ཁྲི་རལ་པ་ཅན།
སྤྱིར་བཏང་མིའི་སེམས་རྒྱུད་ན་འདོད་ཆགས་ཞེ་སྡང་གཏུ་མུག་གསུམ་ཡོད་ཕྱིན་ཆད། སྤྱི་ཚོགས་གང་ལ་དཀའ་ངལ་དང་རྙོག་བྲ་གང་འཚམ་ཡོིང་རྒྱུ་ཡིན་པ་ཆོས་ཉིད་རེད་མོད། དཀའ་ངལ་དང་རྙོག་འཛིངས་ཚད་ལས་བརྒལ་ན་ཡུལ་གྱི་མི་སེར་དང་སྤྱི་ཚོགས་སྤྱི་ལ་བརྡབ་གསིག་གིས་སྡུག་བསྔལ་ཆེན་པོ་ཡོང་ཉེན་ཡོད་པ་རེད།
རྡ་རམ་ས་ལའི་བཙན་བྱོལ་སྒྲིག་འཛུགས་ཀྱི་བཀའ་ཤག་གསར་པའི་སྲིད་སྐྱོང་མཆོག་ནས། རྣམ་ཀུན་ཁོང་གི་བྱས་རྗེས་ཆེ་ཤོས་ཤིག་ནི་བཙན་བྱོལ་སྤྱི་ཚོགས་ཞི་ལྷིང་ཡོད་པ་ཐེངས་མང་གསུངས་སོང་སྟེ། བཀའ་ཤག་འདིའི་སྐབས་སུ་བཙན་བྱོལ་ནང་དམིགས་བསལ་དོན་རྐྱེན་ཁག་ཅིག་བྱུང་བ་ནི་ཕྱིན་ཚར་བ་རེད། འོན་ཀྱང་། ད་དུང་ཡང་ཆབ་སྲིད་ཀྱི་དོན་སྙིང་ཡོད་པ་དང་སྤྱི་ཚོགས་རང་བཞིན་ལྡན་པ། དཔལ་འབྱོར་དང་ཤེས་ཡོན། སྤྱོད་ལམ་ཚུན་གྱིས་ལྟོས་འབྲེལ་ཟབ་པའི་དཀའ་རྙོག་ཁག་ཅིག་ཛ་དྲག་གི་ངོ་བོར་བྱུང་དང་འབྱུང་མུས་སུ་ཡོད་གཤིས། ལྷག་བསམ་ཁོ་ནས་ཇུས་མེད་ཇུས་འཁྲི་བྱས་ཏེ་དཀའ་གནད་བཅུ་ཐམ་པ་འདོན་རྒྱུ་ཡིན།
༼དང་པོ།༽ བཙན་བྱོལ་སྒྲིག་འཛུགས་འདིའི་བཀའ་བློན་དང་དྲུང་ཆེ་རིམ་པ་ཚུན་རྟག་པར་ཕྱི་རྒྱལ་ཁག་ནང་ཕྱིན་བསྡད་པ་ཙམ་གྱིས་མི་འགྲིག་པར། ཕྱི་རྒྱལ་ཁག་ཏུ་བོད་མི་འདུས་ཆེ་སར་གཞིས་ཆགས་དང་སློབ་གྲྭ། རིག་གཞུང་གི་ལྟེ་གནས་སོགས་འཛུགས་དགོས་པ་མ་གཏོགས། བོད་མི་རྣམས་རིམ་གྱིས་ཕྱི་མིའི་ནང་འཐིེམ་ངེས་ཅན་རེད།
