ཕོ་རོག་དཀར་པོས།
༡༽
ཆར་ཞོད་བབས་ཀྱང་རུང་། རླུང་འཚུབ་གཡུགས་ཀྱང་རུང་། རྡ་སའི་ཆབ་སྲིད་གྲོག་མ་ནི། རྡ་སའི་སྲང་བར་ན་རྒྱུག་ཅིང་འདུར་བའི་ངང་བྲེལ་བྲེལ་འཚབ་འཚུབ་ཏུ་འདུག རིན་གོང་ཆུང་བའི་ལག་འཛིན་ཁ་པར་རྣ་རྩར་གླན་བཞིན་དབྱིན་བོད་སྦྲགས་མའི་སྐད་ཆ་ཞིག་བཤད་ཀྱིན་བཤད་ཀྱིན་ཆར་གདུགས་ཀྱི་འདབས་ནས་ཟགས་བཞིན་པའི་ཆར་ཐིགས་རེ་རེས་རང་གི་རྐང་སྣེ་རློན་བཞིན་དུ་རྡ་སའི་ཁྲོམ་སྲང་བཙན་གྱིས་འཕྲེད་ལ་གཤགས་ནས་འགྲོ་སོང་། ད་དཀོན་མཆོག་མཁྱེན། ཡང་གང་ཞིག་ན་ཅི་ཞིག་འཚོགས་ཀིན་ཡོད་པ་ཡིན་ནམ། ཡང་གང་ཞིག་གི་ཆེད་དུ་ཅི་ཞིག་གི་ཆབ་སྲིད་འཁྲབ་རྒྱུ་ཡིན་ནམ།
༢༽
ཨོ་་་་་་འདི་ལྟར་བཤད་དགོས་སྙམ། རྡ་སའི་རི་གྲོང་ཆུང་ཆུང་ནི་ཆབ་སྲིད་གྲོག་མའི་འཁྲབ་སྟེགས་ཡིན་ཞིང་། གཡོ་སྒྱུའི་རང་བསྟོད་ཁྱབ་བསྒྲགས་ཀྱི་ལས་འགུལ་ནི་ཆབ་སྲིད་གྲོག་མའི་འཁྲབ་གཞུང་རེད། གྲོག་མ་ནི་གྲོག་མ་རང་ཡིན་ཡང་། གྲོག་མ་ཡིན་པར་མ་ཟད་གཡོ་ཐབས་སྣ་མང་ལ་མཁས་འཇོན་གོམས་གསུམ་ལྡན་པའི་ཆབ་སྲིད་གྲོག་མ་ནི། ས་གནས་ཆུང་ཆུང་འདིའི་འཁྲབ་སྟོན་པ་ངོ་མ་ཞིག་ཡིན། ད་དུང་ང་དང་ཁྱོད། མགོ་སེར་དང་མགོ་ནག་སོགས་ཤར་ནུབ་ཀྱི་ཕྱོགས་བཅུ་ནས་དུས་གསུམ་དུ་ཕེབས་ཡོང་བ་ཡོད་ཚད་ཀྱིས་ཆབ་སྲིད་གྲོག་མའི་འཁྲབ་སྟོན་རེ་མཐོང་མ་མྱོང་མཁན་མེད་ཟེར་ནས་བཤད་ཆོག་པར་སྙམ།
གང་ལྟར་འཁྲབ་སྟེགས་འདི་དང་འཁྲབ་གཞུང་། འཁྲབ་མཁན་འདི་གསུམ་ནི་ཆབ་སྲིད་གྲོག་མའི་ཚོང་ཁང་དང་ཚོང་ལས། ཚོང་པ་གསུམ་ཡིན་པས་ནམ་ཞིག་ཆབ་སྲིད་གྲོག་མ་འདི་དག་དང་ཁ་བྲལ་སོང་ན། ཆབ་སྲིད་གྲོག་མ་ནི་ཐལ་རྡུལ་ཁྲོད་ཀྱི་གྲོག་མ་ངོ་མ་རུ་འགྱུར་འགྲོ་ངེས་ཡིན།
༣༽
