ལྷ་སྡེ་གནམ་ལོ་ཡག
མི་མང་བོ་ཞིག་གིས་ཁ་པར་བརྒྱུད་ནས་ང་རང་ལ་ཨ་ཚོགས་ཀླུ་མཁར་བྱམས་ལ་ཉེན་ཁ་འཕྲད་གྲབས་འདུག ཁྱོད་རང་གིས་ཉུང་མཐར་གྲ་སྒྲིག་བྱེད་དགོས་ས་རེད་ཅེས་བཤད་བྱུང་། དེ་ནས་ང་ལ་སེམས་ཁྲལ་བྱུང་བར་མ་ཟད། སྔར་ཡང་ལག་པ་འཆིང་ས་མེད་པའི་དོན་རྐྱེན་སྣ་ཚོགས་ཤིག་བྱུང་མྱོང་བས་ཡིན་ལ། ཁ་པར་ཁ་ཤས་བཏང་སྟེ་རྒྱུས་ལོན་བྱེད་དགོས་ཐུག་སོང་། དོན་ལ་ཁ་བརྡ་དྲ་ཚིགས་སྒང༼རྡ་ས་མདོ་སྨད་ས་རྒྱུན་ནས་དབུས་རྒྱུན་ལ་ཞུ་ཡིག༽ཟེར་བ་སྤེལ་ཟིན་པར་ཐུག་འདུག་ཅིང་། དོན་དག་གཉིས་གསལ་སྟོན་གནང་ཡོད་པ་ནི་ཀླུ་མཁར་བྱམས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ལ་བསྡད་མ་ཆོག་པ་དང་མདོ་སྨད་ཀྱི་སྤྱི་འཐུས་འོས་གཞིའི་ཁྲོད་ཡོང་མ་ཆོག་པ་གཉིས་ཡིན་པས། ཞུ་ཡིག་ཟེར་བ་ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་ཁ་ཤས་ལས་བསལ་འདེམས་ཀྱིས་ལྷུ་ལག་བསྒྲིགས་ཡོད་པ་ཞིག་ཡིན་པ་དང་། རྩོམ་ཡིག་དེ་དག་ཀྱང་ཕྱི་ལོ ༢༠༠༨ལོ་ནས་ད་ལོའི་ལོ་སྟོད་བར་སྤེལ་བ་ཤ་སྟག་རེད། ཕྲན་ནས་ཀླུ་མཁར་བྱམས་ཀྱིས་བྲིས་ཚད་དང་བཤད་ཚད་བདེན་པ་རེད་ཅེས་བཤད་ཀྱི་མེད་ཀྱང་ཞུ་ཡིག་ཟེར་བ་དེའང་བཀའ་སྤྱིའི་འོས་འདེམས་ཀྱི་དུས་ཚོད་ལ་འཁེལ་བ་མ་གཏོགས་གླེང་མཁན་ཡོད་མི་སྲིད་པའི་ཁོངས་སུ་འདུ་བས། ༼རྡ་ས་མདོ་སྨད་ས་རྒྱུན་ནས་དབུས་རྒྱུན་ལ་ཞུ་ཡིག༽ཅེས་ཆོལ་ཁ་ཞིག་གི་མིང་བེད་སྤྱོད་བཏང་ནས་མི་སྒེར་བ་ཞིག་ལ་རྒོལ་བ་རྩོམ་དགོས་དོན་འདུག་གམ་སྙམ་པའི་ཨ་ཐང་ཆད་པའི་ཚོར་བ་ཞིག་ཀྱང་སྐྱེས་སོང་།