༼གཉིས་པ།༽ བཙན་བྱོལ་སློབ་གྲྭ་ཁག་མང་པོ་ཅིག་རང་བཞིན་གྱིས་སྟོང་འགྲོ་གི་ཡོད་ནའང་། གཞུང་གིས་ད་དུང་ཧིན་སྒོར་འབུམ་བརྒྱ་ཕྲག་མང་པོས་སློབ་གྲྭ་གསར་རྒྱག་བྱེད་བཞིན་པ་ལྟ་བུའི་བྱབ་ཆུང་གི་ལས་ཀ་མཚམས་བཞག་སྟེ། སློབ་གྲྭ་ཁག་ཁུ་བསྡུ་ཚགས་ཚུད་ཡར་རྒྱས་སུ་གཏོང་དགོས་པ་ལས། བཙན་བྱོལ་ནང་ཤེས་ཡོན་གྱི་འཐུས་ཤོར་ཚད་ཧ་ལས་པ་རེད།
༼གསུམ་པ།༽ བཙན་བྱོལ་ནང་ཤེས་ཡོན་ཡར་རྒྱས་ཡོང་བར་དགོས་ངེས་མཐུན་རྐྱེན་ཡར་རྒྱས་སུ་གཏོང་དགོས་པ་མ་ཟད། གཙོ་བོ་དགེ་རྒན་ལ་གླ་ཕོགས་ཧ་ཅང་ཆེན་པོ་ཕུལ་ཐུབ་ན་མི་སློབ་སྦྱོང་ཅན་ཚོ་དགེ་རྒན་ལ་རག་གི་རེད། དེང་སང་གི་དགེ་རྒན་མང་ཆེ་ཤོས་སློབ་སྦྱོང་སྐྱོ་ཤོས་གྲས་དང་ཕྱི་རྒྱལ་ལ་འགྲོ་མ་ཐུབ་མཁན་དེ་འདྲ་རེད། དེ་ཚོར་གླ་ཆ་ཉུང་ཙམ་ལས་སྤྲོད་མི་དགོས་ནའང་སློབ་སྦྱོང་ཡར་རྒྱས་སུ་གཏོང་ནུས་མེད། སྤྱི་ཚོགས་གང་ལ་ཤེས་ཡོན་མེད་ན་ཡར་རྒྱས་མེད། དཀའ་རྙོག་མང་པོ་འཕྲད་ངེས།
༼བཞི་པ།༽ གཞུང་གིས་ལོ་རེར་ཟབ་སྦྱོང་རྫུན་མ་རྫུན་མ་འདྲ་བོ་སྣ་ཚོགས་ལ་སྒོར་འབུམ་མང་པོ་འགྲོ་སོང་གཏོང་བ་ལས། གཞོན་སྐྱེས་ཚོར་ལས་རིགས་སྣ་ཚོགས་གསར་གཏོད་ཀྱིས་བཙན་བྱོལ་ནང་ལས་མེད་ཀྱི་དཀའ་ངལ་སེལ་ཐུབ་ན། བཙན་བྱོལ་ནང་དེང་སང་རྐུན་ཇག་གི་གནས་སྟངས་ཛ་དྲག་ངང་ཡོད་པ་སེལ་ཐུབ་སྙམ།
༼ལྔ་བ།༽ བཙན་བྱོལ་ནང་ཉལ་ཐ་དང་མྱོས་རྫས་ངན་གོམས་རིགས་འདི་ཧ་ཅང་གིས་ཛ་དྲག་རེད། འོན་ཀྱང་། དེ་ཚོ་བརྒྱ་ཆ་མང་ཤོས་གྲྭ་ལོག་དང་བོད་ནས་ཡོང་མཁན་མ་རེད། སློབ་གྲྭ་ཁག་དང་གཞིས་ཆགས་སུ་གནས་པ་ཚོ་རེད། ཁོང་ཚོར་སོ་སོའི་མི་ཚེ་ལ་བསམ་བློ་གཏོང་སྟངས་དང་མི་ཚེའི་རིན་ཐང་། ནོར་འཁྲུལ་བསྒྱུར་བཅོས་སོགས་ལམ་སྟོན་གྱི་ཁོར་ཡུག་ནུས་པ་ལྡན་པ་ཅིག་བཟོ་དགོས་པ་ལས། མི་དེ་རིགས་ལོ་རེའི་ནང་རྐྱེན་འདས་ཀྱི་གྲངས་ཚད་མཐོན་པོ་དང་སྤྱི་ཚོགས་ཀྱིའང་དཀའ་ངལ་ཉེན་ཚབས་ཅན་ཅིག་རེད།