ཆབ་སྲིད་ནི་ཆབ་སྲིད་རང་ཡིན་ཞིང་། གྲོག་མ་ཡང་གྲོག་མ་རང་ཡིན་ན་ཡང་། ཆབ་སྲིད་གྲོག་མ་ལ་ཐིམ་ཞིང་གྲོག་མས་ཆབ་སྲིད་ཀྱི་འཕག་འཚག་འདི་ལྟར་བརྒྱབས་དུས། ངོ་མ་ཆབ་སྲིད་དང་གྲོག་མ་ཕན་ཚུན་འདྲེས་ཤིང་གྲོག་མ་དང་ཆབ་སྲིད་ངོ་བོ་དབྱེར་མེད་དུ་གྱུར། ཚི་དྲེག་གིས་ཁེབས་པའི་རྒྱབ་ཁུག་ནག་རིལ་རྒྱབ་ལ་ཁུར་ནས་རྐང་མགོའི་བསིལ་ལྷམ་རྙིང་པ་གཉིས་གཅིག་ལས་གཅིག་མགྱོགས་ལ་འགྲན་རྩོད་ལྟ་བུའི་ངང་ཆབ་སྲིད་གྲོག་མ་ཡང་དྲག་ཆར་ནང་རྒྱུག་ཡོང་གིན་འདུག འཚོགས་ཁང་གང་ཞིག་ན། གཏམ་གླེང་ཅི་ཞིག་གི་ཆེད་དུ་ཡིན་ནམ། ཡང་ན་ཁྱིམ་མཚེས་རྒྱ་གར་གྱི་སྤོ་བོ་རྨོ་མོ་སོགས་ལ་ཆབ་སྲིད་ཀྱི་བྱིས་སྒྲུང་རེ་བཤད་པར རྒྱུགས་པ་ལོས་ཡིན་སྙམ། འཕགས་མཆོག་སྤྱན་རས་གཟིགས་མཁྱེན། ཡང་རན་སོང་། དོན་དངོས་མི་ཤེས་པའི་གླེན་པ་སྐོར་ཞིག་ལ་དོན་དངོས་མིན་པའི་གནས་ཚུལ་རྫུན་མ་རེ་ངར་ཤུགས་ཆེན་པོ་དང་སྐད་ཤུགས་དྲག་པོས་ཁྱབ་བསྒྲགས་བྱ་རན་སོང་།
༤༽
ཆབ་སྲིད་གྲོག་མས་ནམ་རྒྱུན་གྱོན་ཆས་གང་ངན་ངན་དང་། གདོང་མདོག་དང་རྣམ་འགྱུར་གང་སྐྱོ་སྐྱོ་སྟོན་པ་འདི་ཡང་ཆབ་སྲིད་ཡིན་ཞིང་། རང་གི་མི་རིགས་དང་རིག་གཞུང་གི་སྐོར་ནས་གཏམ་བཤད་བྱེད་སྐབས་མགྲིན་པ་བརྣངས་ཁུལ་དང་སྐད་ངག་འདར་ཁུལ་བྱེད་པའང་ཆབ་སྲིད་ལོས་ཡིན། ད་དུང་ཆབ་སྲིད་གྲོག་མའི་ཐར་ཐོར་གྱི་ཁ་སྤུ་ཚོའི་རྩེ་མོ་ན་ཡང་ཆབ་སྲིད་ཀྱི་གཡོ་ཇུས་ཀྱི་ངུ་དགོད དང་འུ་ཐུག ལྐོག་ཇུས་སྣ་ཚོགས་ཀྱིས་ཨག་སྐད་ལྷང་ལྷང་འདོན་ཁུལ་བྱེད་བཞིན་ཡོད། འདི་ལྟར་འདི་དག་ཞིབ་ཏུ་བསམ་ཞིང་གཞིགས་ན། ཆབ་སྲིད་གྲོག་མའི་མགོ་སྐྲ་རྩེ་ནས་རྐང་བའི་མཛུབ་རྩེ་བར་ཆབ་སྲིད་ཀྱི་གཡོ་ཇུས་སྐྱུར་མོས་འབར་བཞིན་ཡོད་ཅིང་། ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་རང་དོན་སྒྲུབ་པའི་འཕག་འཚག་སྣ་ཚོགས་ཤིག་གཞན་དོན་དང་སྤྱི་དོན་ཡིན་ཁུལ་ངང་ཆབ་སྲིད་འཁྲབ་བཞིན་ཡོད། ངོ་མ། སྙིང་མ་རྗེ། ཆབ་སྲིད་གྲོག་མའི་གཡོ་ཇུས་ཀྱི་ཆབ་སྲིད་འཁྲབ་སྟོན་དག་ཆབ་སྲིད་དུ་མཐོང་མི་ཐུབ་པའི་ཞ་ར་དང་འོན་པ། གླེན་ལྐུགས་ཚོས་ད་དུང་་་་་ད་དུང་འདི་ནས་འདི་ལྟར་ཆབ་སྲིད་གྲོག་མ་ལ་བསྟོད་པ་རེ་བྱེད་ཀྱིན་ཆབ་སྲིད་གྲོག་མ་ནི། གྲོག་མ་ཞིག་མིན་པར་བྱས་རྗེས་ཅན་གྱི་རླབས་ཆེན་མི་སྣ་ཕྱོགས་སྟོན་པ་དང་སྣེ་ཁྲིད་པ་ཞིག་ཏུ་བརྩི་བཀུར་བྱེད་བཞིན་འདུག
༥༽
དེ་རིང་ཡང་བོད་དང་བོད་པའི་ཡོད་ཚད་ལ་ཆ་རྒྱུས་གང་ཡང་མེད་པའི་ཤར་ནུབ་ཀྱི་ཡུལ་སྐོར་པ་སྐོར་ཞིག་གི་ཁྲོད་ན། ཆབ་སྲིད་གྲོག་མ་མེ་འབར་འབར་དང་ཆུ་འཕྱུར་འཕྱུར་བྱེད་ཀྱིན་འདུག མཚམས་རེར་ངས་བསམ་ན། རྡ་སའི་ཆབ་སྲིད་གྲོག་མས་འཁྲབ་བཞིན་པའི་ཆབ་སྲིད་ནི། ཆབ་སྲིད་གྲོག་མ་ཁོ་རང་གི་མི་གཞི་དང་ཚོན་མདོག་ལྟ་བུའི་ཧ་ཅང་གི་ཐེབས་ཆག་སྐྱོ་བོ་ཞིག་ཡིན་པར་འདོད། སྐབས་འཚོལ་ངང་གནས་ཚུལ་རྫུན་མ་རེ་བསྒྲགས་ནས་དུས་རྒྱུན་རང་གི་མི་རིགས་དང་ལོ་རྒྱུས་ནང་ངོ་ཚ་བ་དང་བློ་ཕམ་དགོས་པའི་ལེའུ་རེ་འཁྲབ་བཞིན་རང་ཉིད་རང་གིས་རྡོ་རིང་ཆག་རོ་ཞིག་གི་ངོས་སུ་འབྲི་ཨེ་ཐུབ་ལ་འབད་བཞིན་པ་འདི་རེད་སྙམ།
༦༽
གང་ན་མི་ཚོགས་ཀྱི་འཚངས་ཀ་ཆེ་ན་དེ་རུ་ཆབ་སྲིད་གྲོག་མ་ཡོད་ཅིང་། གང་ལ་མི་རིགས་དང་རིག་གཞུང་གི་བགྲོ་གླེང་ཡོད་ན་དེ་རུ་ཆབ་སྲིད་གྲོག་མ་གྲག་གིན་ཡོད། ཆབ་སྲིད་ལ་ཁ་ཕྱོགས་མེད་པའི་རྡ་སའི་རི་གྲོང་ན་སྐབས་འཚོལ་གྱི་རྒྱལ་དར་ལག་ཏུ་འཕྱར་ནས་ཨག་སྐད་སྣ་ཚོགས་སྒྲོག་པའི་ཆབ་སྲིད་གྲོག་མ་ནི། ནམ་ཡང་ཁོམ་མེད་བྲེལ་བའི་ངང་ཆབ་སྲིད་ཀྱིས་འབར་བཞིན་ཡོད། གླེན་ལྐུགས་ཚོའི་མགོ་ཐོག་ན་འབར་བཞིན་ཡོད་ཅིང་། སྐུ་དྲག་དང་སྐུ་ངོ་ཚོའི་རྐང་འོག་ན་ཉམ་ཐག་ཐག་དང་འཛུམ་དམུལ་དམུལ་ངང་རྒྱུག་གིན་ཡོད་པ་རེད། ངོ་མ་དེ་ལྟར་རེད་འདུག་གོ། །། ༢༠༡༡ ༩ ༡༧