ཡིན་ནའང་། ང་རང་ཨ་ཚོགས་ཀླུ་མཁར་བྱམས་ལ་གཏིང་རྒྱུས་ཡོད་པ་དང་། སྒོས་སུ་རང་ཉིད་མཚན་འཛིན་སློབ་གཙོ་པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་མཚན་མཆོག་གི་བླ་ན་མེད་པའི་གཟིགས་སྐྱོང་བརྒྱུད་ནས་སྤྱི་ཚོགས་སྒང་གོམ་ཁ་བསྒྱུར་བའི་གྲས་ཀྱི་གཅིག་ཡིན་པའི་ཁར། དེང་གི་བར་འབད་པ་ལྷོད་མེད་ཀྱིས་པཎ་ཆེན་རིན་པོ་ཆེ་གྲོངས་རྐྱེན་ཞིབ་འཇུག་བྱེད་མཁན་གྲས་ཀྱི་གཅིག་ཀྱང་ཡིན་པས། གྲོངས་རྐྱེན་བརྩད་གཅོད་མ་ཐུབ་པའི་ཡར་སྔོན་རིན་པོ་ཆེ་མཆོག་ལུང་ཚན་རིང་ལུགས་པའི་སྲིད་དོན་རྩེད་ཆས་སུ་བསྒྱུར་དུ་མི་འཇོག་རྒྱུ་ལས་འགན་རེད་ལ། དོགས་སློང་ཙམ་ལ་བརྟེན་ནས་འཐབ་གྲོགས་ཤིག་ལ་ཚོགས་པ་ཞིག་གིས་བསྐོར་རྡུང་བྱེད་དུ་མི་འཇོག་རྒྱུའི་མཚོན་པའི་བོད་ཕྱི་ནང་གཉིས་སུ་རེ་བ་རྒྱག་སའི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྒོ་དང་སྒེའུ་ཁུང་ལ་གཏོར་སྐྱོན་བཟོ་རུ་མི་འཇོག་རྒྱུའང་ཉུང་མཐའི་འོས་འགན་ཞིག་ཏུ་བསམ་སོང་། དེ་བས། ཕྲན་ནས་ཞུ་ཡིག་ཟེར་བ་འདི་ཀློག་པའི་མྱོང་བྱང་དག་ཁག་ལྔར་དབྱེ་ནས་ངོ་སྤྲོད་བྱེད་རྩིས་ཡིན།
༡ ཞུ་ཡིག་ཟེར་བའི་རྒྱབ་ལྗོངས་སྐོར།
ཕྲན་གྱིས་ནོར་གླིང་དུ་ཡོད་པའི་ཨ་མདོ་བ་ཞིག་ལ་ཁ་པར་བརྒྱུད་ནས་ཞུ་ཡིག་ཟེར་བ་འབྲི་མཁན་སུ་ཡིན་སྐོར་ལ་སྐད་ཆ་དྲིས་པ་ཡིན། ཁོང་གིས་ཁ་པར་ནང་སྒྲ་བླངས་ཟིན་པའི་རྡ་ས་མདོ་སྨད་ས་རྒྱུན་ཚོགས་གཙོ་རེབ་གོང་ཨ་ལོ་ལགས་ཀྱིས་ཞུ་ཡིག་ཟེར་བ་ལས་འཕྲོས་པའི་ཚོགས་འདུ་གཙོ་སྐྱོང་གནང་བའི་གསུང་བཤད་ལ་ཉན་དུ་བཅུག་སོང་།
ང་རང་ཧང་སངས་ཤིང་ཧོན་འཐོར་དགོས་པ་ཞིག་ལ་ཨ་ལོ་ལགས་ཀྱིས་ས་རྒྱུན་ཚོར་གསང་སྦས་མེད་པར་འདི་ནི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་མདོ་སྨད་གནད་ཡོད་མི་སྣ་བསྐོང་འཚོགས་རབ་དང་རིམ་པ་གནང་མཐར་ཐག་གཅོད་ཀྱིས་ང་རང་ཚོས་ལག་ལེན་བསྟར་དགོས་པ་ཆགས་ཡོད་ཚུལ་ནས་འགོ་བརྩམས་ཏེ་ཞུ་ཡིག་ཟེར་བའི་ནང་དོན་ཁག་སྒྲོག་སྦྱངས་བྱས་ཡོད་ཅིང་། ད་དུང་མཇུག་ནས་ཁ་གསལ་བོའི་ལམ་ནས་ཀླུ་མཁར་བྱམས་ཀྱིས་རང་བཙན་ལྟ་བ་འཁུར་བཞིན་པར་ང་ཚོས་ངོ་རྒོལ་རྒྱག་གི་མེད་ཅེས་རྟིང་གནོན་གྱི་ཚུལ་དུ་གསུངས་འདུག
དྲང་པོར་ཞུས་ན། ཨ་ལོ་ཁོང་ཚོའང་ཁག་ཡོད་པ་མ་རེད། གོང་ནས་བཀའ་ཕབ་རྗེས་ཞུ་ཡིག་ཟེར་བ་མི་འབྲི་རང་འབྲི་རེད་ལ། བྲིས་ནས་རྙོག་དྲ་ཆགས་རྗེས། ད་གཟོད་གོང་གི་མི་ཆེན་མཐའ་དག་འཇའ་ཡལ་བ་ནང་བཞིན་འགྱུར་འགྲོ་བ་ཁོང་ཚོའི་བསམ་བློའི་ནང་དུའང་འཁོར་ཡོང་གི་ཡོད་པའི་བཟོ་ལྟ་མི་འདུག
གང་ལྟར་སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱིས་འདས་པའི་ལོ་གཉིས་ལྷག་རིང་ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་ཁག་ལ་དོ་སྣང་སྤུ་ཙམ་ཡང་མ་སྤྲད་པར་བཀའ་སྤྱིའི་འོས་བསྡུ་སླེབས་ལ་ཉེ་སྐབས་མདོ་སྨད་གནད་ཡོད་མི་སྣ་བསྐོང་འཚོགས་ཐེངས་མང་གནང་དགོས་དོན་གང་ཡིན་མིན་དང་ཤིག་གསོད་སར་སྟ་རེ་ཞེས་པའི་དཔེ་བཞིན་ཨ་ཚོགས་ཀླུ་མཁར་བྱམས་སྒེར་བ་ཞིག་གི་སྒང་ལ་མདོ་སྨད་ཆོལ་ཁའི་མིང་བེད་སྤྱོད་ཀྱིས་རྒོལ་བ་རྩོམ་དགོས་མིན་ཐད་ཞིབ་འཇུག་མུ་མཐུད་དུ་བྱེད་མུས་སུ་ཡོད་ཅིང་། ཞུ་ཡིག་ཟེར་བ་ཡོང་སྟངས་ཀྱི་རྒྱབ་ལྗོངས་རོབ་ཙམ་ངོ་སྤྲོད་བྱས་ཟིན་པའི་ཁུལ་ཡིན།
༢ སྐུ་ཕྱཱ་དང་འབྲེལ་བའི་ལས་འགན་གྱི་སྐོར།
ཞུ་ཡིག་ཟེར་བའི་ནང་དྲངས་དོན། ༼ཕྱི་ལོ ༢༠༠༢ ཟླ ༤ ཚེས ༡ ཉིན་འཁོད་མདོ་སྨད་མི་མང་ཡོངས་རྫོགས་ཀྱི་གྲོས་ཆོད་ཅེས་པ་ཁྱོན་བསྡོམས་དོན་ཚན ༡༡ ཡོད་པ་དེའི་ནང་གི་དོན་ཚན ༤ པར། མདོ་སྨད་ཆོལ་ཁའི་སེར་སྐྱ་མི་དམངས་ཡོངས་རྫོགས་ནས་གྲོས་ཆོད་སྔ་རྗེས་བསྣོལ་འཇོག་གནང་བའི་འབྲུ་དོན་ལྟར། ༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་དབང་དང་སྐུ་ཕྱྭ་མཛད་འཕྲིན་དགོངས་གཞི་དང་བཅས་པར་འགལ་རྐྱེན་སྒྲུབ་པ་དང་། མཚན་སྨད་ཞུ་མཁན་ནམ་བྱུང་ལ་མདོ་སྨད་ཆོལ་ཁའི་དབུས་རྒྱུན་དང་ཕྱོགས་མཐའི་སེར་སྐྱ་མི་དམངས་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་གྱིས་དུས་ཐོག་གདོང་ལེན་མཐར་སྐྱེལ་བྱ་རྒྱུ།༽
