ལྷ་སྡེ་གནམ་ལོ་ཡག
མི་མང་བོ་ཞིག་གིས་ཁ་པར་བརྒྱུད་ནས་ང་རང་ལ་ཨ་ཚོགས་ཀླུ་མཁར་བྱམས་ལ་ཉེན་ཁ་འཕྲད་གྲབས་འདུག ཁྱོད་རང་གིས་ཉུང་མཐར་གྲ་སྒྲིག་བྱེད་དགོས་ས་རེད་ཅེས་བཤད་བྱུང་། དེ་ནས་ང་ལ་སེམས་ཁྲལ་བྱུང་བར་མ་ཟད། སྔར་ཡང་ལག་པ་འཆིང་ས་མེད་པའི་དོན་རྐྱེན་སྣ་ཚོགས་ཤིག་བྱུང་མྱོང་བས་ཡིན་ལ། ཁ་པར་ཁ་ཤས་བཏང་སྟེ་རྒྱུས་ལོན་བྱེད་དགོས་ཐུག་སོང་། དོན་ལ་ཁ་བརྡ་དྲ་ཚིགས་སྒང༼རྡ་ས་མདོ་སྨད་ས་རྒྱུན་ནས་དབུས་རྒྱུན་ལ་ཞུ་ཡིག༽ཟེར་བ་སྤེལ་ཟིན་པར་ཐུག་འདུག་ཅིང་། དོན་དག་གཉིས་གསལ་སྟོན་གནང་ཡོད་པ་ནི་ཀླུ་མཁར་བྱམས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ལ་བསྡད་མ་ཆོག་པ་དང་མདོ་སྨད་ཀྱི་སྤྱི་འཐུས་འོས་གཞིའི་ཁྲོད་ཡོང་མ་ཆོག་པ་གཉིས་ཡིན་པས། ཞུ་ཡིག་ཟེར་བ་ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་ཁ་ཤས་ལས་བསལ་འདེམས་ཀྱིས་ལྷུ་ལག་བསྒྲིགས་ཡོད་པ་ཞིག་ཡིན་པ་དང་། རྩོམ་ཡིག་དེ་དག་ཀྱང་ཕྱི་ལོ ༢༠༠༨ལོ་ནས་ད་ལོའི་ལོ་སྟོད་བར་སྤེལ་བ་ཤ་སྟག་རེད། ཕྲན་ནས་ཀླུ་མཁར་བྱམས་ཀྱིས་བྲིས་ཚད་དང་བཤད་ཚད་བདེན་པ་རེད་ཅེས་བཤད་ཀྱི་མེད་ཀྱང་ཞུ་ཡིག་ཟེར་བ་དེའང་བཀའ་སྤྱིའི་འོས་འདེམས་ཀྱི་དུས་ཚོད་ལ་འཁེལ་བ་མ་གཏོགས་གླེང་མཁན་ཡོད་མི་སྲིད་པའི་ཁོངས་སུ་འདུ་བས། ༼རྡ་ས་མདོ་སྨད་ས་རྒྱུན་ནས་དབུས་རྒྱུན་ལ་ཞུ་ཡིག༽ཅེས་ཆོལ་ཁ་ཞིག་གི་མིང་བེད་སྤྱོད་བཏང་ནས་མི་སྒེར་བ་ཞིག་ལ་རྒོལ་བ་རྩོམ་དགོས་དོན་འདུག་གམ་སྙམ་པའི་ཨ་ཐང་ཆད་པའི་ཚོར་བ་ཞིག་ཀྱང་སྐྱེས་སོང་།
ཡིན་ནའང་། ང་རང་ཨ་ཚོགས་ཀླུ་མཁར་བྱམས་ལ་གཏིང་རྒྱུས་ཡོད་པ་དང་། སྒོས་སུ་རང་ཉིད་མཚན་འཛིན་སློབ་གཙོ་པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་མཚན་མཆོག་གི་བླ་ན་མེད་པའི་གཟིགས་སྐྱོང་བརྒྱུད་ནས་སྤྱི་ཚོགས་སྒང་གོམ་ཁ་བསྒྱུར་བའི་གྲས་ཀྱི་གཅིག་ཡིན་པའི་ཁར། དེང་གི་བར་འབད་པ་ལྷོད་མེད་ཀྱིས་པཎ་ཆེན་རིན་པོ་ཆེ་གྲོངས་རྐྱེན་ཞིབ་འཇུག་བྱེད་མཁན་གྲས་ཀྱི་གཅིག་ཀྱང་ཡིན་པས། གྲོངས་རྐྱེན་བརྩད་གཅོད་མ་ཐུབ་པའི་ཡར་སྔོན་རིན་པོ་ཆེ་མཆོག་ལུང་ཚན་རིང་ལུགས་པའི་སྲིད་དོན་རྩེད་ཆས་སུ་བསྒྱུར་དུ་མི་འཇོག་རྒྱུ་ལས་འགན་རེད་ལ། དོགས་སློང་ཙམ་ལ་བརྟེན་ནས་འཐབ་གྲོགས་ཤིག་ལ་ཚོགས་པ་ཞིག་གིས་བསྐོར་རྡུང་བྱེད་དུ་མི་འཇོག་རྒྱུའི་མཚོན་པའི་བོད་ཕྱི་ནང་གཉིས་སུ་རེ་བ་རྒྱག་སའི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྒོ་དང་སྒེའུ་ཁུང་ལ་གཏོར་སྐྱོན་བཟོ་རུ་མི་འཇོག་རྒྱུའང་ཉུང་མཐའི་འོས་འགན་ཞིག་ཏུ་བསམ་སོང་། དེ་བས། ཕྲན་ནས་ཞུ་ཡིག་ཟེར་བ་འདི་ཀློག་པའི་མྱོང་བྱང་དག་ཁག་ལྔར་དབྱེ་ནས་ངོ་སྤྲོད་བྱེད་རྩིས་ཡིན།
༡ ཞུ་ཡིག་ཟེར་བའི་རྒྱབ་ལྗོངས་སྐོར།
ཕྲན་གྱིས་ནོར་གླིང་དུ་ཡོད་པའི་ཨ་མདོ་བ་ཞིག་ལ་ཁ་པར་བརྒྱུད་ནས་ཞུ་ཡིག་ཟེར་བ་འབྲི་མཁན་སུ་ཡིན་སྐོར་ལ་སྐད་ཆ་དྲིས་པ་ཡིན། ཁོང་གིས་ཁ་པར་ནང་སྒྲ་བླངས་ཟིན་པའི་རྡ་ས་མདོ་སྨད་ས་རྒྱུན་ཚོགས་གཙོ་རེབ་གོང་ཨ་ལོ་ལགས་ཀྱིས་ཞུ་ཡིག་ཟེར་བ་ལས་འཕྲོས་པའི་ཚོགས་འདུ་གཙོ་སྐྱོང་གནང་བའི་གསུང་བཤད་ལ་ཉན་དུ་བཅུག་སོང་།
ང་རང་ཧང་སངས་ཤིང་ཧོན་འཐོར་དགོས་པ་ཞིག་ལ་ཨ་ལོ་ལགས་ཀྱིས་ས་རྒྱུན་ཚོར་གསང་སྦས་མེད་པར་འདི་ནི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་མདོ་སྨད་གནད་ཡོད་མི་སྣ་བསྐོང་འཚོགས་རབ་དང་རིམ་པ་གནང་མཐར་ཐག་གཅོད་ཀྱིས་ང་རང་ཚོས་ལག་ལེན་བསྟར་དགོས་པ་ཆགས་ཡོད་ཚུལ་ནས་འགོ་བརྩམས་ཏེ་ཞུ་ཡིག་ཟེར་བའི་ནང་དོན་ཁག་སྒྲོག་སྦྱངས་བྱས་ཡོད་ཅིང་། ད་དུང་མཇུག་ནས་ཁ་གསལ་བོའི་ལམ་ནས་ཀླུ་མཁར་བྱམས་ཀྱིས་རང་བཙན་ལྟ་བ་འཁུར་བཞིན་པར་ང་ཚོས་ངོ་རྒོལ་རྒྱག་གི་མེད་ཅེས་རྟིང་གནོན་གྱི་ཚུལ་དུ་གསུངས་འདུག
དྲང་པོར་ཞུས་ན། ཨ་ལོ་ཁོང་ཚོའང་ཁག་ཡོད་པ་མ་རེད། གོང་ནས་བཀའ་ཕབ་རྗེས་ཞུ་ཡིག་ཟེར་བ་མི་འབྲི་རང་འབྲི་རེད་ལ། བྲིས་ནས་རྙོག་དྲ་ཆགས་རྗེས། ད་གཟོད་གོང་གི་མི་ཆེན་མཐའ་དག་འཇའ་ཡལ་བ་ནང་བཞིན་འགྱུར་འགྲོ་བ་ཁོང་ཚོའི་བསམ་བློའི་ནང་དུའང་འཁོར་ཡོང་གི་ཡོད་པའི་བཟོ་ལྟ་མི་འདུག
གང་ལྟར་སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱིས་འདས་པའི་ལོ་གཉིས་ལྷག་རིང་ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་ཁག་ལ་དོ་སྣང་སྤུ་ཙམ་ཡང་མ་སྤྲད་པར་བཀའ་སྤྱིའི་འོས་བསྡུ་སླེབས་ལ་ཉེ་སྐབས་མདོ་སྨད་གནད་ཡོད་མི་སྣ་བསྐོང་འཚོགས་ཐེངས་མང་གནང་དགོས་དོན་གང་ཡིན་མིན་དང་ཤིག་གསོད་སར་སྟ་རེ་ཞེས་པའི་དཔེ་བཞིན་ཨ་ཚོགས་ཀླུ་མཁར་བྱམས་སྒེར་བ་ཞིག་གི་སྒང་ལ་མདོ་སྨད་ཆོལ་ཁའི་མིང་བེད་སྤྱོད་ཀྱིས་རྒོལ་བ་རྩོམ་དགོས་མིན་ཐད་ཞིབ་འཇུག་མུ་མཐུད་དུ་བྱེད་མུས་སུ་ཡོད་ཅིང་། ཞུ་ཡིག་ཟེར་བ་ཡོང་སྟངས་ཀྱི་རྒྱབ་ལྗོངས་རོབ་ཙམ་ངོ་སྤྲོད་བྱས་ཟིན་པའི་ཁུལ་ཡིན།
༢ སྐུ་ཕྱཱ་དང་འབྲེལ་བའི་ལས་འགན་གྱི་སྐོར།
ཞུ་ཡིག་ཟེར་བའི་ནང་དྲངས་དོན། ༼ཕྱི་ལོ ༢༠༠༢ ཟླ ༤ ཚེས ༡ ཉིན་འཁོད་མདོ་སྨད་མི་མང་ཡོངས་རྫོགས་ཀྱི་གྲོས་ཆོད་ཅེས་པ་ཁྱོན་བསྡོམས་དོན་ཚན ༡༡ ཡོད་པ་དེའི་ནང་གི་དོན་ཚན ༤ པར། མདོ་སྨད་ཆོལ་ཁའི་སེར་སྐྱ་མི་དམངས་ཡོངས་རྫོགས་ནས་གྲོས་ཆོད་སྔ་རྗེས་བསྣོལ་འཇོག་གནང་བའི་འབྲུ་དོན་ལྟར། ༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་དབང་དང་སྐུ་ཕྱྭ་མཛད་འཕྲིན་དགོངས་གཞི་དང་བཅས་པར་འགལ་རྐྱེན་སྒྲུབ་པ་དང་། མཚན་སྨད་ཞུ་མཁན་ནམ་བྱུང་ལ་མདོ་སྨད་ཆོལ་ཁའི་དབུས་རྒྱུན་དང་ཕྱོགས་མཐའི་སེར་སྐྱ་མི་དམངས་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་གྱིས་དུས་ཐོག་གདོང་ལེན་མཐར་སྐྱེལ་བྱ་རྒྱུ།༽
གྲོས་ཆོད་འདི་འདྲ་ཞིག་སྔར་མཐོང་མྱོང་ཡོད་མཁན་ཤིན་ཏུ་དཀོན་ནའང་། འབྲུ་དོན་ཐད་ནས་བཤད་ན། རྒྱལ་བ་རིན་པོ་ཆེ་ལ་ཏཱ་ལའི་བླ་མ་དང་བླ་རྒན། ཡང་ན། ཨམ་ཕྲུག་སོགས་བོས་པ་ཙམ་གྱིས་མཚན་སྨད་ཡིན་མིན་ཡང་སྨྲ་ཐབས་བྲལ་བའི་ཁར། མདོ་སྨད་གནད་ཡོད་མི་སྣའི་ཁྲོད་དུའང་ཨམ་ཕྲུག་ལྷ་མོ་དོན་གྲུབ་ཅེས་འབོད་མཁན་བྱུང་ཡོད་ཚོད་འདུག་ཅིང་། མདོ་སྨད་དབུས་རྒྱུན་དང་ས་རྒྱུན་གཉིས་ལ་ལས་ཀ་ལྷག་མ་ཞིག་ཀྱང་བསྐྲུན་འདུག་པས། ཉམས་ཞིབ་མཐིལ་ཕྱིན་གནང་གལ་ཆེ་བའང་གསལ་བོ་མ་ཡིན་ནམ།
