རྡོ་སྦིས་ཟླ་བ་ཚེ་རིང༌།
དང་པོ།
དབྱར་ཟླ་བཞི་བའི་ཚ་གདུག་ནི་མེ་རི་འཕྱུར་བ་ལྟར་ཕྱོགས་ཕྱོགས་ན་ལྡང་བའི་རླུང་བུ་དག་ཀྱང་ཚ་ལམ་ལམ་གྱི་རེག་བྱ་དྲོན་མོ་ཞིག་གིས་ཐུལ་ནས་ཡོང་གིན་ཡོད་པས། དུས་ཚིགས་འདི་སླེབས་ཐེངས་རེར་ཁོར་ཡུག་འདིའི་མཛེས་སྡུག་གི་ཁ་དོག་བལྟས་བལྟས་ལ་རྒས་འགྲོ་ཞིང༌། ཁོ་ར་ཁོག་ཡུག་ཀུན་ལ་སྟོང་ལྷང་ངེར་བསྡད་ཡོད་པས། ངས་རང་ཉིད་ཀྱི་ཚོགས་ཐུན་ཁྲིད་ཚར་རྗེས་ཉལ་ཁྲིལ་སྒང་ནས་གན་རྐྱལ་དུ་ལོག་སྟེ་ཅུང་ཙམ་འགོར་མ་ཐག གློ་བུར་དུ་“ཐག་ཐག”་ཟེར་བའི་སྒྲ་ཞིག་གིས་ངའི་ཉལ་ཁང་གི་སྒོབརྡུང་བྱུང་བས། ངས་སུན་སྣང་དང་བཅས་ཏེ་སྒོ་ཕྱེ་བས་ན། དེ་ནི་གཞན་མ་ཡིན་པར་ང་ཚོའི་སློབ་གྲྭའི་ཡིག་སྐྱེལ་མཁན་བསྟན་འཛིན་རེད་ལགས།
“རྒན་རྡོ་བྷ་ལགས་ འདི་ན་ཁྱོད་ལ་ཡི་གེ་ཞིག་འདུག” ཟེར་ནས་ཡིག་ལྐོག་དཀར་བའི་སྟེང་ལ་མཚོན་མདོག་སྔོ་ནག་ཅན་གྱི་ཡིག་འབྲུ་ཁ་ཤས་བབས་ཡོད་པའི་ཡིག་ལྐོག་དེ་ངའི་ལག་ཏུ་སྟར་རྗེས་ཕྱིར་ལོག་སོང༌།
ངས་ཡང་བསྐྱར་ཡིག་ལྐོག་སྟེང་གི་ཡིག་འབྲུ་རེ་རེ་ག་ལེར་ཀློག་དུས་ཏག་ཏག་ངའི་རེད་འདུག་མོད། ས་ཆ་གང་ནས་བསྐུར་བའི་གསལ་ཆ་མེད་པས་ན། སུའི་ཡིན་ནམ་སྙམ་པའི་དོགས་པ་ཞིག་དང་མཉམ་དུ་ཡིག་ལྐོག་དེ་ག་ལེར་ཁ་ཕྱེ་བ་ཡིན།
ངའི་སྙིང་གི་བདག་པོ་རྡོ་བྷ་ལགས།
ཡི་གེ་ཞིག་འབྲི་བསམ་ནའང༌། སྐད་ཆ་མང་དྲགས་པའི་འགོ་གང་ནས་གཟུག་དགོས་པའང་མི་ཤེས་ཀི་ གང་ལྟར་ནམ་ཞིག་འཕྲིན་ཡིག་འདི་ཁྱོད་ཀྱི་ལག་ཏུ་འབྱོར་ཚེ། ལས་ངན་མ་ང་རང་མི་འདོད་བཞིན་དུ་ཡོད་ཚད་བསྐྱུར་ནས་འགྲོ་དགོས་སོང༌། ང་འདི་ལྟར་སོང་ཚེ། ངས་ཁྱོད་ཀྱི་མདུན་ཐད་ན་ལྷག་པའི་སྔོ་སྡུག་སྐྱ་ཟད་ཀྱི་ཀྱོག་ལམ་དེ་དང་ང་དྲན་པའི་སྡུག་སྣང་གི་ཆུ་ཚོད་དེ་དག་ལ་བསམ་བློ་མ་འཁོར་བ་གཏན་ནས་མིན་མོད། དེ་ནི་ངས་ཁྱེད་ཀྱི་མིག་ཟུང་ཕྲ་མོ་དང་མཉེན་ལྕུག་གི་ལག་ཟུང་འཇམ་པོ་དག་ནམ་ཡང་ངའི་སེམས་ཁོང་དུ་མི་རྙིང་བའི་ཆེད་དུ་ཡིན།་ འདི་ལྟར་ལམ་ལ་ཞུགས་དུས་ཆེས་བཟོད་པར་དཀའ་བ་ནི་འོ་མ་ལས་ཞིམ་པའི་ཁྱོད་ཀྱི་འོ་དྲི་ཞིམ་པོ་དེ་དང་གླིང་བུ་ལས་སྙམ་པའི་ཁྱོད་ཀྱི་སྙིང་གཏམ་དྲོན་མོ་དེ་དག་རེད། དེ་དག་ལས་ངས་ད་གཟོད་མིའི་བདེ་སྐྱིད་ཀྱི་འཚོ་གནས་རྙེད་ཅིང༌། བུ་མོ་ཞིག་གི་སེམས་ཚོར་གྱི་འཚོ་སྣེ་འབུས་སོང་བས། ངས་ཁུ་སིམ་མེར་སེམས་གཏིང་ནས་ཁྱོད་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
རྡོ་བྷ་ལགས། ནམ་རྒྱུན་མཉམ་འཛོམས་སྐབས་ཀྱི་གླེང་མོལ་དེ་དག་ལ་ཕྱིར་འདང་རེ་བརྒྱབ་ན། ཅི་འདྲའི་ཡིད་དུ་འོང་བའི་མིའི་འཚོ་སྣེ་ལ་མཁོ་བའི་བདེ་སྐྱིད་ཅིག་རེད་ཨང༌། ད་དུང་ང་རང་ཡུན་རིང་ལ་སྒུག་སྒུག་པའི་ཁྱོད་ཀྱི་མགྲིན་ཁ་ནས་ཐོན་དཀའ་བའི་སྐད་ཆ་སྟེ་ “ང་ཁྱོད་རང་ལ་དགའ། དངོས་གནས་ཁྱོད་རང་ལ་དགའ” ཟེར་བའི་སྐད་ཆ་གསོན་པོ་འདི་རེད། དུས་སྐབས་དེ་ནས་བཟུང་སྟེ་ངས་ཁ་རོག་གེར་རང་ཉིད་ཀྱི་ལུས་སེམས་གཙང་མ་དེ་ཁྱོད་ཀྱི་བྲང་ཁོག་ཏུ་འཇོག་པའི་དམ་བཅའ་བཞག་ཅིང༌། ཉིན་མོའི་ཟས་དང་མཚན་མོའི་རྨི་ལམ་དུའང་ཁྱོད་རང་ཁོ་ན་དྲན་ནས་བསྡད་ཡོད།
རྡོ་བྷ་ལགས། ཁྱོད་ཀྱི་དྲན་སེལ་གྱིན་ཨེ་འདུག་གམ། མཐར་ཕྱིན་མཚན་ཚོགས་སྐབས་ཀྱི་དགོང་མོ་དེར་ངས་ཁྱེད་ཀྱི་གནག་སྣུམ་གྱི་སྐྲ་ལོ་བཀྲུ་སྐབས་ཀྱི་རྩེད་དགོད་དེ་དག་ཨེ་དྲན་གིན། ཆུ་ཚོད་དེ་དག་ནི་ཅི་འདྲའི་མི་སེམས་འགུགས་པའི་བདེ་སྐྱིད་ཅིག་རེད་ཨང༌། རྒྱུ་མཚན་དེས་ངས་ད་དུང་ཁྱོད་ཀྱི་དབུ་སྐྲ་དེ་མུ་མཐུད་ནས་བཀྲུ་མདང་ཆེ་མོད། ཡིན་ནའང་གནམ་རྒན་མས་གོ་སྐབས་འདི་སྤྲད་མ་སོང་བས་ཅི་འདྲའི་བསམ་དཀའ་བའི་སྡུག་བསྔལ་ཞིག་རེད་ཨང༌།
ཡི་གེ་བྲིས་ནས་མཚམས་འདིར་བསླེབས་དུས། ཁྱོད་རང་དྲན་གིན༌། དངོས་གནས་ཁྱོད་རང་དྲན་གིན། ཁྱོད་རང་དྲན་ནས་སྙིང་ནས་ཟུག་གཟེར་ལྡང་ཞིང༌། མགྲིན་ཁ་ནས་དབུགས་སྒོ་འཚང་ནའང༌། ད་བྱ་ཐབས་ཅི་ཞིག་ཡོད། དེ་བས་ངེད་རང་ཉིད་ཀྱི་སྡུག་བསྔལ་ཡོད་ཚད་རང་ཉིད་ཀྱི་བྲང་ཁོག་ནས་ཆུ་ཁོལ་ལྟར་་རུ་གདུ་རུ་འཇུག་རྒྱུ་ལས་ཁྱོད་རང་ཡང་སྡུག་བསྔལ་འདིའི་གྲས་སུ་འཇུག་མདང་མེད་པའི་ཡིན། དེ་ནི་ང་རང་ཁྱོད་ལ་དུངས་བའི་མཚོན་རྟགས་ཡིན་ལ། ངས་ཁྱོད་ལ་བཅངས་པའི་བརྕེ་སེམས་ཀྱང་འདི་ཡིན།་ ཁྱོད་རང་སྐྱིད་རེ་བདེ་ནས་བསྡད་ན་ང་དེ་གས་ཆོག