གྲོས་ཆོད་འདི་འདྲ་ཞིག་སྔར་མཐོང་མྱོང་ཡོད་མཁན་ཤིན་ཏུ་དཀོན་ནའང་། འབྲུ་དོན་ཐད་ནས་བཤད་ན། རྒྱལ་བ་རིན་པོ་ཆེ་ལ་ཏཱ་ལའི་བླ་མ་དང་བླ་རྒན། ཡང་ན། ཨམ་ཕྲུག་སོགས་བོས་པ་ཙམ་གྱིས་མཚན་སྨད་ཡིན་མིན་ཡང་སྨྲ་ཐབས་བྲལ་བའི་ཁར། མདོ་སྨད་གནད་ཡོད་མི་སྣའི་ཁྲོད་དུའང་ཨམ་ཕྲུག་ལྷ་མོ་དོན་གྲུབ་ཅེས་འབོད་མཁན་བྱུང་ཡོད་ཚོད་འདུག་ཅིང་། མདོ་སྨད་དབུས་རྒྱུན་དང་ས་རྒྱུན་གཉིས་ལ་ལས་ཀ་ལྷག་མ་ཞིག་ཀྱང་བསྐྲུན་འདུག་པས། ཉམས་ཞིབ་མཐིལ་ཕྱིན་གནང་གལ་ཆེ་བའང་གསལ་བོ་མ་ཡིན་ནམ།
ཡང་ཅིག་བཤད་ན། དེང་སྐབས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་གི་མཁས་པའམ། ཚོགས་པ་གང་རུང་ཞིག་གིས༼ཡེ་རྡོ༽མིང་འོག་ཏུ་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་རབ་དང་རིམ་པ་བྱེད་ཀྱིན་པར་མ་ཟད། ཐ་ན་རྒྱལ་བ་རིན་པོ་ཆེ་ཡི་སྐྱེས་ཁུངས་རྒྱ་རིགས་ཡིན་པའི་རྩོམ་ཡིག་ཀྱང་སྤེལ་འདུག་སྟབས། མདོ་སྨད་དབུས་ས་གཉིས་ཀྱི་རྒྱུན་ལས་ལ་གོང་གསལ་གྲོས་ཆོད་ལག་བསྟར་གྱིས་གདོང་ལེན་བྱེད་པའི་འོས་འགན་འཕར་མ་ཞིག་སྤྲད་འདུག ཡིན་ནའང་། ཨ་མདོའི་ཁ་རྒྱུན་ལྟར། ༼ཕྱི་ལ་བསྐོར་ན་བལ་དཀར་གྱི་ཁ་ཆུ། ནང་ལ་བསྐོར་ན་དུག་ཚེར་གྱི་ལོ་མ༽ཞེས་པའི་སུག་རྗེས་སུ་འབྲངས་ཟིན་ན་མ་གཏོགས་འདི་ལས་མཚན་སྨད་གཞན་ཞིག་ཡོང་ཐབས་མེད་པ་ཕྱི་གསལ་ནང་གསལ་རེད།
༣ ཞུ་ཡིག་ཟེར་བའི་ནང་དོན་གྱི་སྐོར།
