སྨན་རྩིས་ཁང་གི་དབུ་འཛིན་ཐེངས་ ༡༤ པ་བླ་ཞབས་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་རང་གི་ཆེད་ལས་སྨན་དཔྱད་ལག་ལེན་གྱི་ལས་དོན་གཙོ་གཉེར་བྱ་རྒྱུའི་འདུན་པ་བཅངས་ཏེ་སྨན་རྩིས་ཁང་གི་
དབུ་འཛིན་གྱི་ལས་གནས་ནས་དགོངས་པ་ཞུས་འདུག་པར། ཨ་རི་ཆི་ཀ་རྒོ་གནས་བཞུགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་འདི་ཟླའི་ཚེས་ ༡ ནས་རྡ་ས་བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་གྱི་ལས་
གནས་འགོ་འཛུགས་གནང་ཡོད་འདུག ཁོང་གིས་དེ་སྔ་བཙན་བྱོལ་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་དང་དེ་རྗེས་དབུས་སྨན་རྩིས་ཁང་གི་དབུ་འཛིན་གྱི་ལས་འགན་འཁུར་མྱོང་ཡོད།
རྗེས་སོར་ནང་མི་ཟླ་སྒྲིལ་གྱིས་ཨ་རིའི་ཆི་ཀ་རྒོ་གྲོང་ཁྱེར་དུ་གཞིས་སྤོར་བྱས་ཤིང་རིམ་པས་ས་དེ་རུ་བོད་ཁང་ (Tibet Center) ཞེས་པ་གསར་འཛུགས་བྱས་ཏེ་བོད་ཀྱི་བདེན་
མཐའ་དང་རིག་གཞུང་གོང་སྤེལ་ཀྱི་ལས་དོན་མུ་མཐུད་བསྒྲུབ་བཞིན་ཡོད་འདུག
སྤྱི་ལོ་ ༢༠༠༥ བར་དུ་སྨན་རྩིས་ཁང་་གི་དབུ་འཛིན་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བསྐོ་བཞག་གནང་གི་ཡོད་ནའང་། སྒྲིག་གཞི་ལ་འགྱུར་བ་ཕྱིན་ཏེ་སྤྱི་ལོ་ ༢༠༠༥ ནས་དབུ་འཛིན་དེ་སྨན་
རྩིས་ཁང་གི་ལས་བྱེད་རང་ངོས་ནས་འོས་འཕེན་བྱས་ཏེ་འདེམས་བསྐོ་བྱེད་དགོས་པ་ཞིག་ཆགས་ཡོད།
རྡ་ས་བོད་ཀྱི་སྨན་རྩིས་ཁང་ནི་སྤྱི་ནོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་སྤྱི་ལོ་ ༡༩༦༡ ལོར་གསར་འཛུགས་གནང་ ཞིང་དེའི་སྐབས་ས་ཁང་ཆུང་ངུ་གཅིག་དང་སྨན་པ་
གཅིག་དང་སྐར་རྩིས་པ་གཅིག་ལས་མེད། ཡིན་ནའང་དུས་ཀྱི་འགྱུར་འགྲོས་དང་བསྟུན་བོད་ཀྱི་སྨན་རྩིས་ཀྱི་བྱ་གཞག་གོང་འཕེལ་བྱུང་སྟེ་ད་ལྟ་དབུས་དང་ཡན་ལག་སྨན་ཁང་ ༥༠ ལྷག་དང་
སྨན་རྩིས་ཆེད་ལས་པ་དང་འཛིན་སྐྱོང་ལས་བྱེད་༥༠༠ ལྷག་ཡོད་པ་རེད།
ཚེ་རིང་བཀྲ་ཤིས་ལགས་ནི་སྨན་རྩིས་ཁང་གི་དབུ་འཛིན་ཟུར་པ་ཞིག་ཡིན་པ་དང་སྨན་རྩིས་ཁང་གི་ལས་དོན་ཐད་ཉམས་མྱོང་ལྡན་ཞིང་བསྒྲུབ་ཕོད་བྱས་རྗེས་ཆེ་བའི་དབུ་འཛིན་གྱི་གྲས་ཤིག་ཡིན་པ་རེད།།
འདྲ་པར་ཡོང་ཁུངས། སྨན་རྩིས་ཁངགི་དྲ་ཚིགས།