རྡོ་བྷ་ལགས་ ང་ཡང་ཁྱེད་རང་ལ་དགའ་གི་ དངོས་གནས་དགའ་གི་ ཁྱེད་ལ་དགའ་བའི་དབང་གིས་ཡོད་ཚད་གཏིང་བརྗེད་དུ་སོང༌། ཐ་ན་གཉེར་ཉེ་དང་ཕ་མ། ལས་སྣེ་སོགས་ཀྱང་གཏིང་བརྗེད་དུ་སོང༌། དེ་སྔོན་ཁྱོད་ཀྱི་ལུས་ཟུང་ནས་བཞུར་བའི་ཐིགས་ལེར་དཀར་བོའི་རྒྱུན་ཐག་རེ་རེ་ཤུགས་ཀྱིས་ཁོ་མོའི་བྲང་གཞུང་དུ་བཞུར་འགོ་ཚུགས་པ་ནས་བཟུང༌། ང་རང་ཁྱེད་ཉིད་ལ་མཁོ་བའི་བདེན་དབང་བྱས་སོང་བས། འཇིག་རྟེན་འདི་ན་ང་ལས་སྐྱིད་པོ་ཞིག་སུ་ཡོད་སྙམ་ནས་སེམས་པ་སྐྱིད་ལྷང་ལྷང་གིས་བསྡད་ནས་ཡོད་ནའང༌། ལས་བསམ་ས་མི་འགྲོ་འཁྱོག་ས་འགྲོ་ཟེར་བ་ལྟར་ཁོང་ཚོས་འདི་ལྟར་རྒྱུ་དང་དབང་གྲགས་ཀྱི་ཆེད་དུ་ངའི་བདེ་སྐྱིད་ཡོད་ཚད་བཅོམ་སོང་བས།་ ང་དངོས་གནས་སྙིང་ལངས་ནས་བཟོད་ཐབས་མི་འདུག གཅིག་བྱས་ན། འདི་ཡང་ལས་དབང་ཡིན་སྲིད་མོད། དཀོན་མཆོག་གིས་ཀྱང་འདི་ལྟར་བུ་མོའི་ངའི་རྐང་སྣེ་ལ་ཚེར་སྡོང་འཛུགས་དགོས་དོན་ཅི་ཡིན་ནམ། གང་ལྟར་ང་ལམ་ལ་ཆས་སོང༌། ཁྱོད་ཀྱི་འཛུམ་མདངས་དང་ཡོད་ཚད་རིམ་ནས་ལམ་ལ་ཆས་སོང་བས་དེ་དག་ནི་ངའི་མཐའ་མཇུག་གི་ལམ་གྲོ་ཁོ་ནའོ།
མཐར་ཁྱོད་ཀྱི་སྐུ་གཟུགས་བདེ་ཐང་ངང་ཡོང་བར་སྨོན་ལམ་དང་བཅས་ཁྱོད་ཀྱི་སྙིང་གི་བདག་མོ་མ་ནས༌།
ཡི་གེ་ཀློག་ནས་མཚམས་འདིར་སླེབས་དུས༌། ངའི་མགྲིན་ཁ་ནས་”འདི་ནི་དངོས་གནས་མ་རེད”ཅེས་པའི་ཚིག་འབྲུ་འདི་ཤོར་ནའང༌། སེམས་ཀྱི་གཏིང་རིམ་ནས་ཁོ་མོའི་འཕྲིན་ཡིག་གི་ཚིག་འབྲུ་རྣམས་རྦ་རླབས་ལྟར་ངའི་བྲང་གཞུང་ནས་ཡར་འཕྱུར་བྱུང་བས། ངས་དེ་མ་ཐག་ཉལ་ཁང་ལ་སྒོ་ལྕགས་བརྒྱབ་སྟེ་ཁོ་མོའི་ལས་ཁུངས་ཕྱོགས་སུ་བསྐྱོད་པ་ཡིན།
ནམ་རྒྱུན་གཞུང་ལམ་གཡས་གཡོན་ཀུན་ལ་སྔོ་ལྗང་ལྗང་གི་ཁ་དོག་ཤིག་གིས་ཁེངས་ནས་ཡོད་མོད། དེ་རིང་ངའི་མིག་ལམ་ན་དེ་དག་ནི་སྐྱ་ཟད་མདོག་མེད་ཀྱི་ཤིང་ལོ་སྐམ་པོ་དག་དང་གཡས་འཁྱོག་གཡོན་འཁྱོག་གི་ཤིང་སྡོང་སྐམ་པོ་དག་ལས་ཅི་ཡང་མི་སྣང་བར་མ་ཟད། མཚམས་མཚམས་སུ་རྒྱུ་ཡོང་བའི་རླུང་འཚུབ་རྩུབ་མོ་དག་གིས་ཤག་སྒྲ་དེས་ངའི་ཡིད་སེམས་གཙེས་པར་བྱས་ཤིང༌། འགྲུབ་འདྲེན་རླངས་འཁོར་འདི་ཡང་ས་འབུ་རྐང་མེད་ལྟར་ག་ལེར་འགུལ་སྐྱོད་བྱེད་ཀྱིན་ཡོད་པའི་ཚོར་སྣང་འདིས་ངའི་བྲང་གཞུང་ནས་བྲེལ་འཚུབ་ཀྱི་མེ་སྟག་ཅིག་དང་མཉམ་དུ་ཁོ་མོས་བྲིས་པའི་འཕྲིན་ཡིག་དེ་ལ་ཡང་བསྐྱར་ཞིབ་ལྟ་ཞིག་བྱེད་པ་ཡིན། འཕྲིན་ཡིག་དེ་ལ་བལྟས་ཀྱིན་བལྟས་ཀྱིན་སྙིང་རླུང་སྟོད་ནས་འཚངས་ཤིང༌། སྐབས་རེར་སེམས་འཚབ་ཅིག་གིས་གཅུན་ནས་ཡོང་བའི་མོད་ལ་ཁོ་མོའི་དཀར་གསལ་གྱི་བཞིན་རས་དེ་ག་ལེར་ངའི་མིག་གི་མེ་ལོང་ངོས་སུ་འཆར་ནས་བསླེབས་སོང༌།
དེ་ནི་ཏག་ཏག་ལ་སྤྱི་ལོ་༢༠༠༥ ཟླ་བདུན་པའི་ནང་གི་དབྱར་གཞུང་ཞིག་གི་ཉིན་མོ་སྟེ། ང་རང་གཞི་རིམ་འཛིན་གྲྭ་ནས་ཐོན་ཏེ་མཐོ་སློབ་ཀྱི་སྒོ་ཐེམ་སྙེག་པའི་སྐལ་བཟང་གི་ཉི་མ་དང་པོ་དེ་ཡིན་པས། ང་རང་མཐོ་སློབ་ག་གེ་མོ་དེའི་སྒོ་ཐེམ་དེ་འཛུལ་མ་ཐག རས་དཀར་གྲུ་བཞི་བྲེ་འདྲ་བ་ཞིག་གི་སྟེང་ལ་“སློབ་གྲོགས་གསར་བ་ཕེབས་པར་དགའ་བསུ་ཞུ”ཟེར་བའི་དབྱིན་ཡིག་གི་ཚིག་འབྲུ་འགའ་བྲིས་ཏེ་མར་ཐུར་དུ་དཔྱངས་ཡོད་པའི་མདུན་ཕྱོགས་སུ་རྒྱ་བོད་འདྲེས་མའི་གཞོན་སྐྱེས་མང་བོའི་འཚང་ཁ་ཤུགས་ཤུགས་བྱེད་ཀྱིན་ཡོད་པས༌། བལྟས་ཚོད་ཀྱིས་ང་དང་འདྲ་བར་སློབ་མ་གསར་བའི་འབྱོར་ཐོ་འགོད་ཀྱིན་པ་ཤེས་ཤིང༌། ངས་ཀྱང་རང་ཉིད་ཀྱི་རྒྱུགས་འབྲས་ཤོག་ལྷེ་དག་དང་ངོ་སྦྱོར་ཡི་གེ་རྣམས་ཐོ་འགོད་ཁང་དུ་སྤྲད་ནས་ཐོ་བཀོད་ཚར་རྗེས་ཕྱིར་ལོག་ཏུ་ཡོང་སྐབས་སྒོ་འགྲམ་དེ་ནས་ང་མི་ཞིག་དང་གདོང་ཐུག་བརྒྱབ་ཅིང༌། དེ་མ་ཐག་ངའི་ལག་ནང་གི་ཤོག་བུ་རྣམས་རླུང་གིས་ཁུར་བ་ལྟར་ས་ལ་འཐོར་སོང་བས། ཁོང་ཁྲོ་དང་བཅས་ཏེ་མདུན་ཐད་དུ་བལྟས་པས་ན། དེ་ནི་བབ་ཆགས་གཤིས་འཇམ་གྱི་བུ་མོ་ཞིག་སྟེ་ཁོ་མོས་དེ་མ་ཐག་ “དགོངས་པ་མ་ཚོམས”ཟེར་བ་དང་མཉམ་དུ་ཐང་གི་ཤོག་བུ་རྣམས་ག་ལེར་ཡར་བསྒྲིགས་ཏེ་ངའི་ལག་ནང་དུ་བཞག
རྐྱེན་གང་ཞིག་ཡིན་མིན་མི་ཤེས་མོད། ངའི་ཡིན་ཀྱི་ཁོང་ཁྲོ་དེ་ལམ་སང་ཞི་འཇམ་དུ་གྱུར་བར་མ་ཟད། ཁ་ནས་རང་དབང་མེད་པར་“གལ་བྱས་མ་རེད་”ཟེར་བའི་ཚིག་འབྲུ་འདི་ངག་ནས་ཤོར་ཞིང། མིག་ཟུང་གཉིས་ཀྱང་ཁོ་མོར་ཕྱོགས་ནས་བུད་ཐལ། མོས་སྐད་ཆ་གཅིག་ཀྱང་མི་བཤད་པར་འཛུམ་ཙམ་བྱས་ནས་ནང་ལོག་ཏུ་འགྲོ་ཚུལ་ལ་བསམ་ན་༌། ངའི་འགྲམ་མཁུར་ནས་ཚ་ལམ་ལམ་གྱི་དམར་མདངས་འཕྱུར་བའི་ཚོར་བ་དང༌། ཤོག་ལྷེ་འོག་གི་ལག་ཟུང་གཉིས་ལྕུག་ལྕུག་འདར་གྱིན་པའི་ཚོར་སྣང་དག་རྟོགས་སོང་བ་མི་ནམ་སྙམ་པའི་སེམས་ཚོར་ཞིག་གིས་དེད་ནས་བསླེབས་སོང་བས། ངས་ཀྱང་རང་ཉིད་ཀྱི་ཚ་ལམ་ལམ་གྱི་ངོ་གདོང་ལག་པས་རེག་ཞོར་ཉལ་ཁང་ཕྱོགས་སུ་བསྐྱོད་པ་ཡིན།