ཡང་ཅིག་བཤད་ན། དེང་སྐབས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་གི་མཁས་པའམ། ཚོགས་པ་གང་རུང་ཞིག་གིས༼ཡེ་རྡོ༽མིང་འོག་ཏུ་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་རབ་དང་རིམ་པ་བྱེད་ཀྱིན་པར་མ་ཟད། ཐ་ན་རྒྱལ་བ་རིན་པོ་ཆེ་ཡི་སྐྱེས་ཁུངས་རྒྱ་རིགས་ཡིན་པའི་རྩོམ་ཡིག་ཀྱང་སྤེལ་འདུག་སྟབས། མདོ་སྨད་དབུས་ས་གཉིས་ཀྱི་རྒྱུན་ལས་ལ་གོང་གསལ་གྲོས་ཆོད་ལག་བསྟར་གྱིས་གདོང་ལེན་བྱེད་པའི་འོས་འགན་འཕར་མ་ཞིག་སྤྲད་འདུག ཡིན་ནའང་། ཨ་མདོའི་ཁ་རྒྱུན་ལྟར། ༼ཕྱི་ལ་བསྐོར་ན་བལ་དཀར་གྱི་ཁ་ཆུ། ནང་ལ་བསྐོར་ན་དུག་ཚེར་གྱི་ལོ་མ༽ཞེས་པའི་སུག་རྗེས་སུ་འབྲངས་ཟིན་ན་མ་གཏོགས་འདི་ལས་མཚན་སྨད་གཞན་ཞིག་ཡོང་ཐབས་མེད་པ་ཕྱི་གསལ་ནང་གསལ་རེད།
༣ ཞུ་ཡིག་ཟེར་བའི་ནང་དོན་གྱི་སྐོར།
ཕྲན་གྱིས་ཞུ་ཡིག་ཟེར་བ་བཀླགས་རྗེས། ༼ཨ་ཚོགས་ཚང་གི་གཏམ་ཚོགས༽ནང་བསྐྱར་དུ་ཕྱིན་ནས་ཞིབ་ཀློག་བྱེད་སྐབས། ཞུ་ཡིག་ཟེར་བའི་ནང་དྲངས་པ་མཐའ་དག་ཡག་བཤད་དོར་ནས་བཙོག་བཤད་འདེམས་སྒྲུག་བྱས་པ་ཤ་སྟག་ཡིན་པར་མ་ཟད། འདི་འདྲ་ཞིག་བཤད་འདུག་ཅེས་པ་ཙམ་ལས་ལུང་རིགས་གང་རུང་གི་སྒྲུབ་བྱེད་བཀོལ་ནས་སུན་འབྱིན་བྱེད་པའམ། དབྱེ་ཞིབ་ལྷུག་འགྲོལ་གྱིས་བརྡར་ཤ་གཅོད་ཐུབ་མེད་པས། དགག་རྒྱག་སྦྱར་ཡིག་ཙམ་གྱི་ནུས་པ་ཐོན་ཡོད་མེད་ཀྱང་བཤད་དཀའ་ཚོད་འདུག
སྐབས་འདིར་ངས་སྔར་ཞིང་གཤེགས་མཁས་དབང་ཨ་ལགས་ཙ་ཡུས་བསྟན་འཛིན་དཔལ་འབར་མཆོག་གི་ཞལ་ནས་དངོས་སུ་ཐོས་པའི་སྒྲུང་ཞིག་དྲན་པ་སོས་བྱུང་། ཨ་ལགས་ཙ་ཡུས་ཚང་བདེ་སྲུང་བཀའ་བློན་གནང་སྐབས། ཨ་མདོ་བ་ཁག་ཅིག་གཅིག་རྗེས་གཉིས་མཐུད་ཀྱིས་ཁོང་གི་མདུན་ལ་ཡོང་ནས་གཅིག་གིས་གཅིག་ལ་སོ་བ་ཡིན་ཚུལ་མྱུལ་མ་མང་ཚུལ་སོགས་ཀྱི་རྒྱབ་བཤད་བྱས་པ་མང་དྲགས་པས། མཇུག་མཐར་ཁོང་སྐབས་དེའི་བདེ་སྲུང་དྲུང་ཆེ་དང་ཟུང་དྲུང་ལའང་ཁ་སྐྱེངས་དགོས་ཆགས་སོང་ཞེས་གསུངས་བྱུང་། དེ་ལས་ཀྱང་ཆེས་མ་རབས་ཐ་ཤལ་གྱི་དོན་དག་ཅིག་བྱུང་བ་ནི་ཉིན་ཞིག་ཁོང་གིས་ནམ་རྒྱུན་ལྟར་གཞུང་ལས་ཁང་དུ་ཕྱག་ལས་གནང་བཞིན་པའི་སྐབས་ཤིག་ལ་ཡིག་སྐྱེལ་བས་བལ་ཡུལ་ནས་སྐུ་སྒེར་ཡིག་ཚང་ལ་བཏང་བའི་ཡི་གེ་ཞིག་སྤྲད་འདུག ཡི་གེ་དེའི་ནང་ཨ་ལགས་ཙ་ཡུས་ཚང་རྒྱ་མིའི་སོ་བ་ཡིན་ཚུལ་བྲིས་ཡོད་པར་མ་ཟད། བདེ་སྲུང་བཀའ་བློན་དུ་འོས་འཚམས་མིན་ཚུལ་སོགས་བཀོད་ཡོད་འདུག
ཡི་གེ་དེའི་འབྱུང་ཁུངས་སུ་ཞིག་ཡིན་མིན་ཐད་ཨ་ལགས་ཙ་ཡུས་ཚང་གིས་ཞིབ་འཇུག་གནང་བཞིན་པར་མ་ཟད། ཁོང་ན་བཞིན་པའི་ཉིན་ཞིག་ཀླུ་མཁར་བྱམས་དང་ངེད་གཉིས་ཁོང་གི་སྐུ་མདུན་དུ་བཅར་སྐབས། ཁོང་གིས་ང་ལ༼གནམ་ལོ་ཡག ཁྱོས་བལྟས་ན་ཡི་གེ་དེ་སུས་བྲིས་པ་ཡིན་རྒྱུ་རེད་འདོད་ཀི༽ཞེས་དྲིས་སོང་། སྐབས་དེར་དྲི་བ་གློ་བུར་བ་ཡིན་པས་ཕྲན་ནས་ལན་རྒྱག་ཐུབ་མ་སོང་མོད། ངས་དེང་ཕྱིན་དོ་སྣང་བྱེད་ཆོག་ཅེས་ཁས་ལེན་བྱས་པ་ཡིན། གང་ལྟར་ཞུ་ཡིག་ཟེར་བ་འདི་ཡོང་སྟངས་ལ་བལྟས་ན། ཨ་ལགས་ཙ་ཡུས་ཚང་ལ་སྐྱོན་འཛུགས་ཀྱི་ཡིག་འཁྱམས་དེའང་འདི་ལྟར་ལུང་ཚན་སྲིད་དོན་པ་ཁག་ཅིག་གིས་ལྐོག་གཡོ་ལས་གྲུབ་པ་ཞིག་ཡིན་པ་ས་རིས་ཐང་གསལ་ཆགས་ཡོད། དེ་བས། མདོ་སྨད་ས་དབུས་གཉིས་ཀྱི་རྒྱུན་ལས་ལྷན་རྒྱས་དོན་རྐྱེན་འདིའང་བརྩད་གཅོད་བྱེད་པའི་འོས་འགན་མེད་ཅེས་སུས་སྨྲ་ཐུབ་བམ།
༤ མཚན་འཛིན་སློབ་གཙོ་པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་མཚན་མཆོག་གི་སྐོར།
ཉིན་འདི་དག་རིང་། ཕྲན་ནས་བལ་ཡུལ་དུ་སྡོད་པའི་ཕྱི་རྒྱལ་གསར་འགོད་པ་ཞིག་བརྒྱུད་ནས་བལ་གཞུང་ནང་སྲིད་ལས་ཁུངས་ལ་འབྲེལ་གཏུགས་བྱས་པར་མ་ཟད། པཎ་ཆེན་རིན་པོ་ཆེ་བལ་ཡུལ་དུ་ཆིབས་བསྒྱུར་གནང་སྐབས་ཀྱི་གསར་འགྱུར་ཁག་ལ་རྒྱུས་ལོན་རོབ་ཙམ་བྱེད་ཐུབ་སོང་། དེ་བས་སྐབས་དེའི་འབྲེལ་ཡོད་མི་སྣས་གསུང་སྟངས་དང་ལྡོག་ཟླ་ཆགས་ཡོད་པ་དང་། བལ་ཡུལ་བཙན་བྱོལ་སྤྱི་ཚོགས་ཁྲོད་དུའང་ཡོངས་གྲངས་རང་བཞིན་གྱི་དོན་རྐྱེན་ཞིག་རེད། འོན་ཀྱང་། ངས་འཚོལ་བྱ་ངོ་མ་དེ་པཎ་ཆེན་རིན་པོ་ཆེ་སྐུ་གྲོངས་རྐྱེན་ཡིན་སྟབས། ཐུགས་ཕམ་བཟོས་རིགས་ལ་དོ་སྣང་ཆེར་བྱ་རིན་མེད་པའམ། བྱ་འདུན་བྱུང་མ་སོང་། ཡང་ཅིག་བཤད་ན། པཎ་ཆེན་རིན་པོ་ཆེ་རྒྱ་ནག་གུང་ཁྲན་ཏང་གི་མནར་གཅོད་འོག་སྐུ་ཚེ་བསྐྱལ་མཁན་ཞིག་ཆགས་ཡོད་སྟབས། སྐབས་དེར་མི་རེ་འགས་ངོ་རྒོལ་བྱས་པ་ཙམ་ལ་དོ་སྣང་ཆེར་བྱུང་མི་སྲིད་པའང་ཁོང་གི་གནང་སྟངས་ལས་ར་འཕྲོད་ཡོད།
མི་འགྱངས་པར་ཕྱི་ནང་མཉམ་རུབ་ཀྱིས་པཎ་ཆེན་རིན་པོ་ཆེ་གྲོངས་རྐྱེན་ཞིབ་འཇུག་གནང་འབྲས་ཁྱབ་བསྒྲགས་བྱེད་སྲིད་པར་མ་ཟད། སྐབས་དེར་འབྲེལ་ཡོད་རྒྱ་ནག་དཔོན་རིགས་སྐོར་ཞིག་རྒྱལ་སྤྱིའི་ཉེས་པའི་ཁྲིམས་ཁང་ལ་ཞུ་གཏུགས་ཀྱང་བྱེད་སྲིད་པ་དང་། སྐབས་དེར་ས་ཡིག་བསྡུ་རུབ་བྱེད་རྒྱུའི་མཚོན་པའི་བོད་མི་བྱིངས་ལ་ས་ཡིག་རྒྱག་པར་སྒོའང་དབྱེ་རྩིས་ཡིན་ལ། སྒོས་སུ་གནད་ཡོད་མི་སྣ་ལྷན་རྒྱས་འབུར་ཐོན་རང་བཞིན་གྱི་གྲས་སུ་གདན་འདྲེན་ཞུ་ངེས་པས། སྐབས་དེར་མཉམ་རུབ་ག་ཚད་ཅིག་ཡོང་མིན་གྱིས་བོད་མི་དམངས་ལ་བློ་སྒོ་གསར་བ་ཞིག་དང་། བོད་ཀྱི་གནད་དོན་སྐས་རྐང་གསར་བ་ཞིག་ལ་འཕར་བསྐྱོད་བྱེད་མི་སྲིད་པའང་མིན་སྙམ།
༥ འཐབ་གྲོགས་ཀླུ་མཁར་བྱམས་ལས་འཕྲོས་པའི་བསམ་ཚུལ་འགའ།
ཀླུ་མཁར་བྱམས་གླེང་སྐབས། ཡིག་ནོར་འབྲི་བ་དང་བཀྲ་མི་ཤིས་པ་རྐྱང་བྱེད་པ་གཉིས་གཞིར་བཟུང་ནས་མེད་པ་གཏོང་གི་ཡིན་ལབ་ན་ཐལ་ཆེ་དྲག་པ་རེད་ལ། གངས་ཅན་སྐྱིད་གཤོངས་ཀྱི་སྒོ་བྱང་ཁག་ནས་རྩིས་པའི་བཙན་བྱོལ་ཁྲོད་ཀྱི་ཡིག་ནོར་ལ་གྲངས་ཀ་མེད་པར་མ་ཟད། རྒྱལ་བ་རིན་པོ་ཆེ་ལ་བོད་མིའི་མིང་ཐོག་ནས་གསེར་གྱི་རྟགས་མ་ཟེར་བ་ཕུལ་ནས་བཟང་སྤྱོད་ཀྱི་ལམ་ནས་དགོངས་པ་ཞུ་འོས་པའི་བརྡ་བརྒྱབ་ཟིན་པ་དག་བཀྲ་ཤིས་པ་ཞིག་ཏུ་བརྩི་མཁན་ཡོད་མེད་བོད་ཕྱི་ནང་གཉིས་སུ་རླུང་ལྟར་གྲགས་བཞིན་པས་ར་འཕྲོད་ཐུབ་ཡོད། དེ་དག་ལ་ཅིའི་ཕྱིར་དོ་སྣང་བྱེད་མཁན་བྱུང་མ་སོང་བ་ཡིན་ནམ།
ཀླུ་མཁར་བྱམས་ནི་མི་ལོ་བཅུ་བདུན་གྱི་བཙོན་ཆད་ཁུར་ནས་སྐྱབས་བཅོལ་དུ་འབྱོར་མཁན་ཐོག་མ་དང་། མངོན་ལྐོག་མེད་པར་རང་ཉིད་ཀྱི་མཐོང་སྣང་བཤད་ཕོད་མཁན་ཞིག་དང་། ཐ་ན་སྲིད་དོན་བཙོན་མ་ཕྱི་ལ་གཏོང་བའི་རྒྱན་ཡང་བོད་དོན་སླད་བློས་གཏོང་ཕོད་མཁན་ཞིག་ཡིན་པ་བོད་ཀྱི་སྲིད་དོན་བཙོན་ཟུར་ལྷན་རྒྱས་ནས་མ་གཏོགས་མཐོང་མཁན་མེད་དོན་གང་ལ་ཐུག་ཡོད་དམ།
ཐ་ན་མི་ཁ་ཤས་ཀྱིས་ཀླུ་མཁར་བྱམས་ཀྱིས་སྔར་བདེ་སྲུང་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས་ནས་སྲིད་དོན་བཙོན་མའི་འཚོ་གཟིགས་སྐྱོབ་དངུལ་བླངས་པ་དེའང་སྐྱོན་དུ་བགྲངས་ཀྱི་འདུག་མོད། དོན་ལ་ཀླུ་མཁར་བྱམས་ཀྱིས་མཚོན་པའི་སྲིད་དོན་བཙོན་ཟུར་དག་མེད་ན་འཚོ་གཟིགས་སྐྱོབ་དངུལ་དེ་དག་བཙན་བྱོལ་བོད་གཞུང་ལ་འཛམ་གླིང་མི་དམངས་ཀྱིས་ཞལ་འདེབས་རྒྱག་སྲིད་དམ། རྒྱའི་གཏམ་དཔེར། ཆུ་འཐུང་དུས་དོང་བརྐོ་མཁན་བརྗེད་མི་རུང་ཞེས་པ་འདིར་ལྷན་རྒྱས་ནས་གོ་བ་མ་ནོར་བ་ཞིག་ལེན་དགོས་པའང་དོན་དག་རང་ངོས་ནས་ཐག་བཅད་ཡོད་པ་ཞིག་ཡིན།
