རྫ་ཚེ་རིང་བཀྲ་ཤིས།
(རྩོམ་རྙིང་ཞིག) ཉིན་འདི་ཀའི་རིང་། འགྲུལ་བཞུད་ཀྱི་ངལ་དུབ་དང་ལས་བྲེལ་གྱི་རྣམ་གཡེང་གི་ཁྲོད་ནས་སེམས་པ་རྣལ་ཏུ་ཕབ་སྟེ་བྱ་དངོས་ལ་བསམ་གཞིག་བྱ་རྒྱུའི་གོ་སྐབས་ཉུང་ཉུང་མ་གཏོགས་མ་ཐོབ་པར་མ་ཟད། རྩོམ་ཡིག་དང་ཟིན་ཐོ་འབྲི་རྒྱུ་སོགས་དེ་བས་ཀྱང་ལག་ལ་ཆེར་མི་ཡོང་བ་ཞིག་འདུག འོན་ཀྱང་། སེམས་ཀྱི་འདུན་པ་ནི་ཁང་སྟོང་གི་སྤྲེའུ་བཞིན་ཡུལ་ལ་རྟག་ཏུ་གཡོ་ཞིང་། ཡུལ་གྱི་རྗེས་སུ་འབྲངས་པའི་དཔྱོད་ཤེས་ཀྱི་རྟ་ཕོ་ནི་རྒོད་པོ་འཐུར་མེད་བཞིན་ཕྱོགས་མེད་དུ་འཕྱོ་ཞིང་ལྡིང་བར་བྱེད། འདི་ནི་གོམས་ལོབ་ལྟ་བུའི་རྟོག་པའི་འཕྲོ་སྟངས་ཤིག་རེད།
ང་བདུན་ཕྲག་གཉིས་ཀྱི་ཡར་སྔོན་རང་ལ་མཚན་མོ་འཕྱི་བོར། རྡ་ས་ནས་སྔགས་པ་གྲྭ་ཚང་དུ་འགྲོ་སའི་ལམ་ཟུར་དུ་ཡོད་པའི་མཐོང་རྒྱ་ཡངས་པའི་རྒྱ་གར་བའི་ཇ་ཁང་ཞིག་ནས་གྲོགས་པོ་ཞིག་དང་ལྷན་དུ་འོ་མ་རྐྱང་པ་ཤེར་ཕོར་གང་མངགས་ནས་མཐུང་། ཇ་ཁང་འདི་ནི་ཏག་ཏག་སྔ་མོའི་དབུས་སྣེ་ལེན་ཁང་དང་། དེ་འབྲེལ་གྱི་དགོན་པ་དང་གྲོང་པ་དག་ཡོད་ས་ནས་ལྷ་རྒྱལ་རིའི་བར་གྱི་རི་ལྡེབས་དག་གི་ཐད་ཀ་རང་ལ་ཁེལ་གྱི་ཡོད་སྟབས། སྒེའུ་ཁུང་ནས་ཕར་ལྟ་སའི་མཚན་ལྗོངས་འདི་ནི་ཡིད་ཀྱི་བརྟན་པ་གཡོ་བའི་ཕུལ་བྱུང་གི་མཛེས་སྡུག་ཞིག་སྟེ། འཇགས་པ་མེད་པའི་སྙན་ངག་གི་རོལ་དབྱངས་ཤིན་ཏུ་སིམ་པ་ཞིག་ཏུ་སྣང་། དེ་ལྟ་བུའི་ཁ་ཁུ་སིམ་པའི་རྡ་སའི་རི་ངོགས་དང་། ཀང་རའི་ལུང་གཤོངས་བཅས་ཀྱི་གློག་སྒྲོན་ཁྲ་ཞིང་འཚེར་བ་དག་ནི་ཅིས་ཀྱང་ཡིད་སེམས་ཀྱི་རྒྱ་མཚོ་གཡོ་ཞིང་འཁྱོམས་པར་བྱེད་པ་ཞིག་རེད། ནུབ་མོ་འདིའི་གནམ་གཤིས་ཀྱང་ཧ་ཅང་བསིལ་དྲོད་སྙོམ་ཞིང་། སྨུག་སྤྲིན་དང་ཆར་ཞོད་མེད་པའི་གནམ་གཤིས་ལེགས་པོ་ཞིག་བསྟན་བྱུང་།
