས་གནམ་གཡོ་བའི་དངངས་སྐྲག་གིས།།
འཇིག་རྟེན་འདི་འང་སྟོང་སྙམ་ཤར།།
མདུན་ཀྱི་ཆོས་ཀུན་ནུབ་པའི་ཚད།།
མཚོ་ལ་བཏབ་པའི་ཁ་བ་བཞིན།།
རང་སར་ཞིག་པའི་སྣང་བ་ཡིས།།
རྟག་ངུའི་ལུས་སེམས་ཡོངས་སུ་འདར།།
རྨི་ལམ་ལྟ་བུར་སྣང་བའི་འཇིག་རྟེན་འདི།།
སྒྱུ་མ་བཞིན་དུ་སྣང་བའི་སྤྲུལ་བ་ཙམ།།
ཐ་སྙད་ཞེན་པའི་མདུད་པ་ཞིག་པའི་ཚེ།།
ཤུལ་ཏུ་མི་སྟོང་གང་ཡང་ལྷག་པ་མེད།།
འོན་ཀྱང་སྒྱུ་མའི་ཆོ་ག་མ་ལུས་པ།།
སྒྱུ་མ་བཞིན་དུ་སྒོམ་པའི་རྗེས་ཐོབ་ཏུ།།
རྒྱུ་འབྲས་རྣམ་གཞག་སྤྲོས་པ་མང་མཐོང་ཡང་།།
རྩ་བ་རུལ་བའི་ཐེམ་སྐས་ཁོ་ནར་སྣང་།།
དེ་ལྟའི་ཏིང་འཛིན་ཟས་ལ་རོལ་བའི་བུ།།
རྒྱལ་བའི་རྒྱལ་སྲས་འཕགས་པ་རྟག་ཏུ་ངུའི།།
གཉིས་སྣང་སྤྲོས་པའི་སྒྲིབ་ཡོལ་བསལ་བའི་དུས།།
གདོད་མའི་སེམས་ཀྱི་བཙན་ས་རྗེན་པར་ཟིན།།
ཨེ་མ་རྒྱལ་སྲས་རྒྱལ་བས་ཆོས་ཀྱི་ཚུལ།།
ཡོངས་སུ་བཙལ་བའི་སྙིང་སྟོབས་ཆེན་པོ་འདིས།།
རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་པའི་ལམ།།
རྙེད་པའི་རྣམ་ཐར་སྐྱེ་བོའི་བློ་ལས་འདས།།
དམ་པས་བསྔགས་པའི་ལམ་ལ་རྗེས་ཕྱོགས་ནས།།
རིག་བྱེད་དར་གྱི་སྐུད་པ་བསྡམས་པ་འདིས།།
ངག་གི་དྲི་མ་བསལ་བའི་བསོད་ནམས་སྟོབས།།
ཚེ་རབས་ཀུན་ཏུ་འཐོབ་པའི་རྒྱུ་བྱེད་ཤོག།
ཅེས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྣམ་ཐར་ཟུར་ཙམ་ཞིག་བརྗོད་བྱར་བྱས་ཏེ་མེས་པོ་དམ་པ་དག་གི་ལུགས་བཞིན་སྙན་ངག་འབྲི་བ་བོ་ནི་རོང་བོ་དགེ་འདུན་ལྷུན་གྲུབ་ཡིན།
དངོས་གནས་སྙན་ངག་ཟེར་བ་བྲིས་འདུག
སྙན་པོ་ཐམས་བཅས་སྙན་ངག་མིན་།
སྙན་ངག་བྲི་བར་བྱ་ཙ་ན་།
ཚིག་འབྲུ་གྲངས་ཚད་ལོང་པ་དགོས་།
ཚིག་འབྲུ་བདུན་ནམ་ཡང་ན་དགུ་།
གང་ལྟར་ཆ་སྙོམ་སྙན་ངག་རྒྱན་།
སྙན་ངག་དཔའ་བོས་གསུང་ནས་མཁྱེན་།