གཉིས་པ།
“ཝ་ཉལ་ནས་བསྡད་ན།། རྩ་རླུང་གིས་འཁེར་ཡོང༌།།” ཟེར་པ་ལྟར་ང་འཛིན་གྲྭའི་ནང་ལ་ཐོན་མ་ཐག་མིག་ཉུལ་ཞིག་བྱས་ནས་འདུག་སྟེགས་ཤིག་བཙལ་བསམ་མོད། ངའི་མིག་ལམ་དུ་ཁ་སང་གི་བུ་མོ་དེ་གཡོན་གྲལ་གྱི་མདུན་ཅོག་གསུམ་པའི་སྟེང་ན་བསྡད་ཡོད་པའི་ཚོར་སྣང་ཞིག་ཤར་རེ་སླེབས་སོང་བས། ཨེ་ཡིན་ནམ་སྙམ་ནས་ཞིབ་གསལ་གྱིས་བལྟ་བའི་སྐབས་ཐོག་དེར་གློ་བུར་དུ་སྒོ་ཁྲོག་གེ་ཕྱེས་པ་དང་མཉམ་དུ་ཀླད་གཙུག་གི་སྐྲ་དཀར་ཐར་ཐོར་བོ་ཁ་ཡི་འགྲམ་དུ་བཙུགས་པ་དང་འདྲ་བའི་བགྲེས་སོང་ཞིག་གི་ལག་ནང་དུ་མཐུག་ལ་རྙིང་རལ་དུ་གྱུར་བའི་དཔེ་དེབ་འགའ་བཙིར་ནས་བསླེབས་སོང་བས༌། ངས་དེ་མ་ཐག འདུག་སྟེགས་ཤིག་བཙལ་ཏེ་མར་བསྡད་པ་ཡིན།
བགྲེས་སོང་དེས་དཔེ་དེབ་རྣམས་མདུན་ཅོག་སྒང་ལ་བཞག་རྗེས༌། སྒོར་ལ་ཆེ་བའི་གདོང་ཁུག་ན་ཐུར་དུ་མར་དཔྱངས་ཡོད་པའི་མིག་ཤེལ་དེ་ཡར་ཅུང་ཙམ་འདེད་ཞོར་དུ་འཛིན་ཁང་ཧྲིལ་བོ་ལ་མིག་ཉུལ་ཞིག་བྱས་ཏེ་ན་རེ་“ངའི་མིང་ལ་ཁུ་རེ་ཤིན་ནོ་མརཏེ ཟེར་ཞིང༌། ཁྱོད་ཚོ་དང་མཇལ་བར་དགའ་སྤྲོད་ཡོད།” ཅེས་དབྱིན་བོད་འདྲེས་མའི་ཐོག་ནས་དེ་ལྟར་བཤད་རྗེས༌། སློབ་གྲོགས་ཚང་མས་“ཐལ་སྒྲ་ཐག་ཏིར་རེ”བཏང་སོང་བས། བགྲེས་སོང་དེས་ལག་པ་ཡར་བརྐྱངས་མར་བསྐུམས་འགའ་བྱས་ནས་མུ་མཐུད་དུ་ན་རེ་“དེ་རིང་སློབ་ཁྲིད་ཀྱི་ཉིན་མ་དང་པོ་དེ་ཡིན་པས་སློབ་ཁྲིད་མེད༌། དེ་ལས་སློབ་གྲོགས་ཚོས་སོ་སོར་ངོ་སྤྲོད་མདོར་བསྡུས་རེ་བྱེད་རོགས༌།” ཟེར་ནས་ཡང་བསྐྱར་མིག་ཤེལ་དེ་གདོང་ཁུག་ནས་ཡར་འདེད་ཙམ་བྱས།
དེ་མ་ཐག་གཡས་གྲལ་ནས་འགོ་བཟུང་སྟེ་སློབ་གྲོགས་ཚོས་སོ་སོས་ངོ་སྤྲོད་མདོར་བསྡུས་རེ་བྱས་སོང་བས། ངས་བློ་རིག་སྒྲིམས་ནས་བསྡད་བས་ན་ཁོ་མོའི་མིང་ལ་ལྷ་སྒྲོན་ཟེར་གྱིན་པ་གཞི་ནས་རྟོགས་ཤིང༌། སྙམ་བའི་མིང་འདི་དང་ཁོ་མོའི་གཟུགས་བྱད་དག་སྐད་ཅིག་ཙམ་ལ་ཡང་ངའི་མིག་ནང་ནས་དོར་མ་མྱོང་བའི་ཉིན་ཞག་འདི་དག་ནི་ཇི་འདྲའི་འགྲེལ་དཀའ་བའི་དུས་ཚོད་ཅིག་རེད་ཨང༌།
འདི་ལྟར་སྟོང་བསམ་གྱིས་ཁེངས་པའི་ཉིན་ཞག་རིམ་གྱིས་འདས་བྱུང་པས། དེ་རིང་ཡང་བདུན་གཅིག་གི་ཉི་མོའི་མཐའ་མ་སྟེ་གཟའ་ཉི་མ་ཡིན་པས་ན། ངས་རང་ཉིད་ལོབས་ཕྱོགས་ཤིག་གིས་བོད་ཡིག་གི་ཀློག་དེབ་ཅིག་བཟུང་ནས་ལྡུམ་རྭར་ནང་དུ་འཆམ་འཆམ་དུ་བསྐྱོད་པའི་སྐབས། ངའི་འཛིན་གྲོགས་ཚོ་ཡང་དེ་ན་ཡོད་པས་ཤར་མར་ཁོང་ཚོའི་འཁྲིས་སུ་བཅར་བ་ཡིན་མོད། བློ་ཡིད་ལས་འདས་པ་ཞིག་ལ་ཁོང་ཚོས་ངའི་ལག་གི་དཔེ་དེབ་དེ་ལ་ལྟ་ཞོར་ཁ་རྫེས་རྫེས་དང་སྣ་སྙེར་སྙེར་བྱེད་ཀྱིན་ཡོད་པར་མ་ཟད༌། དེའི་གྲས་ཀྱི་བསོད་ནམས་གན་རྐྱལ་དུ་ལོག་སྟེ་ན་རེ་ “ཀླད་པ་ལྗང་ཁུ་རེད༌། ཁ་སང་དེ་རིང་བོད་ཡིག་གིས་བྲོ་ཁོག་རྒྱག་གིན་མེད་པ་དེའང་ཤེས་ཀྱིན་མིན་འདུག” ཟེར་བའི་དབྱིན་བོད་འདྲེས་མའི་ཚིག་འབྲུ་འདིས་ངའི་གློ་སྙིང་གཉིས་འགད་རྫས་ཀྱིས་གས་པ་ལྟར་ཚ་དྲག་གེར་གྱུར་སོང་ནའང༌། ཕྱིར་ལན་ཅི་ཞིག་འདེབས་དགོས་བསམ་ནས་ཡོད་པའི་སྐབས་དེར།
“ཨེ་འདྲ་མ་རེད༌། ང་ཚོར་འགན་ཁུར་ཡོད་རེད། ང་ཚོའི་རིག་གཞུང་” ཞེས་ལྷ་སྒྲོན་གྱི་སྐད་ཆ་བཤད་མ་ཚར་བའི་གོང་ལ་བསོད་ནམས་ཀྱིས་ཁོ་མོའི་ཚིག་མཚམས་བཅད་དེ་ན་རེ་ “ར་མགོ་ལ་རྒྱབ་ན་ར་གཏིང་ན་བའི་དཔེ་རེད༌། འགྲོ་ ང་ཚོ་ ” ཟེར་ནས་གཡུག་སྐོར་ཅིག་བྱས་ཏེ་འགྲོ་སོང་བས༌། དེ་དང་མཐུད་ནས་གྲོགས་པོ་གཞན་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་དུ་ལངས་ནས་བུད་སོང་བས། ཤུལ་དུ་ང་དང་ལྷ་སྒྲོན་གཉིས་མ་གཏོགས་མེད་ནའང༌། ངེད་གཉིས་ཀྱི་བར་ལ་གླེང་མོལ་མེད་པར་ཡུན་ཙམ་ཞིག་ལ་ཁུ་སིམ་མེར་ལུས་སོང་བས༌། སེམས་པ་འདི་བདེ་བོ་རང་མེད་པས་ན། ངས་བཙན་ཚུགས་ཀྱིས་མགྲིན་པ་འདི་གསོང་ཞོར་དུ་ “དོན་དངོས་སུ་ང་ལ་ནོར་འཁྲུལ་ཅི་ཞིག་ཡོད། ཁོང་ཚོ་དང་བོད་ཡིག་གི་བར་ལ་འདི་འདྲའི་ཞེན་འཁོན་ནག་པོ་ཞིག་ཡོད་པ་འདི་ངས་ཅི་ལྟར་ཤེས། མ་གཞི་ནས་ཁོང་ཚོ་ཡང་བོད་པ་ཡིན་རྒྱུ་རེད། ” ཞེས་སྐད་ཆ་བཤད་འདོད་ཀྱི་འདུན་པ་སྔོན་དུ་སོང་ནས་དོན་མེད་ཀྱི་སྐད་ཆ་འདི་ཁོ་མོའི་ཁ་བསླངས་ཆེད་དུ་སྨོས་པ་ཡིན༌།