དྲང་པོར་ཞུས་ན། ཀླུ་མཁར་བྱམས་ནི་ཟམ་གདོང་བཀའ་ཤག་གིས་སྤྱི་ཚོགས་ཀྱི་སྡིངས་ཆར་དེད་པ་ཞིག་ཡིན་པར་མ་ཟད། ཕྱི་ནང་གཉིས་སུ་དོ་སྣང་བྱེད་གཞིར་བསྐྲུན་པ་ཞིག་ཀྱང་ཡིན་པས། སྨྲ་སྤོབས་པ་དང་དོགས་སློང་བྱེད་རྐྱེན་པའང་དེ་ལུགས་ལ་འབྲེལ་བ་ངེས་ཅན་ཞིག་ཆགས་ཡོད་པའི་ཁར། ཀླུ་མཁར་བྱམས་ཀྱི་བྱེད་སྟངས་ཆ་ཚང་སྨྲ་བརྗོད་རང་དབང་གི་ཁྱབ་ཁོངས་ལས་བརྒལ་གྱི་མེད་ལ། དོགས་སློང་བྱེད་ཆོག་པ་ནི་སྟོན་པ་ཤཀྱཱ་ཐུབ་པའི་དགོངས་གཞིའང་ཡིན་སྟབས། གལ་སྲིད་ནང་པའི་སྤྱི་ཚོགས་ཤིག་ཡིན་ན། ཆོས་སྲིད་གཉིས་ཀྱི་ཆ་ནས་རང་དབང་དེར་བསྙོན་འབྱིན་བྱེད་ཐབས་མེད་པ་ཞིག་ཀྱང་ཆགས་ཡོད།
མཐའ་དོན་ཚིག་གསུམ།
ཞུ་ཡིག་ཟེར་བ་བཀླགས་ནས་མཚམས་འདིར་སླེབས་སྐབས། ཕྱི་ནང་མདོ་སྨད་རྒྱ་ཆེ་མི་དམངས་ལ་འབོད་བསྐུལ་གཅིག་ཞུ་འདུན་བྱུང་སོང་། སྐབས་འཚོལ་བ་དང་དྲང་ཚུགས་པའི་དབྱེ་བ་མ་ནོར་བ་གནང་བ་བརྒྱུད་ནས་དྲང་བདེན་གྱི་བློ་མིག་ལྡན་ཞིང་། ཤ་ཚ་བའི་ཚིག་སྨྲ་སྤོབས་པའི་གསར་སྐྱེས་ཤེས་ཡོན་པའི་སྡེ་ལ་རྒྱབ་བསྐྱོར་མ་ཆུང་བ་གནང་རོགས། དེ་མཚུངས་སུ་ཕྱི་ནང་ཤེས་ལྡན་པའི་སྡེ་ནས་བཀླགས་བྱང་འདིར་དགག་སྒྲུབ་མི་ཉུང་བ་གནང་བར་རེ་བས་ཀྱང་བལྟམས་ཡོད།
ཕྱི་ལོ ༢༠༡༠ལོའི་ཟླ ༡༢ ཚེས ༢༥ཉིན་རྒྱ་མཚོ་ཆེན་པོའི་གླིང་ནས་སྦྱར་བ་དགེའོ།
ད་མི་ཁ་ཤས་ཀྱིས་དཀའ་གི་འདུག་ག
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལས།
དོན་ཚན་བཅུ་གཉིས་པ། གཞི་རྩའི་རང་དབང་དང། ཐོབ་ཐང་གཞན་ཁག
བོད་མིའི་འཕྲལ་ཕུགས་ཀྱི་རྩ་དོན་དང་། མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་ཁྲིམས་ལུགས་གང་རུང་འོག་བཀག་འདོམས་བྱ་དགོས་དང་། གཞུང་ཞབས་ལས་རྒྱུན་རིང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཀྱིས་བཀག་པ་ཕུད། བོད་ཀྱི་ཡུལ་མི་ཚང་མར་གཤམ་གསལ་རང་དང་། ཐོབ་ཐང་ཁག་ཡོད།
༢ གཏམ་བརྗོད།
༤ གསར་ཤོག་དང་། དུས་བདེ། རྩོམ་ཡིག་རིགས་པར་འགྲེམས་དང་། ཁྱབ་སྤེལ།
ཞེས་གསལ་འདུག་པས་ཨ་མཆོད་ཀླུ་མཁར་བྱམས་ལ་རྩོམ་ཡིག་བྲིས་ཆོག་པའི་ཐོབ་ཐང་ཆ་ཚང་ཡོད་པར་བཅའ་ཁྲིམས་ཀྱི་འབྲི་དོན་ལས་གསལ་འདུག
ཡང་བསྐྱར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལས།
དོན་ཚན་བཅུ་བཞི་པ། གཞི་རྩའི་ཐོབ་ཐང་དང་། ལས་འགན་ལག་ལེན་དོན་འཁེལ།
གོང་འཁོད་དོན་ཚན་ཁག་ནང་གསལ་གྱི་ཐོབ་ཐང་དང་། ལས་འཁན་ཁག་ལ་གནོད་འགལ་བྱུང་ཚེ་དོན་ཚན་བཅུ་གཉིས་པ་ནང་གསལ་ཁྲིམས་ལུགས་ཀྱིས་བཀག་པ་ཕུད། དེ་མིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ཁྲིམས་ཞིབ་ཁང་འོག་མ་ཁག་ལ་སྐབས་བསྟུན་ཞུ་གཏུགས་ཆོག་པའི་ཐོབ་ཐང་ཡོད་ཅིང་། ཁྲིམས་ཞིབ་ཁང་དེ་དག་ལ་གོང་འཁོད་ཐོབ་ཐང་ཁག་སྲུང་སྐྱོབ་ཆེད་དགོས་ངེས་བཀོད་འདོམས་བྱ་རྒྱུའིདབང་ཡོད།
ཞེས་གསལ་འདུག་པས་རྡ་སའི་མདོ་སྨད་རྒྱུན་ལས་ཁང་གིས་ཨ་མཆོད་ཀླུ་མཁར་བྱམས་ཀྱི་རྩོམ་བྲིས་ཀྱི་རང་དབང་འཕྲོག་གི་ཡོད་པར་ཁྲིམས་ཞིབ་ཁང་གིས་བཀོད་འདོམས་བྱ་དགོས་ངེས་རེད་འདོད།
བོད་ཀྱི་ཡུལ་མི་ཚང་མར་གཤམ་གསལ་རང་དབང་དང་། ཐོབ་ཐང་ཁག་ཡོད།་ཞེས་བཅོས་རོགས་ཞུ་རྒྱུ་ཡིན། རང་དབང་ཞེས་པའི་དབང་ཆད་འདུག་པས་དགོངས་འགལ་མེད་ཞུ།
ད་མདོ་སྨད་ས་རྒྱུན་གྱི་ལས་ཀ་དེ་འགྲིག་མེད་པ་ཧ་ལམ་མང་གཙོའི་ཐོག་ནས་ཧ་གོ་བ་ཞིག་བྱས་སོང་ང་། མདོ་སྨད་སྤྱིའི་མིང་ཁ་ལ་ཁྱེར་ནས་མི་སྒེར་ལ་ཐུབ་ཚོད་བཏང་བས། ད་མདོ་སྨད་ས་རྒྱུན་གྱི་ལས་བྱེད་ཚོས་མདོ་སྨད་མི་མང་དང་། ཀླུ་མཁར་བྱམས་ལ་དགོངས་དག་ཞུས་ན་འགྲིག་ས་རེད། མ་མཐའ་ཡང་མི་ལ་བཟང་སྤྱོད་ཕྲན་བུ་ཞིག་ཡོད་ན་འགྲིག་གི་མོ།
ན་ནིང་བོད་ནང་གི་རྩོམ་པ་པོ་ཞོགས་ལྗང་གིས་༧གོང་ས་མཆོག་གི་རྐུབ་ལྡག་མཁན་ཚོ་ཟེར་བས་མི་མང་པོ་ཞིག་ཁོའི་སྒང་ལ་བརྒྱུགས་པ་རེད། གོ་ཐོས་ལ་ཀླུ་མཁར་བྱམས་ཀྱིས་༧གོང་ས་མཆོག་ལ་བླ་རྒན་ཁྱོད་རྒན་ཡོལ་བྱས་མདོག་མདོག་བཤད་པ་རེད་ཟེར། འདི་བདེན་པ་ཨེ་ཡིན་མི་ཤེས། ཡིན་ན་སྐད་ཆ་བཤད་སྟངས་འདི་དངོས་གནས་ཁམས་ཚ་བོ་འདུག བོད་མི་བརྒྱ་ཆ་གོ་དགུ་དང་གྲངས་ཆུང་གོ་དགུས་རྣ་བར་འགྲོ་ཁག་པོ་རེད། ༧གོང་ས་མཆོག་ངལ་གསོ་བྱེད་རན་ཡིན་པ་བོད་མི་ཕལ་ཆེ་བས་ཧ་གོ་གི་ཡོད་རེད་ལ། དེ་བསྟུན་གྱིས་༧གོང་ས་མཆོག་སྐུ་ཉིད་ཀྱིས་ཀྱང་ཐབས་ཤེས་རིམ་པ་གནང་བཞིན་པ་རེད། ཡིན་ནའང་ཀླུ་མཁར་བྱམས་ལྟ་བུས་ཁོང་གི་གདོང་ལ་མཛུབ་མོ་འཛུགས་དགོས་པའི་ཚབས་ཆེའི་གནས་སྟངས་དེ་འདྲར་ད་དུང་སླེབས་ཡོད་མ་རེད། མ་གཞི་ང་རང་ལྟ་བུ་ཡིན་ན་ཀླུ་མཁར་བྱམས་དང་འཇམ་དབྱངས་ནོར་བུ་སོགས་ལ་དགའ་བོ་ཡོད། ཁོང་ཚོའི་གྲངས་འདིའི་ཀུན་སློང་དང་སེམས་ཤུགས་ལ་བཤད་རྒྱུ་ཅང་མེད། ཡག་པོ་ཡོད་རེད། རེད་མོད་མི་འདིའི་གྲངས་ལ་སྐྱོན་ཡང་གང་མང་མང་ཡོད། སྐྱོན་ཆེ་ཤོས་དེ་འདིའི་གྲངས་ཀྱིས་གཏམ་གླེང་བྱེད་རྒྱུ་ལས་སོ་སོའི་སྐད་ཆ་ལ་འགན་འཁུར་རྒྱུའི་བསམ་བློ་མེད་པ་དེ་རེད། གཅིག་བྱས་ན་འདི་ནི་ཁོང་ཚོ་སྤྱི་ཚོགས་དཔྱད་བརྗོད་པ་ལས་ཆབ་སྲིད་པ་མིན་པའི་སྐྱོན་ཡིན་ནའང་ཐང་། ངས་མི་ཤེས།
ལེའུ་ཞོའུ་པུ་་ཡིས་རྒྱ་ནག་ནང་སྨྲ་བརྗོད་རང་དབང་མི་འདུག་ཅེས་ལན་མང་བཤད་པར་བརྟེན་ནས་བཙོན་དུ་ཚུད་པ་མིན་ནམ།
ལྷ་སྡེ་གནམ་ལོ་ཡག་ལགས། ཁྱེད་རང་ནས་པཎ་ཆེན་སྐུ་འཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་སྟངས་སྐོར་ཉམས་ཞིབ་གནང་བཞིན་པར་ཐུགས་རྗེ་ཆེ། པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་སྟངས་ཁ་གསལ་མེད་ཅིང་། རྒྱ་གཞུང་ནས་བསམ་ངན་ཞིག་བཅངས་ཡོད་པ་ནི་དངོས་ཡོད་ཡིན། སྐབས་དེར་སྐུ་གདུང་ནག་པོ་ཆགས་ཡོད་པ་གནད་ཡོད་མི་སྣ་མང་པོས་མཇལ་ཡོད།
ཀུན་གཟིགས་མཆོག་བལ་ཡུལ་དུ་ཕེབས་སྐབས་རང་རིགས་ནས་དར་ཆ་ནག་པོ་འཕྱར་བ་དང་། ངོ་རྒོལ་བྱས་པ་ནི་དངོས་ཡོད་གནས་ཚུལ་སྦས་ཀྱང་སྦས་མི་ཐུབ་པ་ཞིག་ཀྱང་ཡིན། ཐབས་སྐྱོ་བ་ཞིག་ལ་ཁོང་སྐུ་འཚོ་བཞུགས་སྐབས་སུ་ཚོང་པ་རྒྱག་པ་ཞེས་མཚན་སྨྲས་ཞུས་པ་དང་། ཁོང་གིས་བོད་མི་ས་ཡ་དྲུག་གི་མཆེད་དུ་སྐུ་སྲོག་བློས་བཏང་ནས་མཛད་པ་རྒྱ་ཆེ་བསྐྱངས་པ་སོགས་སེམས་ལ་བསམ་སྐབས་བརྗོད་མི་ཤེས་པའི་འཚོ་བ་ཞིག་ཡོང་གི་འདུག །