ཕྲན་གྱིས་ཞུ་ཡིག་ཟེར་བ་བཀླགས་རྗེས། ༼ཨ་ཚོགས་ཚང་གི་གཏམ་ཚོགས༽ནང་བསྐྱར་དུ་ཕྱིན་ནས་ཞིབ་ཀློག་བྱེད་སྐབས། ཞུ་ཡིག་ཟེར་བའི་ནང་དྲངས་པ་མཐའ་དག་ཡག་བཤད་དོར་ནས་བཙོག་བཤད་འདེམས་སྒྲུག་བྱས་པ་ཤ་སྟག་ཡིན་པར་མ་ཟད། འདི་འདྲ་ཞིག་བཤད་འདུག་ཅེས་པ་ཙམ་ལས་ལུང་རིགས་གང་རུང་གི་སྒྲུབ་བྱེད་བཀོལ་ནས་སུན་འབྱིན་བྱེད་པའམ། དབྱེ་ཞིབ་ལྷུག་འགྲོལ་གྱིས་བརྡར་ཤ་གཅོད་ཐུབ་མེད་པས། དགག་རྒྱག་སྦྱར་ཡིག་ཙམ་གྱི་ནུས་པ་ཐོན་ཡོད་མེད་ཀྱང་བཤད་དཀའ་ཚོད་འདུག
སྐབས་འདིར་ངས་སྔར་ཞིང་གཤེགས་མཁས་དབང་ཨ་ལགས་ཙ་ཡུས་བསྟན་འཛིན་དཔལ་འབར་མཆོག་གི་ཞལ་ནས་དངོས་སུ་ཐོས་པའི་སྒྲུང་ཞིག་དྲན་པ་སོས་བྱུང་། ཨ་ལགས་ཙ་ཡུས་ཚང་བདེ་སྲུང་བཀའ་བློན་གནང་སྐབས། ཨ་མདོ་བ་ཁག་ཅིག་གཅིག་རྗེས་གཉིས་མཐུད་ཀྱིས་ཁོང་གི་མདུན་ལ་ཡོང་ནས་གཅིག་གིས་གཅིག་ལ་སོ་བ་ཡིན་ཚུལ་མྱུལ་མ་མང་ཚུལ་སོགས་ཀྱི་རྒྱབ་བཤད་བྱས་པ་མང་དྲགས་པས། མཇུག་མཐར་ཁོང་སྐབས་དེའི་བདེ་སྲུང་དྲུང་ཆེ་དང་ཟུང་དྲུང་ལའང་ཁ་སྐྱེངས་དགོས་ཆགས་སོང་ཞེས་གསུངས་བྱུང་། དེ་ལས་ཀྱང་ཆེས་མ་རབས་ཐ་ཤལ་གྱི་དོན་དག་ཅིག་བྱུང་བ་ནི་ཉིན་ཞིག་ཁོང་གིས་ནམ་རྒྱུན་ལྟར་གཞུང་ལས་ཁང་དུ་ཕྱག་ལས་གནང་བཞིན་པའི་སྐབས་ཤིག་ལ་ཡིག་སྐྱེལ་བས་བལ་ཡུལ་ནས་སྐུ་སྒེར་ཡིག་ཚང་ལ་བཏང་བའི་ཡི་གེ་ཞིག་སྤྲད་འདུག ཡི་གེ་དེའི་ནང་ཨ་ལགས་ཙ་ཡུས་ཚང་རྒྱ་མིའི་སོ་བ་ཡིན་ཚུལ་བྲིས་ཡོད་པར་མ་ཟད། བདེ་སྲུང་བཀའ་བློན་དུ་འོས་འཚམས་མིན་ཚུལ་སོགས་བཀོད་ཡོད་འདུག
ཡི་གེ་དེའི་འབྱུང་ཁུངས་སུ་ཞིག་ཡིན་མིན་ཐད་ཨ་ལགས་ཙ་ཡུས་ཚང་གིས་ཞིབ་འཇུག་གནང་བཞིན་པར་མ་ཟད། ཁོང་ན་བཞིན་པའི་ཉིན་ཞིག་ཀླུ་མཁར་བྱམས་དང་ངེད་གཉིས་ཁོང་གི་སྐུ་མདུན་དུ་བཅར་སྐབས། ཁོང་གིས་ང་ལ༼གནམ་ལོ་ཡག