༼དྲུག་པ།༽ བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་རྒྱ་གར་ནག་ལྟ་བུ་མི་འབོར་དང་དཀའ་རྙོག་ཆེན་པོ་ཅན་ཚོ་དང་བསྡུར་ནའང་། ན་ཚ་ངན་པའི་རིགས་འགོས་ཁྱབ་ཀྱི་གནས་ཚད་འཇིགས་སྣང་སྐྱེ་གཞིར་བསླེབས་ཡོད། སློབ་གྲྭ་ཁག་དང་གྲྭ་ཚང་ཁག་ནང་གློ་ནད་དང་མཆིན་ཚད་འགོས་ཁྱབ་མི་འབོར་ལྟར་བསྡུར་ན། རྒྱ་གར་ལས་ཆེས་ཆེར་བརྒལ་ཡོད་པ་ཡོངས་གྲགས་ཡིན་ལ། དེའི་ཁར་སྤྱི་ཚོགས་ནང་ཨེ་ཙི་ན་ཚ་འགོས་ཁྱབ་ཤིན་ཏུ་ཆེན་པོ། མི་བསམ་ཡོད་ཀྱིས་དངོས་ཡོད་མཐོང་ན་སྐྲག་འདར་ཤོར་གཞིར་གྱུར།
གཞིས་ཆགས་རེ་འགའི་ནང་གཞོན་སྐྱེས་༡༥ བརྒལ་བར་ཁྲག་བརྟག་ན་ཨེ་ཙི་ཅན་༣་དང་༤བར་འཐོན་ཡོད། ཡིན་ནའང་གཞུང་གིས་སྤྱི་ཚོགས་ཞི་ལྷིང་ཆེད་ན་ཚ་དེ་ཚོར་གྲངས་ཀ་ཧ་ཅང་ཉུང་ཉུང་མ་གཏོགས་བཏོན་མེད་པ། བར་སྐབས་གྲོས་ཚོགས་ནང་མངོན་སུམ་མཐོང་ཆོས་སུ་བྱུང་ཡོད། ཉེན་ཁ་དེ་ཙམ་ཡོད་པ་སྤྱི་ཚོགས་ནང་གསལ་བཤད་དང་ཡིད་གཟབ་ཆེད་གོ་རྟོགས་སྤེལ་བ། ནད་པ་ཚོར་བདག་སྐྱོང་བསམ་བློའི་སློབ་གསོ་གནད་ལ་ཕོག་པ་བརྒྱབ་དགོས་པ་ལས། ཨེ་ཙི་གཙོ་བའི་འགོས་ནད་དེ་གྲས་ཡོད་པ་ང་ཚོའི་སྤྱི་ཚོགས་ནང་ཆུང་ས་ཟ་ཁང་ནས་བཟུང་སྟེ། སློབ་གྲྭ་དང་ཕྲུ་གུ་གསོ་ས། ཆེ་ས་ལས་ཁུངས་རིམ་པའི་ནང་ཡོད་མཁན་མང་པོ་མཐོང་སོང་བས། སྤྱི་ཚོགས་འབྲེལ་ལམ་སྟེང་ནས་མི་མང་པོ་ཅིག་གི་སྲོག་ཤོར་རྒྱུ་ངེས་གཏན་རེད།