ཁོ་མོས་འཛུམ་ཙམ་བྱས་ཞོར་ “བོད་པ་ལེར་ཡིན་ གཙང་མ་གཙང་རྐྱང་རེད༌།” ཟེར་ནས་མུ་མཐུད་དུ་ན་རེ་ “ཁྱོད་ཀྱི་དཔེ་དེབ་དེ་ཅི་ཡིན༌། ང་ལ་གཅིག་སྟོན་ན་འགྲིག་གམ་” ཞེས་དཀར་འཇམ་གྱི་ལག་པ་ཞིག་ཚུར་བསྲིངས་བྱུང་བས། ངས་ཀྱང་དེབ་དེ་ཁོ་མོར་གཏད་བ་ཡིན། “ཨོ་ ཤར་དུང་རི་རེད་མོ། ཆེས་ཀློག་འདོད་ཀྱི་དཔེ་དེབ་དེ་རེད།” ཟེར་ནས༌། ལམ་སང་དཀར་ཆག་ནས་ཀློག་འགོ་ཚུགས་སོང༌།
སློབ་འགོ་ཚུགས་ནས་དུས་ཡུན་རིང་པོ་ཞིག་འགོར་ཡང༌། ངས་ད་བར་དུ་ཁོ་མོའི་ངོ་གདོང་ལ་ཞིབ་ལྟ་བྱས་པ་དེ་རིང་ཙམ་ཡིན་པས། ཁོ་མོ་ནི་དངོས་གནས་བབ་ཆགས་གཤིས་འཇམ་གྱི་བོད་པའི་བུ་མོ་ཞིག་གི་ལང་ཚོ་ཡོངས་སུ་རྫོགས་འདུག གནག་ཀྱང་སྣུམ་ལ་ཁེར་བསླེས་བྱས་ཡོད་པའི་སྐྲའི་ལམ་བུ། དཀར་ཞིང་སྒོར་ལ་བཅོ་ལྔའི་དུང་ཟླ་ལྟར་འཚེར་བའི་ཞལ་རས། ཕྲ་ཞིང་རྩེ་རྣོ་བའི་སྣའི་འོག་རོལ་ན་མུ་ཏིག་ལྟར་འོད་འཚེར་བའི་དུང་སོ་སུམ་ཅུ་པོ་དུས་རྒྱུན་དུ་ཁྲ་ལམ་མེར་མངོན་ཡོད་པར་མ་ཟད། རྒྱག་ཤ་དོད་པའི་བྲང་གཞུང་དཀྱིལ་ན་མཁྲེགས་ཟླུམ་གྱི་འོ་འཛིན་དཀར་བོ་ཆ་གཉིས་སྟོད་གོས་སྲབ་སྲབ་ཅིག་གིས་འོག་ན་ཚུར་ཅུང་ཙམ་འབུར་ཡོད་པ་དེས་ཆེད་དུ་ང་འདྲ་བའི་གཞོན་ནུ་ཞིག་གི་ལག་ཟུང་ལ་རེ་སྒུག་བྱེད་པ་དང་འདྲ་བས། ཡུན་ཙམ་ཞིག་ལ་ངའི་མིག་ཟུང་འདི་ཚུར་གཅུན་མ་ཐུབ་པར་དེ་ག་རང་ནས་ལུས་སྐབས། ཁོ་མོས་དཔེ་དེབ་ང་ལ་སྟེར་ཞོར་དུ་ ད“་དཔེ་དེབ་འདི་ཚོ་ཀློག་པའི་གོ་སྐབས་རྫོགས་ཡོད་པ་འདྲ༌། ཐ་ན་རང་གི་ཕ་སྐད་དེ་ཡང་བརྗེད་ནས་འགྲོ་ཡི་ཡོད་པས་དངོས་གནས་ངོ་གནོངས་ཨང༌། འདི་དག་སེམས་ལ་འཁོར་ནས་ཡོང་དུས་ང་རང་ངའི་་ཕ་མར་འཁང་ར་བྱེད་འདོད།”
“ག་རེ་ཡིན་ནམ། རང་གི་ཕ་མར་འཁང་ར་བྱེད་དགོས་པ་དེ།།”
“ཁོང་ཚོས་ང་བོད་ཡིག་སློབ་ས་མེད་པའི་ཁོར་ཡུག་འདི་འདྲ་ཞིག་ལ་བཏང་བ་རེད། རྗེས་མར་ལས་ཀ་ཡག་པོ་རེག་གིན་རེད་ཟེར་ནས་བཏང་བ་རེད།་” ཟེར་ནས་དབུགས་རིང་ཞིག་བཏང་སོང༌།
ཁོ་མོས་སྐད་ཆ་འདིས་ངའི་སྙིང་ཁོང་རུས་པའི་གཏིང་ནས་ཙག་ཤད་ཅིག་འཐེན་པར་མ་ཟད། བོད་པའི་ཕ་མ་དེ་ཚོ་འདི་འདྲའི་ཕུགས་རྒྱང་མི་གཏོགས་མཁན་རྐྱང་ཡིན་པ་འདི་ཅི་ཡིན་ནམ་སྙམ་ཞོར་དུ་རང་ཉིད་ཁོར་ཡུག་འདི་ལྟ་བུར་ཞིག་ལ་སུས་བཏང་བ་ཡིན་ནམ་སྙམ་བའི་དྲི་བ་ཞིག་ཀྱང་རང་བཞིན་གྱི་འཁོར་ནས་འོང་ནའང༌། ཁོ་མོའི་ཡིད་ཀྱི་སུན་སྣང་གི་ཚོར་བ་དེ་དཀྲོགས་ཕྱིར་ངས་གླེང་མོལ་གྱི་ཁ་ལོ་གཞན་དུ་བསྒྱུར་བ་ཡིན།
“དོ་དགོང་རེ་གཟའ་ཉི་མའི་མཚན་ཚོགས་ཡོད་ཀིན་མོད༌། ཁྱོད་ཡོང་གིན་ཡིན་ནམ།”ཟེར་ནས་ཁོ་མོར་བལྟས༌།
མོས་འཛུམ་ཙམ་བྱས་ནས་ཅུང་འགོར་རྗེས་“ཁྱོད་རང་གིས་མགྲོན་བྱེད་ན་ཡོང་གིན་ཡིན” དགོད་ཙམ་བྱས་ནས་མགོ་ཐུར་དུ་སྒུར་ཞོར་དེ་ལྟར་ཟེར།
“ གལ་སྲིད་ཁྱེད་རང་གཉིད་དུ་མི་ཤོར་ན༌། ངས་ཚོགས་ཁང་སྒོ་འགྲམ་དུ་སྒུག་ཆོག”
“ཡཱ་” ཞེས་མཆུ་སྒྲོས་སོ་ཡིས་བཙིར་ཞོར་མགོ་བོ་ནང་དུ་གུག་གུག་འགའ་བྱས༌།
“བྱས་ན༌། ཚིག་ཐོག་ལ་གནས་དགོས།” ཟེར་ནས་ངས་ཁོ་མོར་མཐེའུ་ཆུང་བསྲིངས་པས་ན། ཁོ་མོས་ཀྱང་མོའི་མཐེའུ་ཆུང་ག་ལེར་ངའི་མཐེའུ་ཆུང་ལ་སྐྱ་གཅིག་བརྒྱབ་སོང་བས། ངའི་ཚོར་སྣང་ལ་ཁོ་མོའི་འཇམ་མཉེན་གྱི་ལག་པ་དེ་ངའི་ལག་མཐིལ་ན་འབྱར་རྫས་ཀྱིས་སྦྱར་བ་ལྟར་དམ་ཅིག་གེར་བསྡད་ཡོད་པས༌། ངའི་སེམས་པའི་གཏིང་རིམ་ནས་བདེ་སྐྱིད་ཅིག་གིས་ཁེངས་ནས་ཡོང་བར་མ་ཟད༌། འཇིག་རྟེན་འདི་ང་ལ་དབང་བའི་ཚོར་སྣང་ཞིག་ཀྱང་སྐྱེས་ནས་ཡོང་གིན་འདུག་ལ། ཁོ་ར་ཁོར་ཡུག་ཀུན་ནས་རླུང་བུ་བསིལ་མོ་རེ་ལྡང་ཞོར་སྔོ་སྡུག་སྡུག་གི་ཤིང་ལོ་རྣམས་ཀྱི་མགོ་ལྕོག་ལྡེམ་ལྡེམ་བྱས་ཚུལ་ལ་བལྟས་ན༌། ངེད་གཉིས་ཀྱི་ལག་ཟུང་གི་མདུད་པ་ལ་དགའ་བསུ་བྱེད་བཞིན་པ་དང་ཀུན་ནས་མཚུངས།
རེ་གཟའ་ཉི་མ་བསླེབས་ཐེངས་རེར་སློབ་གྲོགས་ཚོས་རང་རང་གི་དགའ་བོ་ཉེ་བོ་རེ་བསྒྲིགས་ཏེ་ཞབས་བྲོ་ཁང་དུ་སྤྲོ་སྐྱིད་བཏང་བའི་ལུགས་སྲོལ་ཞིག་ཡོད་པས། སློབ་གླིང་འདི་ཡི་ཁོར་ཡུག་ཧྲིལ་བོར་ཁུ་སིམ་མེར་གནས་ཡོད་ཚུལ་ལ་བལྟས་ན། ཤུལ་དུ་སློབ་མ་གཅིག་ཀྱང་ལྷག་མེད་པ་ཤེས་པས། ངས་ཀྱང་རང་ཉིད་ཀྱི་གྱོན་གོས་གཙང་མ་དེ་གྱོན་ནས་ཤར་མར་མཚན་ཚོགས་ཁང་དུ་བསྐྱོད་ནས་དེའི་སྒོ་འགྲམ་དུ་ཁོ་མོར་སྒུག་ནས་བསྡད་པ་ཡིན།