ཁྱོས་བལྟས་ན་ཡི་གེ་དེ་སུས་བྲིས་པ་ཡིན་རྒྱུ་རེད་འདོད་ཀི༽ཞེས་དྲིས་སོང་། སྐབས་དེར་དྲི་བ་གློ་བུར་བ་ཡིན་པས་ཕྲན་ནས་ལན་རྒྱག་ཐུབ་མ་སོང་མོད། ངས་དེང་ཕྱིན་དོ་སྣང་བྱེད་ཆོག་ཅེས་ཁས་ལེན་བྱས་པ་ཡིན། གང་ལྟར་ཞུ་ཡིག་ཟེར་བ་འདི་ཡོང་སྟངས་ལ་བལྟས་ན། ཨ་ལགས་ཙ་ཡུས་ཚང་ལ་སྐྱོན་འཛུགས་ཀྱི་ཡིག་འཁྱམས་དེའང་འདི་ལྟར་ལུང་ཚན་སྲིད་དོན་པ་ཁག་ཅིག་གིས་ལྐོག་གཡོ་ལས་གྲུབ་པ་ཞིག་ཡིན་པ་ས་རིས་ཐང་གསལ་ཆགས་ཡོད། དེ་བས། མདོ་སྨད་ས་དབུས་གཉིས་ཀྱི་རྒྱུན་ལས་ལྷན་རྒྱས་དོན་རྐྱེན་འདིའང་བརྩད་གཅོད་བྱེད་པའི་འོས་འགན་མེད་ཅེས་སུས་སྨྲ་ཐུབ་བམ།
༤ མཚན་འཛིན་སློབ་གཙོ་པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་མཚན་མཆོག་གི་སྐོར།
ཉིན་འདི་དག་རིང་། ཕྲན་ནས་བལ་ཡུལ་དུ་སྡོད་པའི་ཕྱི་རྒྱལ་གསར་འགོད་པ་ཞིག་བརྒྱུད་ནས་བལ་གཞུང་ནང་སྲིད་ལས་ཁུངས་ལ་འབྲེལ་གཏུགས་བྱས་པར་མ་ཟད། པཎ་ཆེན་རིན་པོ་ཆེ་བལ་ཡུལ་དུ་ཆིབས་བསྒྱུར་གནང་སྐབས་ཀྱི་གསར་འགྱུར་ཁག་ལ་རྒྱུས་ལོན་རོབ་ཙམ་བྱེད་ཐུབ་སོང་། དེ་བས་སྐབས་དེའི་འབྲེལ་ཡོད་མི་སྣས་གསུང་སྟངས་དང་ལྡོག་ཟླ་ཆགས་ཡོད་པ་དང་། བལ་ཡུལ་བཙན་བྱོལ་སྤྱི་ཚོགས་ཁྲོད་དུའང་ཡོངས་གྲངས་རང་བཞིན་གྱི་དོན་རྐྱེན་ཞིག་རེད། འོན་ཀྱང་། ངས་འཚོལ་བྱ་ངོ་མ་དེ་པཎ་ཆེན་རིན་པོ་ཆེ་སྐུ་གྲོངས་རྐྱེན་ཡིན་སྟབས། ཐུགས་ཕམ་བཟོས་རིགས་ལ་དོ་སྣང་ཆེར་བྱ་རིན་མེད་པའམ། བྱ་འདུན་བྱུང་མ་སོང་། ཡང་ཅིག་བཤད་ན། པཎ་ཆེན་རིན་པོ་ཆེ་རྒྱ་ནག་གུང་ཁྲན་ཏང་གི་མནར་གཅོད་འོག་སྐུ་ཚེ་བསྐྱལ་མཁན་ཞིག་ཆགས་ཡོད་སྟབས། སྐབས་དེར་མི་རེ་འགས་ངོ་རྒོལ་བྱས་པ་ཙམ་ལ་དོ་སྣང་ཆེར་བྱུང་མི་སྲིད་པའང་ཁོང་གི་གནང་སྟངས་ལས་ར་འཕྲོད་ཡོད།
མི་འགྱངས་པར་ཕྱི་ནང་མཉམ་རུབ་ཀྱིས་པཎ་ཆེན་རིན་པོ་ཆེ་གྲོངས་རྐྱེན་ཞིབ་འཇུག་གནང་འབྲས་ཁྱབ་བསྒྲགས་བྱེད་སྲིད་པར་མ་ཟད། སྐབས་དེར་འབྲེལ་ཡོད་རྒྱ་ནག་དཔོན་རིགས་སྐོར་ཞིག་རྒྱལ་སྤྱིའི་ཉེས་པའི་ཁྲིམས་ཁང་ལ་ཞུ་གཏུགས་ཀྱང་བྱེད་སྲིད་པ་དང་། སྐབས་དེར་ས་ཡིག་བསྡུ་རུབ་བྱེད་རྒྱུའི་མཚོན་པའི་བོད་མི་བྱིངས་ལ་ས་ཡིག་རྒྱག་པར་སྒོའང་དབྱེ་རྩིས་ཡིན་ལ། སྒོས་སུ་གནད་ཡོད་མི་སྣ་ལྷན་རྒྱས་འབུར་ཐོན་རང་བཞིན་གྱི་གྲས་སུ་གདན་འདྲེན་ཞུ་ངེས་པས། སྐབས་དེར་མཉམ་རུབ་ག་ཚད་ཅིག་ཡོང་མིན་གྱིས་བོད་མི་དམངས་ལ་བློ་སྒོ་གསར་བ་ཞིག་དང་། བོད་ཀྱི་གནད་དོན་སྐས་རྐང་གསར་བ་ཞིག་ལ་འཕར་བསྐྱོད་བྱེད་མི་སྲིད་པའང་མིན་སྙམ།
༥ འཐབ་གྲོགས་ཀླུ་མཁར་བྱམས་ལས་འཕྲོས་པའི་བསམ་ཚུལ་འགའ།
ཀླུ་མཁར་བྱམས་གླེང་སྐབས། ཡིག་ནོར་འབྲི་བ་དང་བཀྲ་མི་ཤིས་པ་རྐྱང་བྱེད་པ་གཉིས་གཞིར་བཟུང་ནས་མེད་པ་གཏོང་གི་ཡིན་ལབ་ན་ཐལ་ཆེ་དྲག་པ་རེད་ལ། གངས་ཅན་སྐྱིད་གཤོངས་ཀྱི་སྒོ་བྱང་ཁག་ནས་རྩིས་པའི་བཙན་བྱོལ་ཁྲོད་ཀྱི་ཡིག་ནོར་ལ་གྲངས་ཀ་མེད་པར་མ་ཟད། རྒྱལ་བ་རིན་པོ་ཆེ་ལ་བོད་མིའི་མིང་ཐོག་ནས་གསེར་གྱི་རྟགས་མ་ཟེར་བ་ཕུལ་ནས་བཟང་སྤྱོད་ཀྱི་ལམ་ནས་དགོངས་པ་ཞུ་འོས་པའི་བརྡ་བརྒྱབ་ཟིན་པ་དག་བཀྲ་ཤིས་པ་ཞིག་ཏུ་བརྩི་མཁན་ཡོད་མེད་བོད་ཕྱི་ནང་གཉིས་སུ་རླུང་ལྟར་གྲགས་བཞིན་པས་ར་འཕྲོད་ཐུབ་ཡོད། དེ་དག་ལ་ཅིའི་ཕྱིར་དོ་སྣང་བྱེད་མཁན་བྱུང་མ་སོང་བ་ཡིན་ནམ།
ཀླུ་མཁར་བྱམས་ནི་མི་ལོ་བཅུ་བདུན་གྱི་བཙོན་ཆད་ཁུར་ནས་སྐྱབས་བཅོལ་དུ་འབྱོར་མཁན་ཐོག་མ་དང་། མངོན་ལྐོག་མེད་པར་རང་ཉིད་ཀྱི་མཐོང་སྣང་བཤད་ཕོད་མཁན་ཞིག་དང་། ཐ་ན་སྲིད་དོན་བཙོན་མ་ཕྱི་ལ་གཏོང་བའི་རྒྱན་ཡང་བོད་དོན་སླད་བློས་གཏོང་ཕོད་མཁན་ཞིག་ཡིན་པ་བོད་ཀྱི་སྲིད་དོན་བཙོན་ཟུར་ལྷན་རྒྱས་ནས་མ་གཏོགས་མཐོང་མཁན་མེད་དོན་གང་ལ་ཐུག་ཡོད་དམ།