༼བདུན་པ།༽ རྒྱ་གར་གཞིས་ཆགས་ཁག་ལ་འདས་པའི་ལོ་ལྔ་བཅུ་རིང་ནས་གཞུང་གིས་གཟིགས་སྐྱོང་ཐོབ་རྒྱུ་མང་དྲག་སྟེ། མི་མང་ཆེ་བར་དཀའ་ངལ་ལ་གདོང་ལེན་བྱེད་སྲོལ་དང་ཕུགས་དམིགས། རང་ཁ་རང་གསོ་སོགས་ཀྱི་གོམས་གཤིས་ཆེར་མེད་པར་གཅེས་ལངས་སུ་ཤོར་ཡོད། དེས་ཁོང་ཚོར་ཕན་ཚབ་ཏུ་ཕུགས་སུ་གནོད་བསྐྱལ་བ་ཁོ་རང་ཚོ་ལས་ཀྱང་མི་བསམ་ཡོད་ཚོར་མཐོང་ཚུལ་ཆེན་པོ་རེད། དེ་བས་མི་སྒེར་སོ་སོའི་རྣམ་དཔྱོད་འདོན་སྟངས་དང་མི་ཚེ་འཚོལ་སྒྲུབ། རང་ཁ་གསོ་ཐབས་སོགས་ཀྱི་ནུས་སྟོབས་དངོས་གནས་དེ་ཁོང་ཚོའི་ནང་སྤེལ་དགོས་ཀྱིན་འདུག་བསམ།
༼བརྒྱད་པ།༽ བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་འདོད་ལ་མ་འདོད་དང་ཁྲལ་སྒྲུབ་པ་ཙམ། ཕྲུ་གུའི་བསམ་ངོ་དང་མི་འཚམས་པའི་བོད་ཡིག་སྟེང་ནང་ཆོས་བསླབ་རྒྱུ་སོགས་མཚམས་འཇོག་དག་སྒྲིག་གིས། བོད་ཡིག་དེ་སྐད་ཡིག་དང་རྩོམ་རིག་རང་གི་ངོ་བོའི་སྟེང་ཁྲིད་ན། ཕྲུ་གུ་ཚོར་དོ་སྣང་སྤྲོ་བ་ཡོད་པ་དང་བསམ་ཚོད་དང་མཐུན་པ། བོད་ནང་གི་མི་རབས་གསར་པ་ཚོའི་ཉམས་མྱོང་ལས་མཐོང་ཐུབ།
༼དགུ་པ།༽ འཛམ་གླིང་ཤར་ནུབ་གང་སར་སྤྱི་ཚོགས་ཀྱི་དགོས་དབང་གིས་ཕོ་མོ་ཕན་ཚུན་ངོ་གཏུག་ས་དང་བཟའ་ཟླ་འཚོལ་སའི་ལྟེ་གནས་མང་པོ་ཡོད་རེད། བཙན་བྱོལ་ནང་ཕྱི་རྒྱལ་ཁག་ནང་བོད་པ་མི་རྐྱང་གི་གྲངས་འབོར་ཆེན་པོ་དང་རྒྱ་བལ་སོགས་སུ་བོད་པ་བུད་མེད་ཁེར་ཧྲེང་ཡང་མང་པོ་ཡོད་པས། བོད་མི་ཚོ་སོ་སོའི་རྩ་དོན་འཐབ་རྩོད་དུ་མི་རིགས་གཞན་ནང་མི་འདྲེས་པ་དང་མི་སིམ་པ། རང་གི་ངོ་བོ་བརྟན་པོ་གནས་པར་རིགས་རྒྱུད་གཙང་མ་འཛིན་ཐུབ་དགོས་པས། གཞུང་འབྲེལ་གྱིས་བོད་པའི་ཆང་ས་ལྟེ་གནས་ཁ་ཡོད་ལག་ཡོད་ནུས་པ་འཐོན་པ་ཅིག་དགོས་གལ་ཆེ།