ད་བྱས་དུས་ངས་མི་དེ་དག་ཅུང་ཤེས་ཐུབ་པ་འདྲ་སྟེ། ཁ་སྔོན་དྷ་སའི་མདོ་སྨད་ས་གནས་རྒྱུན་ལས་ཀྱི་མིང་ཐོག་ནས་སྤེལ་བའི་ཡི་གེ་དེའི་གཤམ་དུ་ཡང་དྲ་གྲོགས་ཤིག་གིས་མཆན་བུ་བཏབ་པར། ནོར་གླིང་དུ་མི་འགའ་རེ་བསྐོར་ཚོགས་བྱས་ཏེ་ཤ་བཟའ་ཆང་འཐུང་བྱེད་ཀྱིན་པ་དང་། སྐབས་དེར་མི་སྣ་གཙོ་ཕལ་རེ་འགའ་ཡང་འཛོམས་ཡོད་ཚུལ་བྲིས་འདུག་མོད། དེ་ལྟ་ཞིག་ཨེ་ཡིན་ནམ་སྙམ་ནས་དོགས་པས་ཅང་ཟེར་མ་ཕོད། ཉིན་འདི་དག་གི་རིང་ལ་དྷ་སའི་ཨ་མདོ་བ་ཚོའི་ཁ་ནས་དེའི་སྐོར་ཀྱི་སྐད་ཆ་རེ་ཨེ་གོ་ཉན་ནས་བསྡད་སྐབས། མང་མང་གིས་ཀྱང་ནོར་གླིང་ནས་ཅིག་ཅིག་མིག་མིག་དེ་འདྲ་བཤད་ཀྱིན་འདུག་ཁར། དེ་རིང་གྲོགས་ལྷ་སྡེ་གནམ་ལོ་ཡག་གིས་སྐད་ཆ་དག་གིས་དངོས་གནས་ཅུང་ཁ་གསལ་གྱིས་ར་འཕྲོད་པོ་བྱུང་སོང་། ད་དུང་ནོར་ནས་ན་ད་ལྟ་བུའི་མོད་སྨད་ས་གནས་རྒྱུན་ལས་ཚོར་སྐོང་ཚོགས་བྱེད་ས་ཞིག་ཡོད་པའང་གཞི་ནས་ཤེས་སོང་ཁར། ས་གནས་རྒྱུན་ལས་ཡང་མདོ་སྨད་མི་དམངས་ཀྱིས་བདམས་པ་མ་ཡིན་པའི་མི་སྣ་གཞན་དག་སྟེ། ནམ་ཡང་ལྐོག་ན་ཡིབ་འདུག་པ་རེའང་ཡོད་པའི་ཟུར་ཙམ་ཤེས་སོང་།
ད་ནི་དྲང་བདེན་གཙོ་བ་ལས་ངོ་ཤེས་གྲོགས་པོ་མི་གཙོ་བའི་དུས་ཚོད་ཅིག་རེད་པས། མདོ་སྨད་པའི་ཤེས་ཡོན་ཡོད་མེད་སུ་ཡང་བདེན་པའི་རྒྱལ་དུ་ལངས་དགོས་པས་དགོས་པ་རེད། དེ་བས་སྤྱིར་མདོ་སྨད་མི་དམངས་དང་དགོས་སུ་དྲང་བདེན་ལ་དགའ་མཁན། དྷ་སར་གཏན་སྡོད་བྱེད་མཁན་ཚོས་གནད་དོན་འདིའི་ཕྱོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་རྒྱལ་ལྗངས་དེ་ངེས་པར་དུ་ཤེས་དགོས་ལ། འདི་དང་འདི་ལྟ་བུས་གནད་དོན་དང་ཀློག་གཡོ་དག་གིས་མདོ་སྨད་མི་དམངས་ནས་བོད་རིགས་ཡོངས་དང་། ཐ་ན་༸གོང་ས་མཆོག་ཀྱང་བསླུ་བྲིད་བྱས་དང་བྱེད་བཞིན་ཡོད་དམ་སྙམ་པས་ཚོར་བ་ཤུགས་ཆེར་བྱུང་། དེ་བས་ང་ཚོས་ངེས་པར་དུ་ཐེངས་འདིའི་དྷ་ས་གནས་རྒྱུན་ལས་ཀྱི་མིང་ཐོག་ཕྱིར་བསྒྲགས་བྱས་པའི་རྙོག་གླེང་ཅན་གྱི་གནད་དོན་འདིའི་རྒྱབ་ཏུ་ཡིབ་བསྡད་པའི་སྐྱུགས་བྲོ་བའི་མི་དེ་དག་སུ་ཡིན་ཤེས་ཐུབ་པ་བྱ་དགོས་ཁར། ངེས་པར་དུ་དམར་འདོན་གྱིས་ཁོ་ཚོའི་གདོང་ཕགས་བཤུ་དགོས།
འདི་བསམ་ཚུལ་དང་པོ་ཡིན། ཞོགས་ཇ་འཐུང་ནས་ཕྱིར་ཡོང་ནས་ཡང་གཉིས་པ་སོགས་བྲི་བར་རྩོམ།
ད་ཡིན་ན་རྡ་ས་མདོ་སྨད་དབུས་རྒྱུན་ནས་དྲང་བདེན་གིས་ནད་དོན་འདི་ཐེག་གཅོད་ངེས་བར་དུ་བྱེད་དགོས་བ་རེད། གལ་ཏེ་འདི་ལྟར་ལྷག་ན་་སྐབས་འཚོ་བ་འདི་ཚོ་སྤོབ་པ་ཆེ་རུ་ཆེ་རུ་འགྲོ་ཉེན་ཆེ། ལྷག་་པར་དུ་མདོ་སྨད་ས་རྒྱུན་རྒྱུན་ལས་བ་འདི་དག་གིས་བྱེས་སྟེངས་ལ་བལྟས་ན་ངོ་ཚ་རེད་ཡ།
གལ་ཏེ་ལྐོག་ཏུ་གཡོལ་བའི་གཏེ་བོ་ཞིག་ཡོད་ན་དེ་ངེས་བར་དུ་མདོ་སྨད་མི་དམངས་ཡོངས་ཀྱིས་བསམ་བློ་ཞིག་བཏང་དགོས་ནི་རེད། འདི་ལྟར་བཞག་ན རྗེས་མ་འདི་དག་གིས་ཡང་བསྐྱར་ཡང་འདི་མོ་བྱེད་སྲིད་རེད། གནམ་ལོ་ཡག་གིས་བཤད་པ་འདིས་མི་མང་བོ་ཞིག་ལ་གསལ་བོ་ཞིག་ཆགས་ཡོང་ནི་རེད
༼ཕྱི་ལོ ༢༠༠༢ ཟླ ༤ ཚེས ༡ ཉིན་འཁོད་མདོ་སྨད་མི་མང་ཡོངས་རྫོགས་ཀྱི་གྲོས་ཆོད་ཅེས་པ་ཁྱོན་བསྡོམས་དོན་ཚན ༡༡ ཡོད་པ་དེའི་ནང་གི་དོན་ཚན ༤ པར། མདོ་སྨད་ཆོལ་ཁའི་སེར་སྐྱ་མི་དམངས་ཡོངས་རྫོགས་ནས་གྲོས་ཆོད་སྔ་རྗེས་བསྣོལ་ འཇོག་གནང་བའི་འབྲུ་དོན་ལྟར། ༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་དབང་དང་སྐུ་ཕྱྭ་མཛད་འཕྲིན་དགོངས་གཞི་དང་ བཅས་པར་འགལ་རྐྱེན་སྒྲུབ་པ་དང་། མཚན་སྨད་ཞུ་མཁན་ནམ་བྱུང་ལ་མདོ་སྨད་ཆོལ་ཁའི་དབུས་རྒྱུན་དང་ཕྱོགས་མཐའི་སེར་ སྐྱ་མི་དམངས་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་གྱིས་དུས་ཐོག་གདོང་ལེན་མཐར་ སྐྱེལ་བྱ་རྒྱུ།༽ཞེས་པའི་གྲོས་ཆོད་ཅིག་ཡོད་སྟངས་དང་། གྲོས་ཆོད་འདི་འདྲ་ཞིག་སྔར་མཐོང་མྱོང་ཡོད་མཁན་ཤིན་ཏུ་དཀོན་ཞེས་ལྷ་སྡེ་གནམ་ལོ་ཡག་ལྟ་བུ་རྡ་ས་ནས་ཡུན་རིང་བསྡད་མྱོང་མཁན། དེའི་ནང་ནས་ཀྱང་བོད་ཀྱི་རྩ་དོན་དང་བཅས་པར་དོ་སྣང་ལྡན་མཁན་ཞིག་གིས་ཀྱང་མཐོང་མྱོང་ཐོས་མྱོང་མེད་སྟངས་ལ་བལྟས་ན། མདོ་སྨད་དབུས་རྒྱུན་ཟེར་བ་དེ་ཚོས། ཚོགས་ཆེན་རེ་འཚོགས་དུས་སྐད་ཆ་རྫིག་པོ་རེ་བཤད། ཡི་ཆ་འདྲ་ཆགས་པོ་རེ་བཟོས་བསྡད་པ་ཞིག་ལས། གལ་ཆེན་དོན་ཆེན་ཡིན་ན། མང་ཚོགས་ཀྱི་རྣ་ལམ་ལ་གྲོས་ཆོད་ཀྱི་ནང་དོན་དེ་ཚོ་བསྐྱེལ་དགོས་པ་རེད། ཡིན་ནའང་། ལོ་བརྒྱད་སྔོན་གྱི་གྲོས་ཆོད་དེ་ད་ལྟའང་མདོ་སྨད་མང་ཚོགས་བྱིངས་ཕར་ཞོག རྡ་ས་ནས་རྒྱུན་རིང་བསྡད་མྱོང་བ་ཚོས་ཀྱང་ཤེས་རྟོགས་མེད་སྟངས་ལ་བལྟས་ན། ད་ལྟ་གཞི་ནས་དྲན་པ་སོས་སྟངས་དང་། འདས་ལོག་བྱེད་སྟངས་འདི་བཤད་མི་ཤེས་པ་ཞིག་རེད།
ལྷ་སྡེ་གནམ་ལོ་ཡག་གིས་ཞིབ་བརྩད་གནང་བ་དང་གངས་སྐྱིད་ཀྱི་གནད་ཡོད་ཚོས་བཤད་སྟངས་གཉིས་ལོགས་ཀ་ཆགས་སོང་། པཎ་ཆེན་སྣང་བ་མཐའ་ཡས་བལ་ཡུལ་དུ་ཕེབས་སྐབས་དེར། དར་ནག་འཕྱར་ནས་ངོ་རྒོལ་བྱས་པ་དེ་བདེན་པ་ཡིན་ཚུལ་ཞིག་གོ་བརྡ་སྤྲད་སོང་། ད་འདིའི་སྐོར་ནས་གསལ་པོ་དག་པོ་རེ་གསལ་བཤད་གནང་མཁན་ཡོད་ན་གནང་རན་རེད།
རྡ་ས་མདོ་སྨད་རྒྱུན་ལས་ཚོ་དངོས་གནས་ངོ་ཚ་དགོས་པ་རེད་ད། མི་སྒེར་གཅིག་གིས་སྡུག་པའི་སྐྱོན་ཆ་ཚང་བཏོན་འདུག་ག བཟང་བའི་ཆ་གཅིག་ཀྱང་བཏོན་མི་འདུག ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ལས་ཀ་བཟང་ངན་གཉིན་ཡོད་ཀྱི་རེད། བོད་དོན་དང་བོད་མི་ལ་ཤ་ཚ་ཡོད་མཁན་ལ་སྐྱོན་འཛུགས་བྱེད་མཁན་ཚོ་མདོ་སྨད་མི་དམངས་ཀྱིས་ངོ་ལྐོག་མེད་པ་དྲང་བདེན་ལམ་དུ་འགྲོ་དགོས། ཨ་ཚོགས་ཀླུ་མཁར་བྱམས་དང་མདོ་སྨད་མི་མང་ལ་དགོངས་དག་ཞུ་ན་ལེགས།
ཚང་མ་ལུགས་ཀྱིས་ཟིང་མ་སློངས། ཟིང་ཆ་ཆེ་རུ་མ་གཏོངས། སྤྱི་སྒེར་སུ་ལ་ཡང་ཕན་ཐོགས་མེད།
༧པན་ཆེན་རིན་པོ་བལ་ཡུལ་དུ་ཕེབས་སྐབས་ངོ་རྒོལ་བྱེད་མཁན་ཚོགས་པ་དང་སྒྲིག་འཛུགས་ཀྱི་ངོ་བོའི་སྟེང་ནས་གཞོན་ནུ་ཚོགས་པ་གཙོ་བོ་རེད་ཟེར། དེ་གཅིག་རེད། ཀླུ་མཁར་བྱམས་ཀྱི་སྐད་ཆ་བཤད་སྟངས་ལ་ཐལ་ཆ་ཡོད་པ་དངོས་གནས་རེད། འོན་ཀྱང་རྒྱ་གུང་ཁྲན་ཞེས་བའི་ཞྭ་འདི་མོ་འདྲ་གཡོག་རྒྱུ་ཁོངས་སྐྱེལ་དང་ར་སྤྲོད་མེད་གསལ་བོ་མེད་ན་མཇུག་འབྲས་ཚབས་ཆེན་འབྱུང་མི་སྲིད་པ་མ་རེད། ཀླུ་མཁར་བྱམས་ཀྱི་སྐད་ཆ་འདི་དག་ལ་ནག་ཉེས་ཡོད་ན་ལོ་ཤས་གོང་ནས་ཀླུ་མཁར་བྱམས་ལ་སྡིངས་ཆ་བསྐྲུན་ནས་འུར་ཟིངས་བཟོ་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་རེད། དེར་བསམ་འཆར་ཅི་ཞིག་ཡོད། ༢༠༠༢ལོར་མདོ་སྨད་ཚོགས་ཆེན་སྟེང་གྲོས་ཆོད་འདི་འདྲ་ཞིག་བཞག་པ་བདེན་པ་རེད། སྐབས་དེར་གཙོ་བོ་དོལ་རྒྱལ་རྗེས་འབྲིངས་བ་ཚོར་ཁ་གཏད་གཅོག་ཆེད་ཚ་ཚ་འུར་འུར་ཆགས་པ་རེད། འཚོགས་ཆེན་འདིའི་གྲོས་ཆོད་ཁག་སོ་སོས་དོ་སྣང་མ་བྱས་ན་མ་གཏོགས་སྐབས་དེར་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་བ་རེད། དྲ་གྲོགས་ཚང་མས་མཐའ་གཉིས་སུ་མ་ལྷུང་བར་དངོས་ཡོད་དང་དྲང་བདེན་ལ་རྒྱབ་བཅོལ་ནས་བསམ་ཚུལ་འདོན་རོགས།