མཚན་ཚོགས་ཁང་ནི་ང་ཚོའི་སློབ་གྲ་དང་ལེ་དབར་གཅིག་ཙམ་གྱིས་ཆོད་པའི་གྲོང་ཁྱེད་གྱི་བཞི་མདོ་ཞིག་ན་ཡོད་ལ། དེ་ཡི་སྒོ་འགྲམ་དང་སྲང་ལམ་གྱི་གཡས་གཡོན་ན་དཀར་དམར་ཁྲ་གསུམ་གྱི་གློག་སྒྲོན་རྣམས་ནམ་མཁའི་སྐར་ཚོགས་ལྟར་ཁྲ་ལམ་མེར་འཚེར་ཡོད་པས་ཉིན་དཀར་བཞིན་གསལ་ཐང་ངེར་གྱུར་འདུག
ངས་དེ་གའི་མཚན་ལྗོངས་ལ་མིག་ཉུལ་ཞིག་བྱས་ནས་ཅུང་ཙམ་འགོར་རྗེས། ཁོ་མོ་གཞི་ནས་བསླེབས་སོང༌། ཡིན་ནའང༌། ་མོ་དང་ཁོ་མོའི་གྲོགས་མོ་སྒྲོལ་མ༌། གཞན་ད་དུང་ཕོ་གསར་གཉིས་དང་མཉམ་དུ་བསླེབས་སོང་བས༌། ངའི་སེམས་ནས་གློ་བུར་དུ་ཙག་ཤད་ཅིག་རྒྱུག་པ་མཉམ་དུ་མོའི་འཁྲིས་སུ་བཅར་བའི་སྤོབས་པ་ཉམས་ཏེ་གྲིབ་ནག་ཅིག་གི་འོག་ནས་ཁོ་མོར་རྒྱང་བལྟ་བྱས་ནས་བསྡད་པ་ཡིན།
ཁོང་ཚོ་སྒོ་འགྲམ་དུ་བསླེབས་མ་ཐག། ལྷ་སྒྲོན་གྱིས་ཕྱོགས་ཡར་མར་ལ་མིག་ཉུལ་ཞིག་བྱས་ཚུལ་ལ་བལྟས་ན༌། ཧ་ལམ་མི་ཞིག་འཚོལ་བཞིན་པའི་བཟོ་ལྟ་ཞིག་ཡོད་ནའང༌། སྒྲོལ་མས་ཁོ་མོའི་ལག་འགོ་རུ་འཇུས་ནས་བཙན་ཚུགས་ཀྱིས་ནང་ལོག་ཏུ་འཁྲིད་སོང་བས། ང་ཡང་ཕྱིར་ཉལ་ཁང་དུ་མི་ཡོང་ཐབས་མེད་བྱུང་།
ལམ་བར་དུ་ངའི་སེམས་ནང་ལ་འཆར་སྣང་འདྲ་མིན་ཞིག་གིས་བསྐོར་ནས་བསླེབས་པའི་མོད་ལ། སྙིང་རླུང་སྟོད་ལ་འཚང་ཞིང༌། སོ་སྒྲ་ཙག་ཏིར་རཻ་གྲག་ཞོར་ཁ་ནས་རང་དབང་མེད་པར“ཡང་སྙིང་ཁོ་མོ་མི་ག་འདྲ་ཞིག་ཡིན་ནམ། མོའི་འགྲམ་གྱི་ཕོ་གསར་དེ་སུ་ཡིན་ནམ། ང་འདི་ལྟར་ཁོ་མོའི་སྟེང་ལ་ཁོང་ཁྲོ་ཟ་བའི་མཐོ་ཐང་ཡོད་དམ།”ཟེར་བའི་ཆིག་ལབ་འདི་ངག་ནས་ཤོར་བར་མ་ཟད།བསམ་བློ་འདྲ་མིན་ཞིག་འཁོར་ནས་བསླེབས་སོང་བས༌། ལམ་ཐག་འདི་འདྲ་རིང་བོ་ཞིག་ངས་ཅི་ལྟར་གོམ་པ་སྤོས་ནས་ཉལ་ཁང་དུ་བསླེབས་པའང་མ་ཚོར།
ཕྱི་ཉིན་ང་རང་ག་ལེར་འཛིན་ཁང་དུ་ཆས་པ་ཡིན་ལ། ཁོ་མོའང་སྔ་མོ་ནས་བསླེབས་འདུག ངས་ཁོ་མོ་མཐོང་ཡང་མ་མཐོང་ཁུལ་གྱིས་མོའི་རྣམ་འགྱུར་དེ་དག་སྣང་མེད་དུ་བསྐྱུར་ནས་དཔེ་དེབ་ཞིག་གིས་ཁ་ཕྱེ་བ་ཡིན།
མོ་འཛིན་ཁང་ནས་ཡར་འགྲོ་མར་འགྲོ་བྱས་རྗེས་ཐད་ཀར་དུ་ངའི་འཁྲིས་སུ་ཡོང་ནས་ན་རེ “ ག་རེ་ཡིན་ཟེར་གོ་ཡོད། ཁྱེད་རང་ཉིད་ཀྱིས་བཤད་པའི་སྐད་ཆ་དེ་བརྗེད་སོང་བ་ཨེ་རེད། གལ་སྲིད་ཡོང་མི་ཐུབ་ན་ལན་ཞིག་བསྐུར་ན་ལོས་ཆོག “ ཅེས་ངོ་གདོང་དམར་བོར་ལོར་ཞོར་དེ་ལྟར་ཟེར།
“ངས་སོང་བ་མ་རེད། མི་ཁ་ཤས་ནི་སྙན་གྲགས་ཆེ་བའི་ཁར། སྐུ་སྲུང་མང་པོས་བསྐོར་ཡོད་པས། ང་ལྟ་བུའི་མི་ཆུང་ཆུང་དེ་ཚོ་མིག་ནང་དུ་འཇོག་གིན་མི་འདུག”
“ཨ་ལེར་ རང་གིས་མཐོང་ཡོད་པ་འདྲ། འོ་ན ཁྱེད་རང་ནང་ལོག་ཏུ་མི་ཡོང་བ་ཅི་རེད”
“སྐུ་སྲུང་བ་དེ་འདྲ་མང་བས། ང་ཇི་ལྟར་ཡོང་དགོས། གལ་སྲིད་ནང་ལོག་ཏུ་ཆས་ན་ཚེ་སྲོག་ཆུང་ཆུང་འདི་ཡང་ཤོར་ན་ཐང་མོད།”
“ཨིན་་་་་ཉོབ་བ་ལ། མི་དེ་ཚོ་ང་ལ་འབྲེལ་བ་མེད ” ཟེར་ནས་མགོ་བོ་ཐུར་དུ་སྒུར་ཞོར་མུ་མཐུད་དུ་ན་རེ “ མ་གཞི་ནས་སྒྲོལ་མ་རེད། མོ་ལ་འགྲོ་རོགས་བྱས་ཟེར་ནས་ཨུ་ཚུགས་བྱས་སོང་བས་མིན་ཞེས་ལབ་ཤེས་མ་སོང། ཡིན་ནའང་་་་་་་་་ངས་བསམ་པ ར་མཚན་ཚོགས་ཁང་ནས་ཁྱོད་དང་ཐུག་རྒྱུ་རེད་བསམ་ཡོད་མོད། གྲིབ་ནག་ཙམ་ཡང་མཐོང་རྒྱུ་མེད་པས་ཁོང་ཁྲོ་ལངས་ནས་ཤི་སོང”
“ཁྱོད་རང་དངོས་གནས་ཁོང་ཁྲོ་ལངས་པ་ཡིན་ནམ། ཟེར་ནས་མོ་ལ་བལྟས་པ་ཡིན།”
“ལངས་དགོས་བྱུང་། ཁ་བཤད་དོན་ལ་མི་གནས་པའི་མི་དེ་ཚོ་ལ་ཁོང་ཁྲོ ལངས་ཀི”
“འོ་ན་། ངའི་སྙིང་ན་ནས་གས་གྲབས་བྱས་ནའང། སྙིང་རྗེ་མཁན་གཅིག་ཀྱང་མི་འདུག”
“སྡིགས་རྒྱོང རེད། སུས་སྙིང་རྗེ་དགོས། ”ཟེར་ནས་འཛུམ་ཙམ་བྱས་སོང།
“ཡ་ཡ། ངའི་ནོར་འཁྲུལ་རེད།” ཟེར་ནས་ཁོ་མོའི་ལག་པ་ནས་འཇུས་ཏེ་ངའི་པང་སྟེང་ལ་འཐེན་པ་ཡིན།
“བཤད་མི་དགོས། འོ་ན་་་་་་་་ད་བར་དུ་ཁ་ཡ་མི་བྱེད་པར་སྣང་མེད་དུ་འཇོག་དོན་ཅི་རེད།” ཟེར་ནས་ངའི་པང་སྟེང་ནས་འཕག་འཚག་ཅུང་ཙམ་སོང་བས། ངས་ཀྱང་བཙན་ཚུགས་ཀྱིས་ཁོ་མོའི་འགྲམ་གོང་ལ་འོ་ཞིག་བྱས་ཏེ “ ང་རང་ལ་དགའ་ཡི་འདུག དངོས་གནས་དགའ་ཡི་འདུག” ཅེས་བཤད་སྐབས། ཁོ་མོ་གཞི་ནས་ལྷོད་ཅིག་གེ་བུད་སོང་བ་མ་ཟད། མིག་གོང་ནས་མིག་ཆུ་འགའ་འགྲམ་མཁུར་ནས་མར་ས་ལ་ཟགས་བྱུང་བས། ངས་ཅི་ཡིན་ཆ་མི་འཚལ་བའི་སྐབས་དེར་མོས་འཇམ་ཤ་དོད་པའི་མཆུ་སྒྲོས་མིད་མིད་བྱེད་ཞོར་ཁ་ནས་་ “ངའི་མིག་ཆུ་འདི་ཁྱོད་རང་གི་སྐད་ཆ་དེའི་ལན་ཡིན” ཟེར་ནས་ཁོ་མོའི་འགྲམ་པ་དེ་ངའི་བྲང་གཞུང་ལ་ག་ལེར་སྦྱར་སོང།
