རོ་སྟོད་ལ་བབས་པའི་མཚན་མོ།
ཁྲོ་གཏུམ།
—སྙན་ངག་པའི་མཚན་མོ་ལ་འཁྲེང་བའི་སྒད་ཚིག་གི་རུས་པ་དཀར་པོ།
བདག་གི་རོ་སྟོད་ལ་བབས་པའི་མཚན་མོ
གྲོག་མ་གཤོག་ཐོགས
འབུ་རྒན་ནག་ར
འདྲེ་ཤིག་དམར་ལྡིང་གིས་ང་ལ་མཆུ་གཙག་མང་པོ་བྱས་མྱོང
དེ་བས་ངའི་རོ་སྟོད་ཀྱི་མཚན་མོ་ནི་ལྷིང་འཇགས་ཤིག་ག་ལ་ཡིན
ངའི་རོ་སྟོད་ལ་སྒལ་ཚིགས་མེད་པ་ཡིན་ན
དུས་རབས་ཀྱི་གད་སྙིགས་ཀྱིས་བཀབ་འགྲོ་ལ
ཤོག་བུ་དང་སྨྱུ་གུའི་སྲིབ་ཀ
བརྡ་འཕྲིན་དང་དཔལ་འབྱོར་གྱི་ངོ་གདོང
ངའི་རྣམ་འགྱུར་གྱི་ཁ་མདོག་མང་པོ་ལས
ཚོར་བས་དེད་པའི་ཚིག་གི་གནད་དག་ཤི་འགྲོ
ཤི་སོང་བའི་ཁྲོད་ན
རོ་སྟོད་ཡོད
ང་རང་ཡོད
བར་ལམ་རེར་ཁྱོད་ཚོའང་འཁྲིས་སུ་སྤུང་སྲིད
མཚན་མོར་སྙན་ངག་འཚོལ
སྙན་ངག་གིས་མཚན་མོ་བཙལ་བས
རོ་སྟོད་ཀྱི་སྒལ་ཚིགས་ལ་གྲངས་ཀ་ངེས་ཅན་ཡོད་ལ
རོ་སྟོད་ཡར་འགྲེང་བ་ཡང་སྒལ་ཚིགས་ལ་རག་ལས་སོ
༢༠༡༦།༠༧།༢༦ཉིན་རྒྱ་གར་ནས།
སྙན་ངག་པའི་མཚན་མོ།
གྲོང་གསེབ་བུ་མོ།
སྙན་ངག་པའི་མཚན་མོར་ངས་ཁྱེད་ཅག་བཙལ་བ་ཡིན།
བརྡ་རྟགས་རྙེད་དཀའ་བའི་རྩིག་གྱང་གི་རྒྱབ་མདུན་ནས།
ངོ་མི་ཤེས་པའི་མི་དག་ལ་འཚམས་འདྲི་བྱེད་ཀྱིན།
ཐག་རིང་ཐག་ཉེ་ཡི་སེམས་པ་སྙིང་རྗེ་མོ་དག་ལ་རོལ་མྱོང་བྱེད་དུས།
མཚན་མོའི་སྨག་རུམ་གྱི་ཁྲོད་དུའང་ངའི་སེམས་ཀྱི་ཕྱེད་ཀ་འོད་དུ་འཚེར་བ་མཐོང་བྱུང་།
མ་གཞི་སྙན་ངག་པ་ནི་ཆེས་བརྩེ་བ་ཟབ་པའི་མི་དེ་ཡིན་འདུག་ཨང་།
བྱིས་པ་བསམ་མེད་ཞིག་དང་འདྲ་བར་སེམས་ཀྱི་སྐད་ཆ་ལ་རྒྱབ་མདུན་མེད་པ་དེའང་ཁོ་ཚོ་རེད་འདུག
དོ་ནུབ་ཕ་ཡུལ་གྱི་མཁའ་དབུགས་དྭངས་བསིལ་རེད་དམ།
ཁྱེད་ཅག་གི་དགོད་སྒྲ་དེ་འདྲའི་མཐོ་ཞིང་གསལ་བ་ཞིག
དོ་ནུབ་ས་མཐའ་ཡི་ཁྱིམ་གཞིས་བརྟན་པོ་མིན་ཡང་།
འུ་ཅག་གི་མཚན་མོའི་རང་དབང་ལ་སུ་ཞིག་གིས་ཚོད་འཛིན་བྱའམ།
མཚན་མོའི་དབྱངས།
རང་དབང་གི་མཚན་མོ།
སྙན་ངག་པའི་མཚན་མོ་དང་འུ་ཅག་གི་ལྷན་འཛོམས་མ་ཡིན་པའི་འདུ་འཛོམས།
སེམས་ཁམས་སྙིང་རྗེ་མོ་དང་མི་བུ་སྙིང་རྗེ་མོ་དག་གི་མཚན་མོར།
བོད་ཀྱི་དབྱངས་གསལ་ངག་ལ་གྱེར་མཁན་སྙན་ངག་པ་རེད་འདུག
ཁྱེད་ཚོ་མཚན་མོ་འདིའི་མགྲོན་པོ་ཡིན་ལ་བདག་པོའང་ཡིན་པས།
འཇིག་རྟེན་གྱི་དཀའ་སྡུག་གང་གིས་ཀྱང་རྒས་སུ་མ་གྱུར་བའི་སྙན་ངག་པའང་ཁྱོད་ཚོ་ཡིན་དགོས།
༢༦-༠༧-༢༠༡༦