ལྷ་སྡེའི་གནམ་ལོ་ཡག་ཁྱོད་བཙན་བྱོལ་བོད་མིའི་ཁྲོད་ཀྱི་ཤེས་ཡོན་པ་ཞིག་གི་གྲས་སུ་བགྲང་གི་ཡོད་པ་རེད།
དོན་དུ་ཁྱོད་བགྲང་ཆོག་རྒྱུ་རེད་མོད། དེ་རིང་གི་སྐུ་ཉིད་ཀྱི་རྩོམ་ཡིག་འདི་སྤེལ་བའི་དམིགས་ཡུལ་གཙོ་བོ་གང་བཟུང་ཡོད། ཀླུ་མཁར་བྱམས་མི་དཀར་བོ་ཞིག་ཡིན་པ་སྒྲུབ་ཀྱིན་ཡོད་དམ་ཁྱེད་ཀྱིས་པཎ་ཆེན་རིན་པོ་ཆེ་སྐུ་གྲོངས་སྐོར་ཞིབ་འཇུག་བྱེད་བཞིན་ཡོད་པ་སྟོན་གྱི་ཡོད།
ཡང་ན་རྩོམ་པ་པོ་སྐུ་ཉིད་མི་གཞུང་དྲངས་ཤིག་དང་རླབས་ཆེན་ཞིག་ཡིན་པ་བསྟན་ནས་ཀླུ་མཁར་བྱམས་མི་དཀར་བོ་ཞིག་ཡིན་པ་སྒྲུབ་ཀྱི་ཡོད། གང་ལྟར་རྩོམ་ཡིག་་་་་་་་་་་་་་་་་་་་་་་་
གསར་བུ་ཚོ། ད་རྡུང་རེས་རྒྱག་གི་མ་འདུག དྲིན་ཆེན་ཚོ། ངོ་ཚ་གི མཆན་སྒོ་གཅིག་རྒྱབ་བཞག་ན་ཡང་གཅིག་ཁ་ཕྱེས་ཡོང་གི་འདུག རྡུང་རེས་མ་གཏོགས་གང་ཡང་མི་འདུག འོ་ཡ་ད་ཁྱི་རང་འཐག་ཁ་ནས་མི་འགྲིག སྤྲང་བོ་ལམ་ནས་མི་འགྲིག ཟེར་ནོ་བདེན་གི་ཡ། ཀླུ་མཁར་བྱམས་སོགས་ཀྱིས་སྐྱོན་བརྗོད་བྱེད་ཀི་འདུག་ན་ཁོང་ཚོའི་ལག་ཏུ་ལས་ཀ་བཞག་ཞོག ལས་ཀ་བཞག་ནས་ལྟད་མོ་ལ་གཅིག་བལྟས་དང་དེ་ནས་མ་འཇོན་ན་འཇམ་འགྲོ་གི་རེད། དེ་མ་གཏོགས་གསར་བུ་སྣང་མཐོ་དེ་ཚོ་གཞན་གྱིས་ལས་ན་ལས་སླ་བོ་མཐོང་གི་ཡོད་པ་རེད། ཁ་ནང་ན་ཚིག་ཚོན་པོ་རྐྱང་རྐྱང་བཤད་བསྡད་ཡོད་མཁན་དེ་ཚོ་ལ་བཟོ་བལྟ་ཅང་མེད་ཡ། གླུ་ཞིག་ཡོད་ད་ཡག་པོ་ཞིག་དྲན་མ་སོང་།
ལུག་གཡང་དཀར་འཚོ་བའི་ལུག་བདག་ཚོ།།
ལུག་མཐའ་ནས་མ་བསྐྱུར་དཀྱིལ་ལ་ལོངས།།
གླུ་དེ་འདི་མོ་ཟིག་ཡིན་ཐ།
མདོ་སྨད་གྱི་ཤེས་ལྡན་པ་དང་དྲང་བདེན་གཙོ་བོ་འཛིན་འཁེན་ཚང་མས་གནད་དོན་འདིའི་ཕྱོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་ རྒྱལ་ལྗངས་དེ་ངེས་པར་དུ་མཁྱེན་དགོས་ཀྱིནའདུག།འདི་དང་འདི་ལྟ་བུས་གནད་དོན་དང་ཀློག་གཡོ་དག་གིས་མདོ་སྨད་མི་དམངས་ནས་བོད་ རིགས་ཡོངས་དང་། ཐ་ན་༸གོང་ས་མཆོག་ཀྱང་བསླུ་བྲིད་བྱས་དང་བྱེད་བཞིན་ཡོད་དམ་སྙམ་པས་ཚོར་བ་ཤུགས་ ཆེར་བྱུང་། དེ་བས་ང་ཚོས་ངེས་པར་དུ་ཐེངས་འདིའི་དྷ་སའི་ས་རྒྱུན་ཀྱི་མིང་ཐོག་ཕྱིར་ བསྒྲགས་བྱས་པའི་རྙོག་གླེང་ཅན་གྱི་གནད་དོན་འདིའི་རྒྱབ་ཏུ་ཡིབ་བསྡད་པའི་ སྐྱུགས་བྲོ་བའི་མི་དེ་དག་སུ་ཡིན་ཤེས་ཐུབ་པ་བྱ་དགོས་ཁར། ངེས་པར་དུ་དམར་འདོན་གྱིས་ཁོ་ཚོའི་གདོང་ཕགས་བཤུ་དགོས།གལ་ཏེ་ལྐོག་ཏུ་གཡོལ་ བའི་གཏེ་བོ་ཞིག་ཡོད་ན་དེ་ངེས་བར་དུ་མདོ་སྨད་མི་དམངས་ཡོངས་ཀྱིས་བསམ་བློ་ཞིག་ བཏང་དགོས་ནི་རེད། འདི་ལྟར་བཞག་ན རྗེས་མ་འདི་དག་གིས་ཡང་བསྐྱར་ཡང་འདི་མོ་བྱེད་སྲིད་རེད། གནམ་ལོ་ཡག་གིས་བཤད་པ་འདིས་མི་མང་བོ་ཞིག་ལ་གསལ་བོ་ཞིག་ཆགས་ཡོང་ནི་རེད།སྤྱིར་མདོ་སྨད་དབུས་རྒྱུན་དང་ས་རྒྱུན་གཉིས་ཀྱི་ལས་ཀ་འདིའི་རིགས་མ་རེད།རྡ་སའི་འཁྱམས་པོ་མང་ཆེ་བ་མདོ་སྨད་རེད་འདི་དག་ཁྱེད་ཚོའི་མཐོང་གི་མེད་དམ།འདི་རིགས་ལ་བདག་པོ་ཞིག་རྒྱོབ་དང།འདི་རིགས་ཁྱེད་ཚོ་ལས་འདོད་མེད་དམ།
ཨ་རོ་ཨ་པ་གནམ་ལོ་ཡག་ཟེ།
xxxxxxxxxxxxxxxxxxxxx
ཀླུ་མཁར་བྱམས་ཀྱང་ཕོ་ལོ་བཅོ་བརྒྱད་གོང་ལ་བུད་པའི་བུ་རེད། གངས་དཀར་སེམས་ན་རྟ་མེད་ན། ཕུ་རོང་ནང་ང་ཧྲ་འཛིན་ནེས།
ངས་བལྟས་ན་དེ་གནས་ཚུལ་ཚབས་ཆེན་ཅང་མ་རེད། མང་གཙོའི་སྤྱི་ཚོགས་ནང་ཁ་རྩོད་ཚིག་རྩོད་ནམ་རྒྱུན་ཡོང་བསྡད་པ་རེད། རྒྱ་མིས་བཤད་རྒྱུན་ལ་རྒྱག་རེས་མ་བྱས་ན་རྒྱུས་མི་ལོན་ཟེར་བ་མ་རེད་དམ།
ཡིན་ནའང་། ཉེན་ཁ་ཆེ་ཤོས་ནི། མེ་ཤིང་སྒང་ལ་སྣུམ་ལྡུག་མཁན་ཚོ་རེད།
གནས་ཚུལ་འདི་རིགས་བདེན་པ་ཡིན་མིན་མི་ཤེས་ཀི གང་ལྟར་ཀྱང་མདོ་སྨད་ས་རྒྱུན་ངོས་ནས་མདོ་སྨད་མི་དམངས་ཀྱི་མིང་བེད་སྤྱོད་ལོག་པར་བཏང་སྟེ་མི་སྒེར་བ་ཞིག་ལ་འདི་ལྟར་བྱེད་སྲོལ་མེད་ཀི ཡིན་ནའང་། བསམ་བློ་ཞིག་བཏང་ན་མདོ་སྨད་དབུས་རྒྱུན་ཚོས་འདི་ལྟར་བྱེད་མི་སྲིད་པ་ཞིག་ཀྱང་མ་རེད། འདི་ལྟར་ལྟ་དུས་ཁོང་ཚོའི་མི་བུའི་གཤིས་སྤྱོད་ལ་དྲང་ཚུགས་འདྲ་ཨེ་ཡོད་བསམ་ནས་སེམས་འཚབ་རེ་ཡོང་ཀི ད་དུང་། གོང་དུ་ན་སྤེན་པ་ཚེ་རིང་གིས་མར་བཀའ་བཏང་བ་ཞིག་ཀྱང་བཤད་ཀི་འདུག དེ་ལྟར་ཡིན་ན་ཁོང་ཡང་ཨ་ཁ་ཁ་་་་་་་། ཁྱུང་དཀར་ནས།
མདོ་སྨད་སྤྱི་འཐུས་འདེམ་རྒྱུའི་ཐད་ནས་ཡང་མི་ཁ་ཤས་ཀྱིས་རང་རང་གི་བསམ་དོན་འགྲུབ་ཆེད་མི་ལ་གླེང་ཕྱོགས་བཟོ་གི་འདུག་ག དངོས་གནས་ཐང་ཆད་དགོས་པ་ཞིག་ནི་ཕ་རིང་ར་བུ་རྒྱུད་ལ་ང་ཚོའི་རྒན་རབས་པ་གང་མང་ཞིག་གིས་རྐང་བའི་སྣེ་མོ་མ་གཏོགས་མི་མཐོང་བར་ནང་ཁུལ་གྱི་ཁོག་འཛིང་རྐྱང་རྐྱང་ལ་བསམ་བློ་བཏང་ནས་མི་ལོ་ལྔ་བཅུར་ས་མཐའ་ཉུལ་བའི་རྒྱུ་མཚན་ཡང་བརྗེད་བསྡད་ཡོད་ཁ ། ཨ་ཨ་ད་ཅི་ཞིག་བྱེད་རེས།
ལྷ་སྡེ་གནམ་ལོ་ཡག་གིས་མགོ་རྔ་ཆ་ཚང་བའི་རྩོམ་ཐུང་ཞིག་སྤེལ་བ་ལ་ཐུགས་རྗེ་ཆེ། གནས་ཚུལ་མང་པོ་ཞིག་ཀྱང་གསལ་བོ་ཆགས་ཀྱིན་འདུག
སྤྱིར་ཀླུ་མཁར་བྱམས་ཀྱིས་གང་བྱུང་གིས་གཏམ་ཡན་རེ་བྱུང་རྒྱལ་དུ་ཤོར་བའང་བདེན་པར་སྣང་། ཡིན་ནའང་འདི་ནི་སྤྱིར་བཏང་གི་གཏམ་བཤད་མཁན་ཚང་མར་ཕྲད་དང་འཕྲད་བཞིན་པའི་དོན་ཞིག་རེད། གང་བཤད་ཐམས་ཅད་ཉན་མཁན་ཚོའི་འདོད་བློ་དང་མཐུན་པ་ཞིག་སུ་ཞིག་གིས་ཀྱང་བཤད་མྱོང་མེད་ལ། བཤད་ནུས་པ་ཞིག་ཀྱང་མ་རེད། ཡིན་ནའང་དེ་ལ་ཆོལ་ཁ་དང་སྐྱིད་སྡུག་ཚོགས་པས་རུབ་རྡུང་བྱ་དགོས་པ་ཞིག་དང་། ད་དུང་ཆེས་ཆེས་དྲག་དྲག་གི་མི་སྣ་ཚོ་རྒྱབ་ཏུ་ཡིབ་ནས་དཔུང་སྒྲིག་དགོས་པ་ཞིག་ཀྱང་ག་ལ་ཡིན། ངན་པའི་ཆ་གཅིག་བུ་ལ་མ་བལྟས་པར་སྐབས་རེར་ང་ཚོས་ཁོའི་བཟང་བོའི་ཆ་ལའང་བསམ་བློ་གཏོང་དགོས་ཀྱི་རེད། ཁོས་མི་རིགས་ལ་བཅང་བའི་བརྩེ་སེམས། བཙོན་དུ་མྱང་པའི་སྡུག་སྦྱོང་། ཁོ་རང་གི་ནུས་ཚོད་ཀྱིས་རྒྱ་དམར་ལ་ཁ་གཏད་བཅག་པའི་རྩོམ་ཡིག་དང་གཏམ་བཤད་སོགས་ལའང་ང་ཚོས་བསམ་ཤེས་བྱེད་དགོས་ཀྱི་འདུག ཁོའི་སྐྱེས་སྟོབས་ཀྱི་ཤེས་རབ་རླབས་ཆེན་དེས་ཉེ་བའི་ལོ་འགའི་སྔོན་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་གདན་ཞུའི་མཁས་དབང་དུ་བོས་པ་དེར་ང་ཚོས་ཡིད་སྨོན་མེད་ན་ཕྲག་དོག་བྱ་དགོས་དོན་ཅི་ལ་ཡོད། ད་རེས་མདོ་སྨད་ས་གནས་རྒྱུན་ལས་ཚོགས་པས་དགོད་སྤྲོ་ལ་ངུ་ཡང་སྤྲོ་བའི་འདི་འདྲའི་ཅོལ་ཆུང་གི་ལས་གཞི་ཞིག་སྤེལ་བར་ཡ་མཚན་ཆེ། ད་དུང་ཉེན་བརྡ་བཏང་ཡོད་པ་དེས་ཅི་ཞིག་མཚོན་གྱི་ཡོད།