གསུམ་པ།
ཉིན་ཞག་ནི་ཆུ་ཚོད་ལྟར་ཧ་ཅང་མགྱོགས་པས་མི་ལོ་གཅིག་ནི་མིག་ལྡེབ་བྱས་པ་ཙམ་གྱི་དུས་ཡུན་ལྟར་སྐད་ཅིག་ལ་རྫོགས་སོང་བས། འདས་པའི་དུས་ཚོད་འདི་དག་གི་རིང་ལ་ཤེས་ཡོན་འདི་སྦྱང་བ་ཡིན་ཟེར་ནས་སྟོན་རྒྱུ་ཞིག་མེད་ནའང། དེ་སྔོན་བོད་སྐད་དང་དབྱིན་སྐད་། ཧིན་སྐད་སོགས་འདྲེས་ནས་སྐད་ཆ་བཤད་པར་འཚེར་སྣང་སྐྱེས་པའི་ཚོར་སྣང་དེ་ད་ལྟ་མེད་པར་མ་ཟད། དེ་དག་དཀྲུགས་ནས་བཤད་ན་རང་ཉིད་ཀྱི་ཁ་ལའང་བདེ་བའི་ཁར། མི་གཞན་གྱིས་ཀྱང་ལམ་སང་ཧ་གོ་འགྲོ་བ་འདི་ནི་རང་ཉིད་ཡར་རྒྱས་ཀྱི་རྣམ་པ་མིན་ནམ་སྙམ་ནས་དགའ་ཚོར་ཞིག་ཀྱང་ཡོང་གིན་འདུག་མོད། ཡིན་ནའང། ཡིག་ཚད་བསླེབས་ཐེངས་རེར་ཞེད་སྣང་དང་དངངས་སྐྲག་གིས་ཁེངས་ནས་ཡོང་གིན་ཡོད་པས། དེ་རིང་ཡང་གློ་བུར་དུ་མི་ཞིག་གིས “ཡིག་རྩལ་སྦྱར་འདུག་” ཟེར་སྐད།
ངའི་གློ་སྙིང་གཉིས་བྲང་ཁ་ནས་ཕྱི་ལོག་ཏུ་ལྡིང་ལ་ཁད་བྱས་བྱུང་བས། དངངས་མ་སྐྲག་གིས་གོམ་ཁ་འདི་སྦྱར་པང་མདུན་དུ་ཆས་པ་ཡིན། ཡག་ཡག་ལ་ཡིག་ཚད་འཕྲོད་ཙམ་འདུག་པས་དགའ་སྤྲོ་ཞིག་སྐྱེས་ནས་ཡོང་ནའང། ངའི་རྒྱབ་ལོག་ནས་རྒྱ་གར་གྱི་སློབ་ཕྲུག་གཉིས་ཁ་བརྡ་བྱས་ནས་བསྡད་ཡོད་པ་དང། དེའི་གྲས་ཀྱི་གཅིག་ན་རེ“ད་ཐེངས་ཡང་སྐར་གྲངས་མཐོ་ཤོས་ཚང་མ་ང་ཚོས་འཁྱེར་འདུག དེ་འདྲ་སྐྱིད་པ་ལ།”ཟེར་བའི་སྐད་ཆ་འདིས་ངའི་སེམས་པ་གྲང་ཤུར་ཤུར་དུ་གྱུར་བའི་སྐབས་དེར་གློ་བུར་དུ་ལྷ་སྒྲོན་ངའི་འཁྲིས་སུ་ཡོང་ནས།
“ཡིག་ཚད་ག་འདྲ་འདུག”
“འཕྲོད་ཙམ་འདུག”
“ཡག་པོ་འདུག རྔན་པ་ག་རེ་དགོས་ན་ལབ་རྐྱང་བྱས་དང་དེ་ལྟར་སྒྲུབ་ངེས་ཡིན”ཟེར་ནས་འཛུམ་ཙམ་བྱས།
“ག་རེ་རྔན་པ། དེ་ལས་ཡིག་ཚད་ག་འདྲ་འདུག་གམ།”
“འགྲིག་འདུག”
“འོ་ན། དོ་དགོང་ས་ཆ་རྙིང་པ་དེ་ལ་ཤོག་དང་ངས་ཁྱོད་ལ་རྔན་པ་ཞིག་སྤྲད་དགོས”ཞེས་རྩེད་མོའི་ཚལ་དུ་དེ་ལྟར་སྨོས།
“འགྲིག་གི་རེད། སུ་རྗེས་ལུས་ཐེབས་ན་དེ་ལ་ཆད་པ་ཡོད་” ཟེར་ནས་འཛུམ་ཙམ་བསྟན་ནས་བུད་སོང་། ང་རང་ཕྱིར་ཉལ་ཁང་དུ་བསླེབས་དུས་སློབ་གྲོགས་ཚོས་ཡིག་ཚད་སྐོར་གྱི་ལབ་གླེང་རེ་བྱས་ནས་བསྡད་འདུག་པས། ངས་ཉལ་གྲོགས་བསྟན་འཛིན་ལ་ཡིག་ཚད་ཀྱི་སྐད་ཆ་དྲིས་པས་ན། ཁོས“འཕྲོད་ཙམ་རེད། ལོ་གཅིག་གི་རིང་ལ་ཤེས་རིག་ལས་ཁུངས་ནས་ཟས་རིན་རེག་སོང་བས་སེམས་ཁྲལ་མེད”ཟེར་ནས་ཐ་མ་ཞིག་ལ་མེ་སྒྲོན་འགོ་བརྩམས། ང་ཚོས་འདི་ལྟར་སྐད་ཆ་སྣ་ཚོགས་ཤིག་བཤད་རྗེས་རིམ་གྱིས་ཉི་འོད་དེ་ག་ལེར་ག་ལེར་ཆུང་ངུར་འགྲོ་བཞིནཡོད་པས། ངས་རང་གི་མཁྲིག་མའི་ལག་གདུབ་ཆུ་ཚོད་ལ་ལྟ་ཙམ་བྱས་ནས་ཁོ་ཚོ་དང་ཁ་གྱེར་ནས་མོ་རང་འཚོལ་དུ་ཕྱིན་པ་ཡིན།
བཞི་བ།
སྟོནཟླ་རིང་མོ་ཡུན་གྱིས་འདས་ཏེ་རླུང་དང་བསེར་བུ་ལྡང་བའི་དགུན་གཞུང་གྲང་མོ་བསླེབས་འགོ་ཚུགས་སོང་བས། ཁོ་ར་ཁོར་ཡུག་ཀུན་ལ་ཚ་བ་དེ་འདྲ་མེད་ནའང། དེ་སྔོན་ཡབ་ཡུམ་གཉིས་བོད་ནས་ཆེད་དུ་བུ་ཆུང་ང་རང་ལ་ལྟ་རུ་ཡོང་སྐབས་ཀྱི་བཀའ་སློབ་དེ་དག་དྲན་ཐེངས་རེར་ངའི་སེམས་ཁོང་ནས་ཚ་བ་འཕར་ཞིང། དཔྲལ་ཐོད་ནས་རྔུལ་ཆུ་ཙ་ར་ར་ཐོན་ནས་ཡོང་གིན་འདུག ལྷག་པར་དུ་དྲིན་ཆེན་མལོ་དེའི་མིག་ཀོང་ནས་མིག་ཆུ་བཞུར་ཞོར“གཅེས་ཕྲུག་གཅིག་པོ། ངེད་ཕ་མ་གཉིས་ཀྱིས་ཁྱོད་རང་ས་མཐའ་འདི་འདྲ་ཞིག་ལ་བཏང་བ་དེ་རང་གི་ཕ་གཞིས་ཕ་སྐད་བསྲུང་བའི་ཆེད་དུ་ཡིན་མོད། ད་དེ་རིང་ཕ་བུའི་བར་ལའང་སྐད་བསྒྱུར་མེད་ཚེ་གོ་བརྡ་འཕྲོད་དཀའ་བ་མཐོང་ནས་ཡོང་དུས་ཁྱེད་རང་གཅིག་པོ་ས་མཐའ་འདིར་བཏང་བ་དེ་ངེད་ཕ་་མ་གཉིས་ནོར་འཁྲུལ་རེད་བསམ་གྱིན་འདུག ད་ངེད་ཕ་མ་གཉིསཀྱིས་བུ་རབས་ཚ་རྒྱུད་རྣམས་ལ་ཇི་ལྟར་འགྲེལ་བཤད་བྱ་དགོས།”ཟེར་བའི་སྐད་ཆ་འདི་ཡིན་པས། ངའི་སེམས་པའི་གཏིང་རིམ་ནས་བློ་འགྱོད་ཅིག་གིས་ཁེངས་ནས་ཡོངབའི་མོད་ལ། དེ་སྔོན་གྱི་ཆུ་ཚོད་དག་ལ་བསམ་བློ་རེ་བཏང་བ་ཡིན། དངོས་གནས་ང་དམིགས་ཡུལ་ངེས་ཅན་ཞིག་གི་སྟེང་ལ་སོང་མེད་པ་འདྲ།
ངས་དེ་མ་ཐག་མདུན་ཐད་ཀྱི་མེ་ལོང་ངོས་སུ་རང་ཉིད་ལ་ཞིབ་ལྟ་ཞིག་བྱས་ཚེ། ང་དངོས་གནས་འགྱུར་འདུག དེ་སྔོན་གྱི་མི་དེ་རེད་ཟེར་ན་བྱིས་པ་སྣམས་ལུག་ཅིག་ཀྱང་རྣར་མི་འགྲོ་བའི་ཚོད་དུ་གདའ་བས། ཨ་ཆད་ཐང་ཆད་ཀྱིས་ངང་ནས་གོམ་ཁ་འདི་སློབ་གྲྭའི་ཕྱིར་རོལ་དུ་བསྒྱུར་བ་ཡིན།
