ལུག་རྫིས།
ཉི་མ་ཆར་གྱིས་སྦང་བའི་རྡོ་ལ་རྡོར།།
ལྗོན་བཟང་འབྲས་བུ་སྨིན་པས་གཡུར་དུ་ཟ།།
ནམ་མཁར་ཉི་མས་འཚིགས་པའི་དུ་སྤྲིན་མཛེས།།
སྒེའུ་ཁུང་ཤེལ་ངོས་ཕྱི་རོལ་རྡ་ས་རུ།།
ཐོལ་བྱུང་གནམ་གཤིས་འགྱུར་ལྡོག་སྐད་ཅིག་ཉིད།།
ལྡིར་རི་དབྱར་རྔ་སྒྲོག་དང་གནམ་གྱིས་བྱོ།།
སུན་སྣང་སངས་པར་མག་རྒན་སྲང་མདོ་རུ།།
ཡར་མར་ཉུལ་བཞིན་གོམ་པ་འདེགས་འཇོག་བར།།
རྙིང་གྲོགས་ངོ་ཤེས་གྲོགས་རྣམས་ཡོད་བསམ་བཞིན།།
གྲོག་ཚང་བརྡོལ་འདྲའི་མི་དང་རླངས་འཕྲུལ་ཁྲོད།།
གང་སར་མིག་གིས་ཉིན་གང་འཚལ་ན་ཡང་།།
མཛའ་བཤེས་གྲོགས་རྣམས་མིག་ཁར་མི་མཐོང་གི།
གང་ལ་སོང་ན་ཁེར་འགྲོའི་སྣང་ཚུལ་ཞིག
སྲང་ལམ་་དང་ནི་ལྷ་ཁང་གང་དུ་ཡང་།།
རྒྱ་གར་གསེབ་རྒན་བྱིས་གཞོན་རྒན་གསུམ་རེད།།
ལྷ་ས་ཆུང་བ་འབོད་པའང་ལྷ་སྒྲུང་འདྲ།།
ཁ་སང་དེ་རིང་དོར་མའི་སྲང་མདོ་འདི།།
མིག་ལ་མཐོང་ཚད་རྒྱ་གར་ནི་རྒྱ་གར།།
གུ་དོག་སྲང་ལམ་ཉིན་མཚན་འཁོར་ཆུང་རེད།།
འཚང་ཁས་བར་ནས་སྙིང་ལའང་གཟན་པར་བྱེད།།
ཕོ་བྲང་ལམ་ནས་སྦ་སོའི་རྦབ་ཆུ་བར།།
འདུ་འཛི་ཟང་ཟིང་ཧ་ཅང་ཆེས་རྒོད་པས།།
ལམ་ཁར་གཟར་ནས་མ་གཏོགས་མཐར་བར་དཀའ།།
ལྷོད་བག་དལ་འགྲོ་བྱེད་རྒྱུའང་ཁག་སེ་འདུག།
ལོ་ཤས་ནང་ལ་རྡ་སའི་འགྱུར་ལྡོག་འདིས།།
བསམ་ཞིང་བསམ་ན་ཚང་མ་དངངས་སྐྲག་ཅིག།
ངམ་ངམ་ཤུགས་ཀྱིས་ལྷུང་བའི་སེམས་ངལ་འདིས།།།
ནམ་ཞིག་རེ་བའི་རྨི་ལམ་མངོན་དུ་འགྱུར།།
ཁ་སང་དེ་རིང་བོད་མིའི་སེམས་ཁམས་ནི།
ངེས་མེད་རྒྱུ་བའི་སེམས་ཅན་ཚུལ་བཞིན་དུ།།
གང་དུ་ཡོད་མེད་གང་དུ་དེངས་པ་ཡིན།།
ད་དུང་མོག་མོག་གསལ་ཁ་ངེས་གཏན་ཞིག་མི་འདུག།
རྡ་སའི་རི་སུལ་ངོགས་ཀྱི་འཚོ་བ་ལ།།
ནམ་ཞིག་བར་དུ་འཐབ་ནས་བསྐྱོད་རྒྱུ་ཡིན།།
སུས་ཀྱང་བརྗོད་དཀའི་དངོས་སྒྲུང་ལྷ་སྒྲུང་རེད།།
རྡ་ས་མ་རེད། དྷ་ས་རེད།
༅༅། རྡ་སའི་ལམ་ཟུར་སྙན་རྩོམ་ལ་བྲོ་བ་ཅང་མི་འདུག་