ཐེངས་འདིའི་རྩོད་རྙོག་འདི་ནི་མདོ་སྨད་ས་རྒྱུན་ལ་མཚོན་ན་ཉམས་མྱོང་ཞིག་དང་བསླབ་བྱ་ཞིག་རེད་ལ། ཀླུ་མཁར་བྱམས་ལ་མཚོན་ན་ཡང་ཉམས་མྱོང་ཞིག་དང་བསླབ་བྱ་ཞིག་རེད་འདོད། ད་ནི་མདོ་སྨད་ས་རྒྱུན་ཚོས་ཁ་བཏགས་ཁྱེར་ནས་ཀླུ་མཁར་བྱམས་ལ་དགོངས་དག་ཞུ་རུ་སོང་ན་ལེགས་ལ། ཀླུ་མཁར་བྱམས་ཀྱིས་ཀྱང་ཁ་གཏགས་ཤིག་ཁྱེར་ནས་གོང་ས་མཆོག་ལ་དགོངས་དག་ཞུ་རུ་སོང་ན་ལེགས། འདི་ལྟར་བྱས་ན་རྩོད་པ་ཆོས་ཕྱོགས་སུ་ཞི་ཟེར་བ་དེ་ཡོང་གི་རེད། དེ་མིན་གཅིག་རྒྱབ་གཅིག་ལངས་བྱས་ནས་བསྡད་ན་ཆུ་བཞི་སྒང་དྲུག་གི་ཚོགས་པ་ནང་བཞིན་མདོ་སྨད་ཚོགས་པ་གསར་རྙིང་གཉིས་སམ་མདོ་སྨད་ཀླད་པ་གསར་རྙིང་གི་ཚོགས་པ་གཉིས་མ་བྱུང་བར་དུ་ཐག་གིས་ཆོད་ཀི་མ་རེད་ལ། མདོ་སྨད་གསར་རྙིང་གཉིས་བྱུང་ན་ཡང་རྩོད་རྙོག་འདིའི་རིགས་མུ་མཐུད་དེ་ཡོང་གི་རེད།
མི་ནག་གདོང་ཐུང་ལགས། པཎ་ཆེན་སྣང་བ་མཐའ་ཡས་བལ་ཡུལ་དུ་ཕེབས་སྐབས་དར་ཆ་ནག་པོ་འཕྱར་ཡོད་མེད་འཕན་པོ་རྒྱལ་མཚན་ལ་བཀའ་འདྲི་གནང་ན་མཁྱེན་ངེས། ཁོ་བ་དེའི་དབང་གིས་ལས་འབྲལ་འཁོར་ནས་བལ་རྒྱལ་ནས་མུན་པའི་བཙོན་དུ་བཙུག་ཡོད། དེ་བཞིན་སྐུ་ངོ་དོན་གཅོད་བྲོས་ནས་ཕེབས་དགོས་ཐུག་ཡོད། ཀུན་གཟིགས་མཆོག་བལ་ཡུལ་དུ་མ་ཕེབས་སྔོན་དུ་གཞོན་ནུ་ཚོགས་པ་སོགས་དང་། སྐྱིད་སྡུག་ཚང་མ་འཛོམས་ནས་བགྲོ་གླེངས་བྱས་ཡོད། སྐབས་དེར་རྟ་ཆེན་ཞེས་པ་སོགས་ཁ་ཤས་ནས་ཀུན་གཟིགས་མཆོག་ལ་སློབ་སྦྱོང་མེད་རབས་དང་། ཐ་ན་བོད་པའང་་མི་རབས་ཚབ་ཆེ་བའི་་བསམ་འཆར་བཤད་ཡོད། རྙིང་མའི་བླ་ཆེན་ཞིག་ཐུགས་སྐྱོ་ནས་ཤུམས་དགོས་པ་བྱུང་ཡོད། ཀུན་གཟིགས་མཆོག་ཐུགས་དགྱེས་འཚོར་ཆེིན་པོས་སྐུ་པར་དང་མཇལ་གདུད་སོགས་སྒམ་མང་བསྣམས་ནས་ཕེབས་ཡོད་ཀྱང་དེ་ཕྱིས་སུ་བོད་དུ་མཉམ་དུ་བསྣམས་དགོས་པ་བྱུང་། ད་དེ་ཚོ་བསམ་ན་ངའི་སྙིང་གས་གྲབ་བྱེད་ཀྱི་འདུག དེ་ལྟར་ལབ་དགོས་པ་ནི་ང་ཀུན་གཟིགས་མཆོག་ལ་དད་པ་ཆེ་བའི་དབང་གིས་མིན་པར་ཀུན་གཟིགས་མཆོག་བོད་མི་རིགས་དང་། རིག་གཞུང་དུང་དྲག་པས་ཡིན།
ཨ རོགས་ལྷ་སྡེ་གནམ་ལོ་ཡག ངའི་འཐབ་གྲོགས་དགའ་བོ་ཉིད་ཀྱིས་ཐུགས་ཁྲལ་མ་གནང་། རྡ་སའི་མདོ་སྨད་ས་གནས་རྒྱུན་ལས་ཟེར་བ་ཚོའི་ལོག་བཤད་འདི་དག་བྱས་ངན་ངོ་སོ་འཁྱེར་མཁན་ཞིག་ཡིན་ཕྱིན། རྐྱེན་ངན་གྲོགས་ཤར་ཡིན་སྲིད་མོད། ངས་དེ་ལྟར་བསམ་མེད། ཁ་ཉིན་མདོ་སྨད་དབུས་རྒྱུན་ཚོས་ངར་ཁྱོད་ཀྱི་སྐོར་ས་གནས་ཁག་ནས་ཡི་གེ་འབྱོར་ཏེ་བསྡོད་བཅུག་མ་སོང་རབས་ཟེར། ངས་སྐབས་དེར་ཁོ་ཚོར་བརྗོད་རྒྱུ་བྱུང་། ང་ཚོས་ནང་འཁྲིག་བརྒྱབ་པ་ཡིན་ན། ནང་འཁྲིག་རྒྱག་མཁན་གྱི་ཕྱོགས་ཁག་གཉིས་བར་རྒྱལ་ཕམ་དབྱེ་བ་ཞིག་ཡོད་མོད། རྩ་བའི་ནང་འཁྲིག་བརྒྱབ་པ་ཙམ་ཀྱིས་ཕྱོགས་གཉིས་ཀྱི་ཕམ་ཁ་ཡིན་པ་གོ་བར་གྱིས་ཤིག་ཞེས་ཁོ་ཚོར་གསལ་བོ་བཤད་ཡོད། ཡིན་ནའང་ངའི་སྐད་ཆ་སྐད་ཆར་མ་སོང་ཙང་། ས་རྒྱུན་ཚོའི་གཏུགས་ཡིག་འདི་དྲ་ཐོག་ནས་ས་བསྒྲགས་གནམ་བསྒྲབས་བྱས་པ་མ་ཟད་སྐུ་སྒེར་ཡིག་ཚང་ལའང་ཕུལ་ཟིན་སྟབས། ངའི་ཤ་ཉེ་རིང་རྣམས་ཀྱིས་དཱ་༸རྒྱལ་བ་རིན་པོ་ཆེ་ཐུགས་དཀྲུགས་ཡོད་ས་རེད་ཟེར་ནས་སེམས་ཁྲལ་གནང་གི་འདུག་ན། ང་ལ་དེར་སེམས་ཁྲལ་ཅུང་ཞིག་འདུག་པ་མ་གཏོག གཞན་ཁྱི་འཕྲས་ཁྱི་མི་སོད་པའི་དཔེ་ལྟར་ཅི་གང་སྐྱོན་ནི་མ་རེད༌༌༌༌༌
ཀླུ་སྨྱོན་གྱིས་གསུངས་པ་བདེན།
མདོ་སྟོད་ལ་ཤོག་ཁག་གཉིས་སུ་གྱེས།
དབུས་གཙང་ལའང་མངའ་རིས་དང་དབུས་གཙང་ཞེས་གཉིས་སུ་གྱེས་ཉེན་ཆེ།
དེ་ནས་མདོ་སྨད་ལའང་གཉིས་སུ་གྱེས་ཉེན་ཆེའོ།
ཀུན་གཟིགས་པན་ཆེན་རིན་པོ་ཆེ་ཡི་སྐོར་ལའང་དེ་སྔར་སྐུ་འཚོ་ཞིག་བཞུགས་དུས་ཕྱི་ལོགས་སུ་ཁོང་གི་བྱེད་བྱས་གོ་རྒྱུ་རང་མེད།
ད་གཞི་ནས་མང་པོ་ཞིག་གོ་ཡོང་གི་འདུག
དེ་ནི་མི་རྣམས་ཀྱི་རང་བཞིན་རེད།་མི་དེ་ཉིད་ཡོད་དུས་དེ་ལ་བཀའ་དྲིན་དྲན་མཁན་ཤིན་ཏུ་དཀོན་མེད་པའི་ཉིན་ནས་བྱས་རབས་ལེགས་རབས་མང་པོ་ཞིག་བཤད་ཡོང་གི་འདུག
ལྷན་རྒྱས་དུས་ལྟར་ཕེབས་ནས་བགྲོ་གླེང་ཞིབ་མོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པར་མ་ཟད། དོན་དག་མང་བོ་ཞིག་ལ་གསལ་ཁ་བཏོད་འདུག་པར་ཡི་རངས་དང་གུས་བརྩི་ཡོད། མུ་མཐུད་དུ་བགྲོ་གླེང་གནང་རོགས།
ད་ཡིན་ན་གོ་རྒྱུ་མང་གི ཁ་བདེ་མགོ་བདེ་མང་གི སུས་བཤད་པ་བདེན་པ་ཡིན་ནམ། ངོ་མ་མགོ་ཐོམ་སོང་།
ཀླུ་མཁར་བྱམས་ཀྱི་བཤད་པ་ཡིན་མིན་གསལ་བོ་མི་ཤེས་མོད་་ཁོས་༸གོང་ས་མཆོག་ལ་བླ་རྒན་ཟེར་བ་ཙམ་མ་རེད། དེ་ཙམ་གྱིས་སྐྱོན་ཅི་ཡང་ལྷག་ནི་མ་རེད། ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་ཡིས་མ་འོངས་པར་བོད་དོན་ཐོག་ལས་ཀ་ལས་ན་མི་འགྲིགས་པ་དང་། རྒྱལ་དཔང་སྐུ་རྗེས་མ་བོད་དོན་དང་འབྲེལ་བ་མེད་ཚུལ། རྒྱ་ནག་གི་ལོག་སྤྱོད་སྲིད་ཇུས་རྒྱལ་གཅེས་ཆོས་གཅེས་ཟེར་བ་དང་། གོང་ས་མཆོག་གི་དོལ་རྒྱལ་བཀག་པ་གཉིས་ལོག་སྤྱོད་སྲིད་ཇུས་ཡིན་པ་གཅིག་པ་རེད་ཟེར་གྱི་འདུག་་་བཙན་བྱོལ་སྤྱི་ཚོགས་ནས་བོད་མི་མང་ལ་ཆོས་དད་རང་དབང་མི་འདུག་ཟེར་གྱི་། དེ་ལོག་སྤྱོད་ཀྱི་སྲིད་ཇུས་ཤིག་རེད་ཟེར་གྱི་འདུག་པས་དེ་ཚོ་ནི་ཀླུ་མཁར་བྱམས་ཀྱི་སྐྱོན་ཆ་རེད་འདོད་གི དེ་དག་ནི་མཚན་སྨོད་རེད་འདོད་གི་་རྒྱ་ནག་གིས་གོང་ས་མཆོག་ལ་མཚན་སྨོན་བྱེད་དུས་ཚིག་དེ་དག་བེད་སྤྱོད་བྱས་ཡོད་པ་རེད། ཞིང་བྲན་བདག་པོ་རེད། མི་མང་ལ་རང་དབང་མེད། ཆོས་ལུགས་རང་ངོ་མ་མེད་ས་དེ་བཙན་བྱོལ་སྤྱི་ཚོགས་རེད། དེ་བྱེད་མཁན་ཏཱ་ལས་རེད་ཟེར་ནས་རྒྱ་ནག་གི་བཤད་ཀི་ཡོད་ནི་རེད། ཀླུ་མཁར་བྱམས་ཀྱིས་ཅི་ཞིག་བཤད་གི་ཡོད་ནི་རེད། བོད་མི་རིགས་ཀྱི་བདེན་མཐའ་བཤད་ཀི་ཡོད་ནི་རེད་དམ་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨོད་བྱེད་ཀྱི་ཡོད་པ་རེད། རྒྱལ་བ་རིན་པོ་ཆེ་མེད་ན་བོད་མི་རིགས་འདི་ལ་མགོ་ཡོད་དམ། རྙོག་ཟིང་གི་སྤྱི་ཚོགས་འདིར་དཀའ་ངལ་ཅི་ཞིག་འཕྲད་ཀྱི་ཡོད་པ་རེད། ང་ཚོ་མང་གཙོ་རང་དབང་
དྲང་བདེན་ཡིན་ཟེར་གྱིན་་ང་ཚོས་རང་དབང་རྩོད་ཀྱི་ཡོད་པ་རེད། ད་ང་ཚོས་ང་ཚོར་རང་དབང་མེད་་དྲང་བདེན་མ་རེད་་མགོ་རྒྱལ་བ་རིན་པོ་ཆེ་དྲང་བདེན་མ་རེད་ཟེན་ན་
ང་ཚོའི་རང་དབང་དང་དྲང་བདེན་སུས་རྩོད་དགོས་པ་རེད། རྒྱ་ནག་གིས་གོང་ས་མཆོག་ལོག་སྤྱོད་པ་ཞིག་རེད་ཟེར་དུས་ང་ཚོའི་མི་ཚོས་གོང་ས་མཆོག་ལོག་སྤྱོད་པ་རེད་ཟེར་མཁན་ལ་རྒྱབ་སྐྱོར་བྱས་ན་འགྲིག་ཡོད་དམ་། ཁྱེད་ཚོས་དམིགས་ཡུལ་ག་རེ་ཡིན་པ་།
རྒྱ་གར་ཡོང་དགོས་དོན་ག་རེ་ཡིན་པ། རྒྱལ་བ་རིན་པོ་ལ་ཁ་གཏོང་གི་ཡོང་བ་ཡིན་ནམ
རྒྱ་ནག་ལ་རྩོད་པ་བྱེད་ཀི་ཡོང་བ་ཡིན། རང་མི་རིགས་ཀྱི་བདེན་དོན་གླེང་གི་ཡོང་བ་ཡིན
ཀླུ་མཁར་བྱམས་འདི་དཀྱིལ་འཁོར་ཐོག་སྐྱག་པ་གཏོང་མཁན་ཞིག་རེད། ཡིན་ནའང་ཁོ་མི་གཅིག་རེད། མི་གཅིག་གི་བྱེད་སྟངས་ཤིག་གིས་མདོ་སྨད་ཆོལ་ཁ་དང་བོད་གཞུང་གི་ནང་ན་རྙོག་དྲ་འདུག་་ཁོ་ཚོ་ནང་འཁྲིགས་བརྒྱག་གི་འདུག་ཟེར་ན་ཡག་པོ་མ་རེད།