ལས་ངན་ལ་ཡུལ་ངན་ཟེར་བ་ལྟར་སྲང་ལམ་གྱི་ཁུག་ཀྱོག་ཅིག་ན་དེ་སྔོན་མཚན་ཚོགས་སྐབས་སུ་མཐོང་བའི་ཕོ་གསར་དེ་དང་ལྷ་སྒྲོན་གཉིས་ལངས་བསྡད་ཡོད་པས། ངའི་ཡིད་ཀྱི་ན་ཟུག་གཅིག་གི་མགོ་མ་འཇགས་གོང་ལ། ཡང་ན་ཟུག་གཅིག་བསྣན་སོང་བས་། ངའི་ལུས་གཟུགས་ཡོང་ལ་ཤ་འདར་ཞིག་གིས་གཙེས་ནས་འོང་བྱུང། དེ་ཐག་ཕྱིར་ཉལ་ཁང་དུ་ལོག་པའི་སྐབས་རྒྱབ་ལོག་ན་ལྷ་སྒྲོན་གྱིས་ང་ལ་སྐད་གཏོང་གིན་འདུག་མོད། ངས་དེ་ལ་ཁ་ཡ་མ་བྱས་པར་ཐད་ཀར་ཉལ་ཁང་དུ་ཆས་པ་ཡིན།
ཕྱི་དྲོ་དེར་མོས་ང་རང་སྐད་གཏོང་གིན་འདུག་མོད། ཡིན་ནའང། ངའི་ཁོང་ཁྲོ་ད་དུང་ཞི་མེད་པས་ང་མོ་རང་ལ་ཐུག་ཏུ་མ་སོང། འདི་ལྟར་ང་ཁོང་ཁྲོ་ལངས་ནས་ཉིན་ཞག་གཉིས་རིང་ལ་ཉལ་ཁང་ནས་ཕྱིར་ལོག་ཏུ་མ་སོང་བས། དེ་རིང་ཁོ་མོའི་གྲོགས་མོ་སྒྲོལ་མ་ངའི་ཉལ་ཁང་གི་འཁྲིས་སུ་ཡོང་ནས་སྐད་བཏང་སོང་བས། ང་ཡང་ག་ལེར་སོང་བ་ཡིན། སྒྲོལ་མས་ཁ་གཅིག་གྲགས་ལ་ན་རེ“ཁྱོད་ཚོ་ཕོ་གསར་ཚང་མ་སྙིང་་རྗེ་མེད་པའི་འདྲེ་རྒན་རྐྱང་རྐྱང་རེད། ཁྱེད་འདི་ལྟར་བྱས་ན་ལྷ་སྒྲོན་གྱིས་ཉིན་ཞག་ཇི་ལྟར་བསྐྱལ་ཡོད་པ་ཨེ་ཤེས་སམ། ཉིན་མཚན་མེད་པར་ཁྱོད་ཀྱི་སྟེང་ལ་བསམ་བློ་བཏང་ནས་མིག་ཆུའི་ནང་དུ་ཆུ་ཚོད་སྐྱེལ་གྱིན་ཡོད་པས་དངོས་གནས་སྙིང་རྗེ་ནི་ཞིག་རེད”ཅེས་མིག་གཉིས་འབུར་ཚུགས་ཀྱིས་ང་ལ་ཅེར་བྱུང་བས། ངས་ཁ་ནས་རང་དབང་མེད་པར“རྫུན་མ་བཤད་མི་དགོས། དོན་དག་འདི་ཁྱེད་ཀྱིས་ཧ་གོ་ནི་མ་རེད”ཅེས་ལན་བཏབ་སྐབས།
“ཧིན། ”ཟེར་ནས་སྣ་ཤུ་ཞིག་བྱས་རྗེས་མུ་མཐུད་དུ“ངས་བལྟས་ན་ཁྱེད་ཀྱིས་ཧ་གོ་ཡི་མི་འདུག གནས་ཚུལ་དེ་འདྲ་ཆུང་ཆུང་ཞིག་ལའང་བསམ་ཤེས་བྱ་མི་ཐུབ་ན་ག་རེ་ཕོ་གསར་ཡིན་ནམ། རྦད་དེ་གནས་ལུགས་མི་འཚོལ་བའི་སྡར་མ་རེད། བློ་ཁོག་ཡོད་ན།་དེ་དུས་ཕོ་གསར་དེ་དང་གདོང་ཐུག་ནས་སྐད་ཆ་བཤད་ན་འགྲིག་མོད། འདི་ལྟར་གནས་ལུགས་མེད་པར་མོ་ལ་བརྙས་བཅོས་བྱས་ན་སྟག་ཤ་ར་ཞིག་གི་འཇོན་ཐང་རེད་བསམ་གྱིན་ཡོད་དམ”ཟེར་ནས་ཁ་རྫེས་རྫེས་དང་སྣ་སྙེར་སྙེར་བྱས་སོང་བས།
“་་་་་་་་་་་་་་་་”ངས་སྒྲོལ་མ་ལ་ལན་ཇི་ལྟར་འདེབས་དགོས་པ་མ་ཤེས་པར་ཅུང་ཙམ་ལུས་རྗེས། སྒྲོལ་མས་མུ་མཐུད་དུ་ན་རེ་ “སྐད་ཆ་དྲང་མོ་བཤད་ན། ཕོ་གསར་དེའི་མིང་ལ་སྐལ་བཟང་ཟེར་ཞིང། གཞུང་གི་ལས་བྱེད་པ་ཞིག་རེད། ཁྱོད་དང་ལྷ་སྒྲོན་ངོ་མ་ཤེས་གོང་ནས་སྐལ་བཟང་གིས་ང་བརྒྱུད་ནས་མོ་ལ་རེ་བ་མང་བོ་བྱས་པ་རེད། ཡིན་ནའང་། མོས་དེ་ལ་དང་ལེན་བྱས་ཡོད་པ་མ་རེད། ད་དུང་་་་་་་་”ཟེར་ནས་མིག་ཟུང་གཉིས་ང་ལ་ཅེར་མ་ཐག་ཚིག་མཚམས་ཆད་སོང་བས། ང་དངངས་འཚབ་དང་བཅས “ ཤོད་དང་་་་་། ད་དུང་་་་་་་་་་ ག་རེ་རེད། ” ཟེར་ནས་མིག་ཟུང་གཉིས་སྒྲོལ་མ་ལ་གཏད་པ་ན།
སྒྲོལ་མས་དབུགས་རིང་ཞིག་འཐེན་ཞོར་དུ་ “ཉིན་འགའི་སྔོན་ལ་སྐལ་བཟང་གི་ཡབ་ཡུམ་གཉིས་ལྷ་སྒྲོན་ཚང་ལ་སོང་ནས་མོ་རང་ཁོང་ཚང་གི་མནའ་མར་བསླངས་འདུག་ཟེར། གཟབ་གཟབ་བྱས་མ་གཏོགས་མོ་ལ་དགའ་བོ་བྱེད་མཁན་རང་གཅིག་བུ་མ་རེད།” ཟེར་ནས་ཕྱིར་ལོག་སོང་ལ། ང་ཡང་དེ་མ་ཐག་མོ་འཚོལ་དུ་ཕྱིན་པ་ཡིན། སྟབས་ཡག་ནས་མོ་རང་ནམ་རྒྱུན་ངེད་གཉིས་འཛོམས་སའི་ས་ཆ་དེ་ན་བསྡད་འདུག་ལ། ང་རང་མཐོང་མ་ཐག་མོའི་མིག་ཟུང་ནས་མིག་ཆུ་ཆར་བ་ལྟར་མར་འགྲམ་མཁུར་ནས་ས་ལ་ཟགས་ཤིང། ངས་མིག་གིས་ལྟ་སྟངས་ཤིག་མིན་ཚེ་མོ་རང་ནམ་རྒྱུན་ལས་ཅུང་སྐམ་དུ་སོང་ཡོད་པར་མ་ཟད། མིག་རྩ་ཧྲིལ་བོར་དམར་ཤ་འཐེན་ཡོད་པས་དུས་ཚོད་རིང་བོ་ཞིག་ལ་ངུས་ཡོད་པ་ཤེས་ཐུབ།
ངས་རང་ཉིད་ལ་ལེ་བདའ་བྱེད་ཞོར་མོའི་འཁྲིས་སུ་བཅར་ཏེ་ “འཚིག་པ་མ་ཟ་རོགས། ཚང་མ་ངའི་ནོར་འཁྲུལ་རེད།” ཟེར་ནས་མོ་ལ་ཤུགས་ཀྱིས་འཐམས་པ་ཡིན། མོས་ཀྱང་ང་ལ་འཐམ་ཞོར་དུ་ཁ་ནས་ “ ངས་ཁྱོད་རང་ཡོང་རྒྱུ་མ་རེད་བསམ་སོང་།” ཟེར་སྐབས་ངས་མོའི་ངུ་མ་ངག་གི་ཁ་དེ་ངའི་མའཅུ་སྒྲོས་ཀྱིས་སྦྱར་ཏེ་བཀག་པ་ཡིན། ཡུན་ཙམ་གྱི་རྗེས་ནས་མོའི་མིག་ཟུང་གིས་ང་ལ་ལྟ་ཞོར་དུ་ “ཁ་སང་་་་་་་ང་་་་”
“ད་འགྲིག་སོང། ངས་ཚང་མ་ཧ་གོ་སོང། མི་སུ་ཞིག་གིས་ཀྱང་ངེད་གཉིས་ཁ་ཁར་གཏོང་མི་ཐུབ།” ཟེར་ནས་བཤད་ནའང། ངའི་སེམས་གཏིང་ནས་དངོས་དངངས་སྐྲག་ཅིག་གིས་ཁེངས་ནས་ཡོང་གིན་འདུག་པ་དེ་མོས་ཧ་ལམ་རྟོགས་ཀྱིན་མེད་པ་འདྲ། མོས་དེ་མ་ཐག་ངའི་སྐེ་ལ་འཐམས་ནས་འོ་ཞིམ་པོ་ཞིག་བྱས་སོང་ལ། ཐེངས་འདིའི་འོ་འདི་ནི་སྔོན་མ་དང་མི་འདྲ་བའི་འོ་དྲི་ཞིམ་བོ་ཞིག་བྲོ་བའི་སྣང་བ་ཞིག་གིས་ཁེངས་ནས་བསླེབས་སོང།
ལྔ་བ།
འདི་ལྟར་མཐོ་སློབ་ཀྱི་མི་ལོ་གསུམ་གྱི་དུས་ཡུན་རིམ་གྱིས་རྫོགས་ཤིང། དེ་རིང་ནི་ང་ཚོའི་མཐའ་མཇུག་གི་མཐར་ཕྱིན་མཚན་ཚོགས་ཀྱི་ཉིན་མོ་ཡིན་པས། སློབ་གླིང་འདིའི་ཁོར་ཡུག་ཀུན་ལ་ཟང་ཟིང་ལང་ལོང་བྱེད་ཀྱིན་ཡོ་ནའང། ང་དང་ཁོ་མོ་གཉིས་མཚན་ཚོགས་རྭ་བ་ལས་བརྒལ་ཏེ་མོའི་ཉལ་ཁང་དུ་ཆས་པ་ཡིན།
“ཚ་བ་ཅུང་ཡོད་པས་གཟུགས་པོ་ཞིག་བཀྲུ་བསམ་མོད། ད་ཇི་ལྟར་བྱའམ།” ཟེར་ནས་མིག་ཟུང་གཉིས་ཀྱིས་མོ་ལ་ཅེར་བ་ཡིན། མོས་ཧང་སང་མདོག་གིས་གཉིས་ཀླད་ལ་འཁོར་ནས་ཅུང་ཙམ་འགོར་རྗེས “བློ་ཁོག་ཡོད་ན་བུ་མོའི་ཁྲུས་ཁང་དུ་སོང་ན་འགྲིག་གི་རེད” ཟེར་ནས་གད་མོ་དགོད་ཞོར་མུ་མཐུད་དུ་ན་རེ་ “དངོས་གནས་ཡིན། ད་ལྟ་མི་གཅིག་ཀྱང་མེད་པས་མགྱོགས་པོ་འགྲོ” ཟེར་ནས་མོས་ཁྲུས་ཆས་རྣམས་བཟུང་སྟེ་ངའི་ལག་པ་ནས་འཐེན་སོང་བས། ང་ཡང་མོའི་རྗེས་བསྙེགས་ནས་སོང་བ་ཡིན། ཁྲུས་ཁང་དུ་བསླེབས་མ་ཐག མོ་རང་ཕྱི་འགྲོ་རྩིས་བྱེད་ཀྱིན་ཡོད་པས། ངས་མོའི་ལག་པ་རུ་འཇུས་ཏེ་ན་རེ་ “ངའི་གཟུགས་པོ་བཀྲུ་རོགས་བྱོས་དང ” ཟེར་ནས་མོ་ཁྲུས་ཁང་ནང་དུ་ཡར་འཐེན་པ་ཡིན། ངས་གྱོན་གོས་རྣམས་ག་ལེར་ཕུད་ཚར་ནའང། མོ་ད་དུང་དྲང་ངེར་ལངས་བསྡད་ཡོད་པས། “ག་རེ་བྱས་སོང་། རང་གིས་ལྭ་བ་གྱོན་ནས་གཟུགས་པོ་བཀྲུ་ཡ་ཡིན་ནམ།” ཟེར་ནས་ངས་མོའི་སྟོད་གོས་ཀྱི་སྒྲོག་གུ་རྣམས་གཅིག་རེ་གཅིག་རེ་བྱས་ནས་གྲོལ་སྐབས། མོའི་སྣ་ཟུང་ནས་དབུངས་རྔུབ་འཚབ་འཚུབ་བྱེད་ཀྱིན་ཡོད་པར་མ་ཟད། ལུས་གཟུགས་ཧྲིལ་བོ་འདར་གསིག་རྒྱག་གིན་ཡོད་པས།
“ཅི་རེད། ཞེད་སྣང་སྐྱེ་ཡི་འདུག་གམ།” ཞེས་འདྲི་ཞོར་མོའི་འགྲམ་གོང་ལ་འོ་ཞིག་བྱས་པ་ཡིན།
“ཨིན་ཧིན། ཞེད་ཀྱི་མི་འདུག ཡིན་ནའང་། ལུས་པོ་འདི་རང་དབང་མེད་པར་འདར་གསིག་རྒྱག་གིན་འདུག”
“དེ་ད་ཁྱེད་རང་གི་མེ་ཏོག་དེའི་ཁ་མ་ཕྱེ་ཙང་རེད།”
“ཨིན་ཉོབ་བ་ལ། དེ་ལས་ངས་ཁྱེད་རང་གི་གཟུགས་པོ་བཀྲུ” ཟེར་ནས་ངའི་མགོ་དང་སྒལ་བ་ལ་འདག་རྫས་འབྱུག་འགོ་བརྩམས་ཤིང། ངས་ཀྱང་མོའི་མགོ་དང་འོ་འཛིན་ནས་བརླ་ཤ་འཇམ་པོ་བར་དུ་འདག་རྫས་འབྱུག་སྐབས། མོའི་དབུགས་རྔུབ་ཇེ་མགྱོགས་དང་ཤ་འདར་ཇེ་རྒྱག་ཏུ་གྱུར། ངས་མོ་ག་ལེར་ངའི་པང་སྟེང་ལ་བཟུང་སྟེ་མཆུ་སྦྱོར་བྱས་པ་ཡིན།
དྲུག་པ།
སློབ་མཐར་ཕྱིན་ནས་ཟླ་གཅིག་གི་རྗེས་སུ་མོས་ནོར་སྲིད་ལས་ཁུངས་ནས་བྱེད་བྱེད་འགོ་བརྩམས་ཤིང། ངས་ཀྱང་སློབ་ཆུང་ཞིག་གི་དགེ་རྒན་བྱས་ནས་ད་བར་དུ་ལོ་ངོ་གཅིག་ཙམ་འགོར་སོང། དེ་སྔོན་མོ་ངའི་འཁྲིས་སུ་ཡོང་སྐབས་ངོ་མདངས་དེ་འདྲ་བཟང་རྒྱུ་མེད་པས། ན་ཚ་འདྲ་བྱུང་མེད་དམ་སྙམ་ནས་མོར་དྲིས་ནའང། མོས་ང་རང་སྐྱིད་པོ་བདེ་མོ་ཡིན་པས་སེམས་ཁྲལ་བྱེད་མི་དགོས་ཟེར་བའི་སྐད་ཆ་ལ་རློམ་ནས་དེ་རིང་བར་དུ་ལྷག་སོང་། དེ་རིང་མོ་ལ་འདིའི་སྐོར་གྱི་སྐད་ཆ་ཞིག་བཤད་དགོས་བསམ་ནས་བསྡད་ཡོད་སྐབས་གློ་བུར་དུ་“ཏིར་ཏིར་་་་་་་་”ཟེར་བའི་སྒྲ་ཞིག་གིས་ངའི་དྲན་ཤེས་གས་གཏོར་དུ་བཏང་བྱུང་བས། ངས་དེ་མ་ཐག་ཕྱོགས་ཡར་མར་ལ་མིག་ཉུལ་ཞིག་བྱས་པས་ན། ཏག་ཏག་ལ་ང་འགྲོ་སའི་ལས་ཁུངས་དེའི་སྒོ་འགྲམ་དུ་ཐོན་འདུག་པས། མྱུར་དུ་མོའི་ཉལ་ཁང་ཕྱོགས་སུ་སོང་བ་ཡིན།
མོའི་ཉལ་ཁང་གི་སྒོ་འགྲམ་ན་ནམ་རྒྱུན་དང་མི་འདྲ་བར་མི་མང་བོ་ཞིག་གིས་འཚང་ཁ་ཤིག་ཤིག་བྱེད་ཀྱིན་ཡོད་པས་ཅི་ཡིན་ནམ་སྙམ་ནས་སྒོ་འགྲན་དུ་བསླེབས་དུས། མོའི་ཉལ་ཁང་ནང་ལོག་ནས་ “ངའི་གཅེས་ཕྲུག་” ཟེར་བའི་ངུ་ངག་རྩུབ་མོ་ཞིག་ངའི་རྣ་བའི་བུ་ག་རུ་ག་ལེར་འཐིམ་སོང། ངའི་སྙིང་རླུང་སྟོད་ལ་འཚངས་ཤིང་དེ་ག་རང་ནས་ས་ལ་འགྱེལ་སོང་བས། ངའི་ཡིད་ཀྱི་དྲན་ཤེས་ངོས་སུ་ངུ་ངག་རྩུབ་མོ་དེ་མ་གཏོགས་ཅི་ཡང་ལྷག་མི་འདུག་པས། ངུ་ངག་དེ་ནི་ངའི་མཐའ་མཇུག་གི་འཚོ་རྟེན་དུ་གྱུར་སོང་།
༼“ངའི་གཅེས་ཕྲུག་” ཟེར་བའི་ངུ་ངག་རྩུབ་མོ་ཞིག་ངའི་རྣ་བའི་བུ་ག་རུ་ག་ལེར་འཐིམ་སོང། ངའི་སྙིང་རླུང་སྟོད་ལ་འཚངས་ཤིང་དེ་ག་རང་ནས་ས་ལ་འགྱེལ་སོང་བས། ངའི་ཡིད་ཀྱི་དྲན་ཤེས་ངོས་སུ་ངུ་ངག་རྩུབ་མོ་དེ་མ་གཏོགས་ཅི་ཡང་ལྷག་མི་འདུག་པས། ངུ་ངག་དེ་ནི་ངའི་མཐའ་མཇུག་གི་འཚོ་རྟེན་དུ་གྱུར་སོང་།༽ འདིའི་དོན་ཅི་རེད། གོ་རྒྱུ་ཚོར་རྒྱུ་གང་ཡང་མི་འདུག བུ་མོ་དེས་རང་ཤི་བརྒྱབ་པ་རེད་པཱེ། ལགས།
སྒྲུང་ཡག་པོ་ཞིག་བྲིས་འདུག