ཐ་ན་མི་ཁ་ཤས་ཀྱིས་ཀླུ་མཁར་བྱམས་ཀྱིས་སྔར་བདེ་སྲུང་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས་ནས་སྲིད་དོན་བཙོན་མའི་འཚོ་གཟིགས་སྐྱོབ་དངུལ་བླངས་པ་དེའང་སྐྱོན་དུ་བགྲངས་ཀྱི་འདུག་མོད། དོན་ལ་ཀླུ་མཁར་བྱམས་ཀྱིས་མཚོན་པའི་སྲིད་དོན་བཙོན་ཟུར་དག་མེད་ན་འཚོ་གཟིགས་སྐྱོབ་དངུལ་དེ་དག་བཙན་བྱོལ་བོད་གཞུང་ལ་འཛམ་གླིང་མི་དམངས་ཀྱིས་ཞལ་འདེབས་རྒྱག་སྲིད་དམ། རྒྱའི་གཏམ་དཔེར། ཆུ་འཐུང་དུས་དོང་བརྐོ་མཁན་བརྗེད་མི་རུང་ཞེས་པ་འདིར་ལྷན་རྒྱས་ནས་གོ་བ་མ་ནོར་བ་ཞིག་ལེན་དགོས་པའང་དོན་དག་རང་ངོས་ནས་ཐག་བཅད་ཡོད་པ་ཞིག་ཡིན།
དྲང་པོར་ཞུས་ན། ཀླུ་མཁར་བྱམས་ནི་ཟམ་གདོང་བཀའ་ཤག་གིས་སྤྱི་ཚོགས་ཀྱི་སྡིངས་ཆར་དེད་པ་ཞིག་ཡིན་པར་མ་ཟད། ཕྱི་ནང་གཉིས་སུ་དོ་སྣང་བྱེད་གཞིར་བསྐྲུན་པ་ཞིག་ཀྱང་ཡིན་པས། སྨྲ་སྤོབས་པ་དང་དོགས་སློང་བྱེད་རྐྱེན་པའང་དེ་ལུགས་ལ་འབྲེལ་བ་ངེས་ཅན་ཞིག་ཆགས་ཡོད་པའི་ཁར། ཀླུ་མཁར་བྱམས་ཀྱི་བྱེད་སྟངས་ཆ་ཚང་སྨྲ་བརྗོད་རང་དབང་གི་ཁྱབ་ཁོངས་ལས་བརྒལ་གྱི་མེད་ལ། དོགས་སློང་བྱེད་ཆོག་པ་ནི་སྟོན་པ་ཤཀྱཱ་ཐུབ་པའི་དགོངས་གཞིའང་ཡིན་སྟབས། གལ་སྲིད་ནང་པའི་སྤྱི་ཚོགས་ཤིག་ཡིན་ན། ཆོས་སྲིད་གཉིས་ཀྱི་ཆ་ནས་རང་དབང་དེར་བསྙོན་འབྱིན་བྱེད་ཐབས་མེད་པ་ཞིག་ཀྱང་ཆགས་ཡོད།
མཐའ་དོན་ཚིག་གསུམ།
ཞུ་ཡིག་ཟེར་བ་བཀླགས་ནས་མཚམས་འདིར་སླེབས་སྐབས། ཕྱི་ནང་མདོ་སྨད་རྒྱ་ཆེ་མི་དམངས་ལ་འབོད་བསྐུལ་གཅིག་ཞུ་འདུན་བྱུང་སོང་། སྐབས་འཚོལ་བ་དང་དྲང་ཚུགས་པའི་དབྱེ་བ་མ་ནོར་བ་གནང་བ་བརྒྱུད་ནས་དྲང་བདེན་གྱི་བློ་མིག་ལྡན་ཞིང་། ཤ་ཚ་བའི་ཚིག་སྨྲ་སྤོབས་པའི་གསར་སྐྱེས་ཤེས་ཡོན་པའི་སྡེ་ལ་རྒྱབ་བསྐྱོར་མ་ཆུང་བ་གནང་རོགས། དེ་མཚུངས་སུ་ཕྱི་ནང་ཤེས་ལྡན་པའི་སྡེ་ནས་བཀླགས་བྱང་འདིར་དགག་སྒྲུབ་མི་ཉུང་བ་གནང་བར་རེ་བས་ཀྱང་བལྟམས་ཡོད།
ཕྱི་ལོ ༢༠༡༠ལོའི་ཟླ ༡༢ ཚེས ༢༥ཉིན་རྒྱ་མཚོ་ཆེན་པོའི་གླིང་ནས་སྦྱར་བ་དགེའོ།