༼བཅུ་པ།༽ ལར་གཞུང་སུ་ཡིན་ན་ཆབ་སྲིད་སྟེང་དྲང་བཞག་སྤྱི་སྙོམས་དང་གཡོ་ཇུས་བྲལ་བ་ཅིག་ཡོང་མི་ཐུབ་པར་བསམ་ཤེས་ལོས་ཐུབ་མོད། ད་ལྟའི་ང་ཚོའི་ཁ་སྟབས་གནས་བབ་ལ་དཔག་ན་གཞུང་མང་བར་ཡིད་ཆེས་དམ་ཚིག་དང་བརྩེ་ཞེན་ཤ་ཚ་དགོས་རྒྱུ་དེ་འགག་ཆེ་ཤོས་སུ་གྱུར་ཡོད། འོན་ཀྱང་། དེང་སང་རང་གཞུང་གིས་མི་མང་སྟེང་སྲིད་ཇུས་སྤེལ་ཚུལ་རེ་གཉིས། འཕྲལ་སེལ་སླ་བཅོས་ཀྱིས་མགོ་འཁོར་ས་དང་གཡོ་འཁྲུལ་གྱི་བཟོ་འདྲ་བོ་ཡང་ཁ་ཤས་བྱུང་གི་ཡོད་པས། དེ་ཚོ་མཐར་མི་མང་ཡིད་ཆེས་བརླག་བྱེད་ཕུགས་སྐྱོན་ཆེན་པོ་ཡིན་པ་ངོས་ཟིན་ན་ལེགས་པར་སྙམ།
རྒྱ་ལ་འདིའི་ནང་མ་ཚུད་པའི་དཀའ་རྙོག་མང་པོ་ཅིག་ལོས་ཡོད་དེ་རང་གིས་སྤྱི་ཚོགས་ནང་དངོས་སུ་རིག་པ་ཁག་ལས། གནད་དོན་འདི་དག་ཛ་དྲག་གིས་སེལ་དགོས་པ་བཅུ་རེད་བསམ་ནས་ཤ་ཚ་སེམས་འཚབ་ཀྱིས་བྲིས་པ་ལགས་ན། འབྲེལ་ཡོད་རྣམ་དཔྱོད་ལྡན་པ་ཚོས་དཔྱད་པར་འཚལ།།
བསམ་ཚུལ་ནི་བསམ་ཚུལ་རང་རེད་་་་བསམ་ཚུལ་བཤད་ན་དེ་སྒྲུབ་མཁན་ཞིག་དང་རེ་འབོད་བྱས་ན་དེར་ཉན་མཁན་ཞིག་ཡོད་ནི་མ་རེད་་་་་དེ་ལས་ཨ་ཀར་སོ་ལྔ་ཞིག་འཐུང་ནས་གཉིད་སྐྱིད་པོ་ཞིག་ཨེ་ཡོང་བལྟས་ན་ཡག་ནི་རེད་་་་དེ་མིན་ཅང་ཡོད་པ་མ་རེད་་་་་ཐེངས་གཅིག་བཀླགས་རྗེས་ཚར་སོང་ནི་རེད་་་གཟིམ་འཇགས་གནང
རྡ་ས་ལ་འཆར་གཞི་མི་འགྲོ། སྲིད་སྐྱོང་བློ་སེང་གིས་སྐྱག་ལབ་བརྒྱབ། ཚོགས་གཙོ་སྤེན་ཚེ་ཡིས་སྟོང་བཤད་བྱས། ཟམ་གདོང་གིས་ཇུས་འཐེན་པ་སོགས་ཀྱི་འོག་ནས་མི་ཚང་མ་རེ་བ་ཆད་ནས་ཁ་ཤས་ཕྱི་ལ་བྲོས། ཁ་ཤས་བོད་ལ་ལོག ད་ངོ་མ་རྡ་ས་ཚར་ཡོད།
དོན་ཚན་ཁ་ཤས་ལ་རྒྱབ་སྐྱོར་ཡོད་ཡག་པོ་བྲིས་འདུག་། ཡིན་ནཡང་རྟ་རྒྱུགས་མཁན་དང་ལྟ་མོ་བལྟ་མཁན་བར་ལ་གནམ་ས་ལྟབུའི་ཁྱད་པར་ཆེན་པོ་ཡོད་པ་དེ་ཡང་ཤེས་ན་ཡག་པོ་ཡོད་རེད་།
རྡ་རམ་ས་ལས་དཀའ་གནད་སེལ་དགོས་པ་བཅུ།
འདི།
རྡ་རམ་ས་ལའི་དཀའ་གནད་སེལ་དགོས་པ་བཅུ།
དང་། ༼ལྔ་བ།༽འདི་ཡང་། བཞི་པ། དགུ་པ་ལྟར། པ་ཡིག་སྦྱར་ན། དག་ཆ་སྦྱོང་བདེ་ལ། བརྗོད་བདེ་མི་འདུག་གམ། ལགས།
རྟ་རྒྱུགས་པ་དང་ལྟད་མོ་བའི་བར་ཁྱད་པར་ཡོད་ཁོ་ཐག་རེད།འོན་ཀྱང་།གོང་གི་དེ་ཚོ་བོད་གཞུང་གིས་སྒྲུབ་མི་ཐུབ་པའི་བོད་རང་བཙན་ལྟ་བུ་དེ་འདྲ་དཀའ་མོའི་རིགས་མ་རེད་ད།སྒྲུབ་ཐུབ་ཤག་ཤག་ཡིན་ནའང་སྒྲུབ་རྒྱུར་ལེ་ལོ་གནང་བ་དང་ཤ་ཚ་མེད་པར་ལྷག་བསྡད་པ་དེ་འདྲ་རེད།དང་པོ་བཀའ་ཁྲི་འོས་འདེམས་སྐབས་སུ་དོན་དག་འདི་འདྲ་ཆུང་ཆུང་རིགས་ཕར་བཞག་སྟེ།སྒྲུབ་ཐུབ་ས་མ་རེད་བསམ་བསམ་འདྲ་བོ།དཔེར་ན་བོད་ལ་རང་དབང་ལེན་རྒྱུ་དང་༧རྒྱལ་བ་བོད་ལ་གདན་འདྲེན་སོགས་ཀྱང་དཔའ་ཁས་ལེན་དང་མདུང་ཕྲག་ཁུར་མང་པོ་བྱས་རེད་ད།
ཀརྡོ་ལགས།དེང་རབས་ཀྱི་སྐད་ཡིག་དེ་ཚོའི་ནང་སྲིད་དོན་སྐོར་འགྲེལ་བརྗོད་སྐབས།ཨ་རིའི་གཞུང་དང་རྒྱ་ནག་གཞུང་སོགས་ཀྱི་ཚབ་ཏུ།ཝ་ཤེན་ཏྲོན་དང་པེ་ཅིང་ལྟ་བུར་འབོད་སྲོལ་ཡོད་པ་བཞིན།ངས་ཀྱང་རྡ་རམ་ས་ལ་ན་ཡོད་པ་བོད་གཞུང་གིས་སེལ་དགོས་པའི་དཀའ་ངལ་ལབ་ཀྱིན་ཡོད་མ་གཏོགས།རྡ་རམ་ས་ལའི་དཀའ་ངལ་རེད་ཅེས་ལབ་མིན།
བོད་ཡིག་ནང་ལ་དྷ་ས་བྱེད་པོ་པོར་འགྲོ་དཀའ་ཡང་། ཨིན་སྐད་ལྟར་ན་ཁྱེད་བདེན་པ་འདྲ། བོད་སྐད་དུ། དྷ་སའི་སྒྲིག་འཛུགས་ཀྱིས་དཀའ་གནད་སེལ་དགོས་པ་བཅུ། ཞེས་མི་དགོས་སམ། ལགས།
ཡང་ན།
དྷ་སའི་སྒྲིག་འཛུགས་ཀྱིས། སེལ་དགོས་པའི་དཀའ་གནད་བཅུ།
ཟུར་སྣོན།