མདོ་སྨད་ས་རྒྱུན་གྱི་མིང་སྤྱད་ནས་དྲ་ཐོག་ཏུ་མདོ་སྨད་ཀྱི་མིང་བརྶལག་པ་འདི་ཡག་པོ་མ་རེད། མི་ཚང་ཅིག་ལ་ཆ་བཞག་ནའང་བཟའ་འཁོན་བྱེད་སྲིད་པ་ཞིག་རེད།་དེ་ནང་ནས་འཁོན་གྱི་ཡོད་པ་རེད། ཕལ་ཆེ་བ་དེ་འདྲ་རེད།་སྒོ་ཕྱི་སོར་སོང་ནས་ཁྲོམ་ནས་རྒྱག་རེད་བྱེད་པ་ཁ་ཤས་རེད། ད་ང་ཚོ་ཁྲོམ་ལ་བསྟན་འདུག་་་འདི་སྟོན་མཁན་སུ་རེད།
མདོ་སྨད་ས་རྒྱུན་ལ་ཐོབ་ཐང་འདི་སུས་བྱིན་པ་རེད། མི་གཅིག་གི་དོན་ལ་མདོ་སྨད་ནག་པོ་བཟོ་དགོས་པ་ཅི་རེད། ནང་ཁུལ་དཀྲིགས་དཀྲིགས་གཏོང་མཁན་འདི་སུ་རེད་། ང་ཚོས་གཏེ་བོ་འདི་ཚོ་ངོ་མ་ཟིན་ན་རྗེས་མའང་འདི་འདྲ་མང་པོ་ཡོང་གི་རེད། ངས་བལྟས་ན་ང་ཚོས་ཤེས་དགོས་པ་འདི་རེད་འདོད་གི་
རྗེས་མ་ཐུག་ཆོག་་རྙོག་ཆེན་པོ་ཞིག་འདུག་ཟེར་ནས་འདིར་ཡོང་བ་ཡིན་རྗེས་འང་ཡོང་གི་ཡིན་
ཀླུ་མཁར་བྱམས་ནས༼ དེ་རིང་གི་ཏཱ་ལའི་བླ་མ་དང་། གནའ་བའི་ཕོ་བྲང་པོ་ཏཱ་ལ། ད་དུང་ཡུམ་བུ་བླ་སྒང་སོགས་ནི་ལོ་རྒྱུས་ཀྱི་སྐྱོ་གར་རམ། ཡང་ན་གཟི་བརྗིད་དུའང་དྲངས་ཆོག་པའི་དད་བརྟེན་ཙམ་ལས་སེངས་ཉིན་གྱི་རེ་བ་བརྒྱག་ སོ་མིན་སྟབས། བགྲོས་ཡོལ་གྱི་སྐད་ཆ་འདི་གསར་འགྱུར་ཙམ་ཞིག་ལས། བོད་ཀྱི་དོན་ཆེན་ཞིག་ལ་བརྩི་རིན་མི་འདུག ཡིན་ནའང་། ༸གོང་ས་མཆོག་བགྲོས་ཡོལ་ལ་ཕེབས་དགོས་ཕྱིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་པ་ འགྱུར་བ་གཏོང་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། བཅའ་ཁྲིམས་ནང་འཁོད་པའི་ཁོང་གི་སྐུ་དབང་ཆེན་པོ་བརྒྱད་དགུ་ཞིག་ཡོད་པ་དེ་རེ་ རེ་བཞིན་བཟོ་བཅོས་བརྒྱབས་ན་མ་གཏོགས། བླ་རྒན་ལ་བགྲོས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་པོ་རེད། འོན་དེ། འུ་ཚང་གི་སྤྱི་འཐུས་ཚོའི་མཚོན་པས་ལས་ཀྱི་སྣེ་མོ་བ་རྣམས་ལ་འདིར་ལག་པ་འཆིངས་ རྒྱུའི་བློ་ཁོག་འདུག་གམ། ངས་བལྟས་ན་ཕར་རིའི་སྤང་རྒྱན་རེད་དོ་་་་་་༽
༧གོང་ས་མཆོག་གིས་ཁོང་ཉིད་བགྲེས་ཡོད་ཆ་ཚང་ཕེབས་འདུན་ཡོད་པའི་རྒྱབ་ལྗོངས་སྐོར་གསལ་བཤད་གནང་དོན། ༢༠༠༡ ལོ་ནས་བཀའ་བློན་ཁྲི་པ་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པ་རེད། དེས་དངོས་གནས་ང་ཚོ་དམངས་གཙོའི་ཚད་དེ་གང་ཙམ་ཞིག་བསླེབས་པ་བསྟན་ཡོད། ངོས་རང་གིས་ནམ་རྒྱུན་༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་པའི་ལམ་ལུགས་དེ་ ༢༠༠༡ ལོ་ནས་རྫོགས་པ་རེད་ཅེས་ཤོད་ཀྱི་ཡོད། དེ་རྫོགས་རྒྱུ་དེ་དབང་ཡོད་ཀྱིས་རྫོགས་པ་ཞིག་མིན་པར་དང་བླངས་སྒོས་རྫོགས་པ་ཞིག་ཡིན། དུས་དེ་ནས་ང་ཡང་ཕྱེད་རྒན་ཡོལ་ཐོག་བསྡད་ཡོད། ད་ཆར་བཅའ་ཁྲིམས་ནང་གི་དམིགས་བསལ་གྱི་འགན་དབང་དེ་རིགས་བསྒྱུར་བཅོས་གཏོང་རྒྱུའི་མཚམས་ལ་བསླེབས་ཡོད། བར་སྐབས་ཤིག་ནས་ངོས་རང་རྒན་ཡོལ་ཆ་ཚང་ཐོག་བསམ་བློ་གཏོང་གི་ཡིན་ཞེས་ལབ་པ་ཡིན། སྐད་ཆ་དེ་བཤད་མ་ཐག་གདན་ས་ཁག་དང་གཞིས་ཆགས་ཁག ཚོགས་པ་སྐྱིད་སྡུག་ཁག སྤྱི་འཐུས། དེ་བཞིན་བོད་ནང་བཅས་ནས་སྙན་ཞུ་མང་པོ་ཞིག་འབྱོར་སོང་། དེ་ཡང་འགན་ལྕི་མོ་ཡིན་སྟབས། དེ་རིང་འདིར་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བ་ཡོད་སར་གསལ་བཤད་ཅིག་བྱས་ན་བསམ་སོང་། (བོད་ཀྱི་དུས་བབ༢༠༡༡/༠༡/༡༧ )
གོང་གི་མཆན་འདི༼ང་ ཚོ་རྡ་ས་མདོ་སྨད་ས་རྒྱུན་ནས་མདོ་སྨད་དབུས་རྒྱུན་ལ་ཞུ་ཡིག་འདི་འདྲ་ཞིག་འབྲི་ དགོས་དོན་གཙོ་བོ་ནི་ཀླུ་མཁར་བྱམས་ཀྱིས་ཉེ་སྔོན་ཟླ་༡༠པའི་ཚེས་༡༦ཉིན་བོད་ཀྱི་ དུས་བབ་དྲ་ཚིགས་ཀྱི་མཆན་བུའི་ནང་བཀོད་པའི་རྗོད་ཚིག་སོགས་ལ་ཐུག་ཡོད་པ་ལས་ཁྱེད་ཀྱིས་ལ་བཏུས་ལུང་བཏུས་བྱས་པའི་ཉ་ཉོག་མཉམ་བསྲེས་བྱས་པ་ཁག་ལ་ཐུག་མེད། ༽ ཅེས་པའི་ལན་ཡིན།
༼བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དགོས་མེད་ཀྱི་རྙོག་གླེང་རང་ཉིད་ལ་དབང་བའི་ས་ཆ་ལག་མཐིལ་ཙམ་ཡང་མེད་པ་ལ་དེ་ལ་ཞེན་པའི་དབང་ཆ་དང་ལྟ་བའི་འཐབ་རྩོད་ཚོགས་པ་བཅུ་གསུམ་དང་ཀློ་ཆུ་བཞི་སྒང་དྲུག་དང་ལྷ་དང་བླ་མའི་ཡང་སྲིད་དང༌། སྟོད་དང་མངའ་རིས་དབར་དང་ལྷ་ས་བ་དང་གཙང་པའི་དབར་བཅས་དང་འབྲེལ་བའི་སྙོག་གྲ། གཞན་ཡང་ཆོས་ལུགས་ཕན་ཚུན་དང་ཆོལ་ཁ་ཕན་ཚུན། གྲྭ་ས་ཕན་ཚུན་དང་གྲྭ་ཚང་ཕན་ཚུན། སྐབས་རེ་ཁམས་ཚན་དང་མི་ཚང་གཅིག་གི་ནང་དུ་ཡང་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་ལ་བརྟེན་པའི་དཀའ་རྙོག་མདོར་ན་ཡུལ་དུས་གནས་སྐབས་དང་མ་འཚམས་པའི་བསམ་བློ་ཆུང་ཆུང་དེ་འདྲ་ལ་མགོ་འཁོར་ནས་ང་ཚོས་རྩ་ཆེའི་དུས་ཚོད་དང་ནུས་པ་མང་པོ་ཞིག་ཆུད་ཟོས་སུ་བཏང་པའི་གནས་ཚུལ་ཡོང་གི་ཡོད། ལོ་འགའི་སྔོན་ཨ་རིའི་བོད་མིའི་སྤྱི་འཐུས་ཤིག་ནས་ད་ཡོད་སྤྱི་འཐུས་འདེམས་ཕྱོགས་ལ་དེང་རབས་ཅན་དུ་བཅོས་བསྒྱུར་དགོས་གལ་གྱི་བསམ་ཚུལ་བསྟན་པ་དེ་ལ་སྤྱི་འཐུས་ཁག་ཅིག་ནས་ལན་འདེབས་བྱས་པའི་ཡི་གེ་ཞིག་མཐོང་བའི་འགོ་བརྗོད་དུ་དབང་ཕྱུག་སྙིང་ལ་ཞུགས་པའི་དབང་ཕྱུག་རྒྱལ་པོ་ཞེས་བཀོད་འདུག་པ་དེ་ནི་ཆེས་རྗེས་ལུས་ཀྱི་བརྗོད་སྟངས་ཞིག་ལས་དེང་དུས་ཡར་ཐོན་སྤྱི་ཚོགས་ཀྱི་རྣམ་པ་རྩ་བ་ནས་མེད་པ་མཐོང༌།༽དགེ་འདུན་མཐར་ཕྱིན་གྱི་རྩོམ་ལས་དྲངས།
བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས།
འདོན་སྤེལ། ༢༠༡༡/༠༡/༡༩
དབུས་འོས་བསྡུ་ལྷན་ཁང་གིས་སྐབས་བཅུ་བཞི་བའི་བཀའ་ཁྲིའི་དངོས་གཞིའི་འོས་མི་གསུམ་དང་། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མིར་ཆོལ་ཁ་རེར་ཉི་ཤུ་རེ་དང་། ཆོས་བརྒྱུད་ཁག་དང་བྱང་ཨ་རི ཡུ་རོབ་བཅས་ཀྱི་དངོས་གཞིའི་འོས་མི་བཞི་རེ་བཅས་ཀྱི་མིང་གཞུང་གསལ་བསྒྲགས་གནང་ཡོད།
དེ་རིང་ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པར་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དབུས་འོས་བསྡུ་ལྷན་ཁང་གིས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་ཁག་གསལ་བསྒྲགས་བསྐྱངས་ཡོད། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་ ༣ དང་། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མིའི་ཁོངས་སུ་ཆོལ་ཁ་རེར་འོས་མི་ ༢༠ རེ་དང་། ཆོས་བརྒྱུད་རེར་འོས་མི་ ༤ རེ། དེ་བཞིན་བྱང་ཨ་རི་དང་ཡུ་རོབ་བཅས་སུའང་འོས་མི་ ༤ རེ་བཅས་བཀོད་འདུག