༡ རྡ་རམ་ས་ལས་རང་གཞུང་དེ་ཉིད་ཁྲིམས་མཐུན་ནམ་སྲ་བརྟན་ཞིག་བཟོ་རྒྱུའི་ཚབ་ཏུ། སིམ་འཛུལ་རང་བཞིན་གྱི་གཞིས་ཆགས་སྲ་བརྟན་ལ་འབད་ཀྱིན་པ་ནི་རྩ་བ་བོར་བའི་དོན་ཆུང་ཞིག་ཏུ་མཐོང་སོང་།
༢ རྡ་རམ་ས་ལས་སྐབས་བབ་སྲིད་དོན་གཙོ་བོར་མི་གཉེར་བར། ནམ་ཡང་ལྷ་བླའི་བཀའ་ལུང་དང་ཆོས་དོན་ལ་གཙོར་ཕྱོགས་ཀྱིས་བོད་ཕྲུག་ཚོའི་སེམས་ཁམས་ཀྱང་ཆོས་དང་མཐུན་པ་ཞིག་བཟོ་བཞིན་ཡོད།
༣ རྡ་རམ་ས་ལས་རྒྱ་འོག་གི་དབུ་མའི་ལམ་གྱི་སྲིད་ཇུས་ཤིག་རྨོངས་འཛིན་བྱས་པ་ནས་བཟུང་བོད་ཀྱི་རྩ་དོན་དང་སྲིད་དོན་དག་ནི་ཆུ་ཡི་གཉེར་རིས་བཞིན་དུ་རིམ་ནས་རིམ་བཞིན་གཏན་ཡལ་དུ་གྱུར་དང་འགྱུར་བཞིན་ཡོད།
༤ རྡ་རམ་ས་ལས་མི་རིགས་གཞན་གྱི་སྐད་ཡིག་ཅིག་ཨང་དང་པོར་བརྩིས་ཏེ་ཆེས་ཉག་ཕྲ་བར་འགྱུར་བཞིན་པའི་རང་རེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་ཐབས་ལམ་ཕྱོགས་ལ་འབད་བརྩོན་ཆེན་པོ་མི་བྱེད།
༥ རྡ་རམ་ས་ལས་རང་ཉིད་ཀྱི་ནུས་སྟོབས་དང་ངལ་རྩོལ་ལ་བརྟེན་ནས་འཆར་གཞི་དང་འཛུགས་སྐྲུན་མི་བྱེད་པར། གཞན་གྱི་རོགས་དངུལ་དང་ཞལ་འདེབས་བསྡུ་སློང་སོགས་གཞན་བརྟེན་གཙོ་བོའི་འོག་ནས་རང་ཁ་གསོ།
༦ རྡ་རམ་ས་ལས་དམར་པོ་རྒྱ་ཡི་ངེས་མེད་རྣམ་འགྱུར་ཙམ་ལ་གཙོར་ལྟ་བྱེད་པ་ལས། ནམ་ཡང་རང་འདོད་ཚ་ཞིང་ཆབ་སྲིད་ཀྱི་ཁེ་ཕན་ཁོ་ནར་ལྟ་བའི་རྒྱ་འདྲེ་དམར་པོར་དོན་གྱི་རྒྱུས་ལོན་དང་ཞིབ་དཔྱོད་ནམ་ཡང་མི་ནུས།
༧ རྡ་རམ་ས་ལས་རང་ཉིད་བོད་ཀྱི་མགྲིན་ཚབ་པར་བརྗོད་འོས་ན་ཡང་། མགྲིན་ཚབ་པས་བོད་ཀྱི་གནས་ཚུལ་ངོ་མ་ཇི་བཞིན་གསལ་རྟོགས་མ་ཐུབ་པས། ད་དུང་བོད་གཞིས་བྱེས་གཉིས་བར་དུ་གོ་བརྡ་གསལ་བོ་འཕྲོད་ཀྱིན་མེད།
ད་དུང་ཇི་འདྲའི་མང་ཨང་་་་་་་་་་་་་་་་་