སྐབས་དེར་དབུས་འོས་བསྡུའི་ལས་འཕར་དགེ་བཤེས་རིག་འཛིན་ཆོས་གྲགས་ལགས་ཀྱིས། ཆོས་བརྒྱུད་ཁག་དང་བྱང་ཨ་རི། ཡུ་རོབ་བཅས་ཀྱི་འོས་མི་རྣམས་ཀྱི་མཚན་གཞུང་བསྒྲགས་པ་ལས་ས་སྐྱའི་འོས་མི་དག་ནི། ནོར་བུ་ཚེ་རིང་། ཆོས་གྲགས་རྒྱ་མཚོ། དགེ་བཤེས་ག་ཟེ་ཚེ་རིང་པོ། ཐུབ་བསྟན་རྒྱལ་མཚན་བཅས་དང་། དགེ་ལུགས་པའི་འོས་མི་དག་ནི། རོང་བོ་བློ་བཟང་སྙན་གྲགས། ཨ་ཀྲུག་ཚེ་བརྟན། དགེ་བཤེས་བློ་བཟང། འཁྲུངས་གསར་རིན་པོ་ཆེ་བསྟན་འཛིན་དཔལ་ལྡན། རྙིང་མའི་འོས་མི་དག་ནི། སློབ་དཔོན་བསོད་ནམས་བསྟན་འཕེལ། རྒྱ་རི་བུ་ཕྲུག སློབ་དཔོན་དྲི་མེད་རྒྱལ་མཚན། མཁན་པོ་ཆོས་དབྱིངས། བཀའ་བརྒྱུད་ཀྱི་འོས་མི་དག་ནི། བསྟན་པ་ཡར་འཕེལ། ཀ་རྨ་ཆོས་འཕེལ། ཁང་དཀར་དབང་ཕྱུག་རྡོ་རྗེ། བླ་མ་འཕྲིན་ལས། བོན་པོའི་འོས་མི་དག་ནི། དགེ་བཤེས་སྨོན་ལམ་མཐར་ཕྱིན། བ་ར་ཚེ་དབང་བཀྲིས། དགེ་བཤེས་རྣམ་དག་གཙུག་ཕུད། བློ་བཟང་རྒྱ་མཚོ་བཅས་ཡིན་ཞིང་། དེ་བཞིན་བྱང་ཨ་རིའི་འོས་མི་དག་ནི། བཀྲ་ཤིས་རྣམ་རྒྱལ། ནོར་བུ་ཚེ་རིང་། ཀུན་དགའ་འཕྲིན་ལས། བཀྲ་ཤིས་ཕུན་ཚོགས་བཅས་དང་། དང་བླངས་འོས་མི་གཅིག་ནི། བདེ་སྐྱིད་ཆོས་དབྱིངས་བཅས་རེད།
ཡུ་རོབ་ཁུལ་འོས་མི་དག་ནི། ཐུབ་བསྟན་དབང་ཆེན། དབང་པོ་བཀྲས་མཐོང་། ཆུང་བདག་ཀོ་རིན། བསམ་མདོ་བྱམས་པ་ཚེ་རིང་བཅས་དང་། དང་བླངས་འོས་མི་གཅིག་ནི་སྨོན་མཁན་བསོད་ནམས་ཕུན་ཚོགས་བཅས་རེད།
དེའི་རྗེས་དབུས་འོས་བསྡུ་ལས་འཕར་འགན་འཛིན་ལས་རོགས་གཡང་མཁོ་རྒྱལ་ལགས་ཀྱིས་ཆོལ་ཁ་གསུམ་གྱི་སྤྱི་འཐུས་དངོས་གཞིའི་འོས་མི་རྣམས་གསལ་བསྒྲགས་གནང་བ་ལས། དབུས་གཙང་གི་འོས་མི་དག་ནི། ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས། པདྨ་འབྱུང་གནས། སྒྲོལ་མ་ཚེ་རིང་། ཀརྨ་ཡེ་ཤེས། ཟླ་བ་ཚེ་རིང་། བུ་མོ་ཚེ་རིང་། ཟླ་བ་ཕུན་སྐྱིད། ཚེ་བརྟན་ནོར་བུ། འཇིགས་མེད་འབྱུང་གནས། ཨོ་རྒྱན་བསྟན་འཛིན། འཇམ་དབྱངས་རྡོ་རྗེ། ངག་དབང་ལྷ་མོ། སྒོ་དྲུག་སྐལ་བཟང་ཕུན་ཚོགས། དགེ་བཤེས་སྐལ་བཟང་དགྲ་འདུལ། ཤར་གླིང་བསྟན་འཛིན་ཟླ་སྒྲོན། ཚེ་རིང་སྒྲོལ་མ། འཆི་མེད་གཡུང་དྲུང་། བསོད་ནམས་བཟང་པོ། བྱ་ཉང་ཚེ་རིང་ལྷ་སྐྱབས། སྨན་རམས་པ་པདྨ་རྡོ་རྗེ་བཅས་དང་། དྭང་བླངས་འོས་གསུམ་ནི། ཕུན་རབ་ཆོས་བཟང་དང་ལུང་རིགས་བསོད་ནམས། དཀོན་མཆོག་ཚེ་རིང་བཅས་རེད།
མདོ་སྟོད་ཀྱི་འོས་མི་དག་ནི། འབའ་བ་སྐལ་བཟང་རྒྱལ་མཚན། འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། གསེར་རྟ་ཚུལ་ཁྲིམས། ཚུལ་ཁྲིམས་བསྟན་འཛིན། དགེ་བཤེས་གཡུང་དྲུང་རྒྱལ་མཚན། དབུ་དཀར་ཚང་གཡུ་སྒྲོན། གངས་ལྷ་མོ། ཆོས་སྐྱོང་དབང་ཕྱུག བློ་བཟང་ཡེ་ཤེས། རྡོ་རྗེ་དབང་འདུས། འཇམ་དབྱངས་བཟོད་པ། སྒ་པ་ལྷ་མོ། ཆོས་འཕེལ་ཐུབ་བསྟན། པདྨ་བདེ་ལེགས། དབྱངས་ཅན་སྒྲོལ་དཀར། གྲའུ་ཚེ་བརྟན། ཟླ་བ་སྒྲོལ་མ། ཀརྨ་མཁས་གྲུབ། གོ་བོ་བློ་བཟང་ཕན་བདེ། ངག་དབང་བསྟན་པ་བཅས་དང་། དྭང་བླངས་འོས་མི་གཅིག་ནི། བཀྲིས་ཕུན་ཚོགས་བཅས་རེད།
མདོ་སྨད་ཀྱི་འོས་མི་དག་ནི། སྤེན་པ་ཚེ་རིང་། རྒྱལ་རོང་ཟླ་བ་ཚེ་རིང་། ཐུབ་བསྟན་ལུང་རིགས། འཕེལ་རྒྱས་སྒྲོལ་མ་མཚོ་མོ། བསོད་ནམས་རྒྱལ་མཚན། ཀིརྟི་སྒྲོལ་དཀར་ལྷ་མོ། སྒྲོལ་དཀར་སྐྱབས། ཚེ་རིང་གཡུ་སྒྲོན། ཡེ་ཤེས་སྒྲོལ་མ། སྨན་པ་མཁྱེན་རབ། རྨོག་རུ་བསྟན་པ། རྒྱ་རིགས་ཐར། ཀུན་ཐར་དོན་འགྲུབ། བློ་བཟང་དཔལ་ལྡན། ཀརྨ་དགེ་ལེགས། ཆབ་བྲག་ལྷ་མོ་སྐྱབས། ཀླུ་མཁར་བྱམས། བཀྲ་ཤིས་དོན་འགྲུབ། ཚངས་དབྱངས་རྒྱ་མཚོ། ཚེ་རིང་རྡོ་རྗེས་བཅས་རེད།
མཐའ་མར་དབུས་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་ཐེངས་འདིའི་བཀའ་ཁྲིའི་དངོས་གཞིའི་འོས་མི་གསུམ་སྟེ། བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བཀྲ་ཤིས་དབང་འདུས་བཅས་ཀྱི་མཚན་གཞུང་གསལ་བསྒྲགས་དང་འབྲེལ། ཁོང་གིས་འོས་བསྡུའི་ལས་རིམ་དང་འབྲེལ་གནད་དོན་དོན་ཁག་ཅིག་གི་ཐད་གསུངས་དོན། ཐེངས་འདིར་དབུས་འོས་བསྡུ་ལྷན་ཁང་གིས་བཀའ་ཁྲིའི་དངོས་གཞིའི་འོས་མི་གསལ་བསྒྲགས་མ་བྱས་སྔོན་ལ། བཀའ་ཁྲིའི་འོས་མི་གསུམ་གྱིས་སོ་སོ་དངོས་གཞིའི་འོས་མིར་བཞེངས་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་བྱས་པ་དེ་ནི། འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད། གལ་སྲིད་དབུས་འོས་བསྡུ་ལས་ཁུངས་ནས་དངོས་གཞིའི་འོས་མི་གཉིས་ལས་མི་ཉུང་བའི་སྒྲིག་གཞི་གཞིར་བཟུང་མི་གཅིག་ཕྱིར་འཐེན་བྱེད་ཆོག་གི་རེད། ཡིན་ནའང་། འོས་བསྡུ་ལྷན་ཁང་གི་ངོས་ནས་ཁོང་ཚོ་ཐོག་མ་ནས་བཀའ་ཁྲིའི་འོས་མིར་བཞེངས་ཡོད་པ་དེ་གཞི་རྩར་བཟུང་སྟེ་ཁོང་གསུམ་དངོས་གཞིའི་འོས་མིར་བཞག་པ་ཡིན། ཞེས་གསུངས་བྱུང་།
ཡང་ཁོང་གིས་བལ་ཡུལ་དང་འབྲུག་ཡུལ་གྱི་འོས་བསྡུའི་དཀའ་རྙོག་སྐོར་ལ་གསུངས་དོན། ང་ཚོས་ངོས་ནས་ཐེངས་འདིའི་འོས་བསྡུ་དང་འབྲེལ་བའི་བལ་འབྲུག་གཉིས་ཀྱི་གནས་ཆུལ་དེ། རྒྱལ་ཁབ་གཉིས་ཀྱི་གཞུང་དང་མི་མང་གི་ངོས་ནས་རྒྱ་མིས་ང་ཚོར་སྡང་སེམས་བྱས་པ་བཞིན་དམིགས་བསལ་སྡང་སེམས་བྱས་པ་ཞིག་ལ་ང་ཚོའི་ངོས་ནས་ངོས་འཛིན་བྱེད་ཀྱི་མེད། བལ་ཡུལ་ལ་མཚོན་ན། དཔལ་འབྱོར་གྱི་གནས་སྟངས་དང་ཆགས་ཡུལ་སོགས་ཕྱོགས་མང་པའི་ཐད་ནས་དུས་རབས་འདིའི་ནང་གནས་པ་ལ་རྒྱ་མི་དང་རྒྱ་གར་གཉིས་ལ་བསྟེན་དགོས་སྟབས། སྔོན་འགྲོའི་འོས་བསྡུའི་སྐབས་གནས་ཚུལ་དེ་འདྲ་ཞིག་ལྷག་པ་རེད། ད་ལྟའི་ཆར་བལ་འབྲུག་གཉིས་ཀྱི་དངོས་གཞིའི་ཐད་ཀྱི་གནས་ཚུལ་འདི་ཡིན་ཞེས་གསལ་བསྒྲགས་བྱེད་དཀའ་ཡང་། ང་ཚོས་ངོས་ནས་སྔོན་འགྲོའི་འོས་བསྡུའི་སྐབས་སུ་ཐབས་ཤེས་འདྲ་མིན་བྱས་པ་ཡིན་ལ། དངོས་གཞིར་ཡང་ཐབས་ཤེས་བྱ་རྒྱུ་ཡིན། ད་ལྟའི་འོས་གཞིའི་སྒྲིག་གཞིའི་ནང་མི་གསལ་བའི་རིགས་ང་ཚོ་འོས་བསྡུ་ལས་ཁུངས་ཀྱིས་ལག་ལེན་བསྟར་དགོས་ཀྱིན་ཡོད་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀའ་འཁྲོལ་ཞུ་དགོས་པ་རེད། ང་ཚོས་འཆར་གཞི་མང་པོ་ཞིག་སྤྱི་འཐུས་ལྷན་ཚོགས་ལ་ཕུལ་ཡོད་པའི་ཁྲོད་ཀྱི་ཁག་ཅིག་ལ་བཀའ་ལན་ཕེབས་ཡོད་ཀྱང་། ཁག་ཅིག་ཕེབས་ཡོང་རྒྱུར་སྒུག་བསྡད་ཡོད། ད་ཆར་ང་ཚོར་བལ་འབྲུག་གཉིས་ལ་དམིགས་བསལ་འགྲོ་སྟངས་འདི་ཡིན་ཟེར་བ་ཞིག་བཤད་རྒྱུ་མེད། ཅེས་གསུངས་བྱུང་།
ཐེངས་འདིའི་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཁྲོད་དེབ་སྐྱེལ་ཟིན་པའི་མི་ ༧༩༤༤༩ དང་འོས་བསྡུའི་ཆ་ཤས་ལེན་མཁན་གྱི་མི་ ༤༧༩༩༨ བྱུང་ཡོད་ལ། དེ་ནི་སྐབས་སྔོན་མ་དང་བསྡུར་ན་མི་ ༦༦༧༨ ཙམ་ཇེ་མང་དུ་ཕྱིན་ཡོད་འདུག ཉེ་བའི་ཆར་གོ་སྐབས་གཉིས་པ་སྤྲད་རྗེས་བཞུགས་སྒར་ཁུལ་དུ་བོད་མི་ ༡༢༠༠ ལྷག་དེབ་སྐྱེལ་བྱས་ཡོད་འདུག་ལ། ཟླ་འདིའི་ཕྱིེ་ཚེས་ ༢༤ བར་ད་དུང་ཕྱོགས་མཐའ་ཁག་དང་ཁྱོན་བསྡོམས་མི་ ༥༠༠༠ ལྷག་གིས་དེབ་སྐྱེལ་ཡོང་བའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག
གསར་འགོད་པ། དོན་གོ