ལར་མཚན་མོའི་གློག་སྒྲོན་ཁྲ་ཚོམས་སུ་བསྟར་བའི་ཁུ་སིམ་པའི་མཚན་ལྗོངས་ལ་གཅིག་པུར་བལྟ་བ་ནི་ངའི་དགའ་ཕྱོགས་ཤིག་སྟེ། དཔྱང་ཟམ་གྱི་ཐོག་ནས་མཚན་མོའི་མཛེས་ལྗོངས་ལ་ལྟ་བ་ཞེས་པར་ཡང་ཁོ་བོས།
ནགས་ཀྱི་གསེབ་ནས་གློག་ཞུའི་མཛེས་པ་མངོན། །
གློག་ཞུའི་བཀྲག་མདངས་ཆུ་མོའི་ངོགས་སུ་སིམ། །
ཆུ་མོའི་ཁ་དོག་གློག་ཞུའི་འོད་ཀྱིས་ཚོས། །
དེ་ལས་གཞན་པའི་གནམ་ས་ངས་མ་མཐོང་། །
ཞེས་བྲིས་ཤིང་། ཚིག་བཅད་འདིའི་ཐོག་ནས་རྩོམ་པ་པོའི་མིག་དང་ཡིད་ཀྱི་འཇིག་རྟེན་མཐའ་དག་དེ་ལྟ་བུའི་མཚན་མོའི་མཛེས་ལྗོངས་ཞིག་གི་ཀློང་དུ་ཡོངས་སུ་བསྟིམས་ཟིན་པ་ལྟ་བུ་ཞིག་ཚོར་ཐུབ།
ད་དུང་རང་རྩོམ་གཞན་ཞིག་ཏུ་ནི།
བུར་ཤིང་བརྡལ་པ་ལྟ་བུའི་གྲོང་དང་གྲོང༌། །
སྐར་ཚོགས་བཀྲམ་པ་ལྟ་བུའི་གློག་ཞུའི་འོད། །
ཀྱེ་མ་མཚན་མོའི་ལྗོངས་ཀྱི་ཧི་མ་ཅལ། །
ངེས་པ་དོན་གྱི་སྲིད་པ་བར་དོ་ཞིག །
ཅེས་པའི་ཚིགས་བཅད་གཅིག་ཡོད་ཅིང་། འདི་ནི་ངས་མི་ལོ་ལྔ་དྲུག་གི་ཡར་སྔོན་ཞིག་ཏུ། རྡ་སའི་ལྷ་རྒྱལ་རིའི་ངོགས་སུ་ཡོད་པའི་གྲོགས་པོའི་ཁང་པ་ནས་ཀང་རའི་ཡུལ་གྱི་ལུང་གཤོངས་ལ་རྒྱང་ལྟ་བྱས་པའི་ཡིད་ཀྱི་རླབས་རིས་གཟུགས་ཅན་དུ་བཀོད་པ་ཞིག་ཡིན།
སེམས་ཀྱི་འགྱུ་འཕྲོ་ནི་རྟག་ཏུ་གནས་གཅིག་ཏུ་མི་སྡོད་པ་ཞིག་ཡིན་པས། ཁོ་བོའི་ཐང་ཀ་ལྟ་བུའི་མཛེས་ལྗོངས་ལ་ཡིད་ཉེ་བར་བཀླན་པའི་འཆར་ཡན་གྱི་མྱོང་རོལ་དེ་ཡང་ག་ལེར་རྣམ་པ་གཞན་ཞིག་ཏུ་འཕོ་མགོ་བརྩམས།
ངས་འོ་མ་མཐུང་ཞོར་དང་གྲོགས་པོ་དང་ཁ་བརྡ་བྱེད་ཞོར། ཡུན་རིང་པོ་ཞིག་ལ་རི་ངོགས་འདིར་སེམས་པ་གཏད་ཅིང་། རི་ངོགས་འདིའི་སྐྱེ་རྒ་གནས་འཇིག་གི་མཚན་ཉིད་མང་པོ་ཞིག་དྲན་ཡུལ་དུ་བླངས། ཡུད་ཙམ་ན་སྤྲིན་པ་རླུང་གིས་བདས་པས་རི་ལུང་དང་གྲོང་ཁྱེར་གྱི་རྣམ་པ་གསལ་ལེར་མངོན་ཞིང་། ཡུད་ཙམ་ན་ལུང་གཤོང་དག་ནས་འཕྱུར་བའི་སྨུག་སྤྲིན་གྱི་ཁེབ་མ་མཐུག་པོས་རི་ངོགས་ཡོངས་སུ་སྒྲིབ་པར་བྱེད་པའི་རྡ་སའི་ཆར་དུས་ཀྱི་གནམ་གཤིས་དང་འདྲ་བར། ངའི་སེམས་ངོགས་སུ་ཡང་གསལ་མཚེར་ལྷུན་སྡུག་གི་མཚན་མོའི་མཛེས་ལྗོངས་ཀྱི་རྣམ་པ་དང་། དགའ་སྐྱོ་དང་རེ་དོགས་ཀྱིས་བསྐྲུན་པའི་ལོ་རྒྱུས་ཀྱི་སྣང་བརྙན་གཞན་པ་དག་རིས་མོས་ཀྱིས་འཚང་ཁ་རྒྱག་མགོ་བརྩམས།
མི་ལོ་ལྔ་བཅུའི་ཡར་སྔོན་ཞིག་ལ་ནི་རི་ངོགས་འདིར་མཚོན་ན།ཚད་ཡོལ་དུ་ཡོང་བའི་དབྱིན་ཇིའི་སྐུ་དྲག་འགའ་ཞིག་དང་། ཤིང་ཁང་དང་འཇགས་མའི་སྤྱིལ་བོ་སྟབས་བདེ་ན་འཚོ་བའི་ཡུལ་མི་ཐར་ཐོར་ཙམ་ལས་ད་ལྟའི་འཁྲུགས་ཆ་དོད་པའི་འདུ་འཛི་དང་འདུ་འཛིའི་ཁྲོམ་སྲང་འདི་དག་ཡེ་མེད་སྐད།
སྐབས་དེ་དུས་རྒྱ་གར་གྱི་ས་ཁྲའི་ཐོག་ནས་འཚོལ་མི་ཐུབ་པའི་རི་ངོགས་ཀྱི་གྲོང་གསེབ་ཆུང་ཆུང་ཞིག་ནས་རྒྱལ་སྤྱིས་དོ་སྣང་འདྲེན་ཡུལ་དུ་གྱུར་པའི་དམིགས་བསལ་གྱི་ས་ཁུལ་ཞིག་ཏུ་གྲུབ་པའི་དེ་རིང་གི་བར་གྱི་གཏམ་རྒྱུད་ཧ་ཅང་མང་པོ་ཞིག་རྡ་རམ་ས་ལའི་རི་ངོགས་འདི་ནས་སྐྱེ་ཤིང་གནས་ཏེ་ད་ཆ་ལོ་རྒྱུས་ཀྱི་དཀྱོགས་མཚམས་གཞན་ཞིག་ལ་སླེབས་བཞིན་ཡོད་པ་རེད།
ལོ་རྒྱུས་ཀྱི་ཆུ་བོ་ནི་འཕེལ་འགྲིབ་ཀྱི་མཐའ་ལ་གནས་པའི་རོང་ཁུང་གི་དོག་མོའི་ཆུ་ཕྲན་དང་འདྲ་ཞིང་། ལོ་རྒྱུས་ཀྱི་དར་རྒུད་ནི་ཚེས་ཀྱི་རྗེས་སུ་འབྲངས་པའི་མཁའ་སྣང་གི་ཟླ་གཟུགས་དང་བསྡོངས།
གངས་ཅན་སྐྱིད་གཤོང་ནི་གཞུང་ས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་ལྟེ་གནས་སུ་གྱུར་ཅིང་། ༸གོང་ས་མཆོག་གིས། ངོས་དང་ངོས་ཀྱི་གཞུང་གང་དུ་ཡོད་པ་དེར་བོད་པ་དག་གིས་བོད་ཀྱི་སྲིད་གཞུང་དངོས་མ་དེ་དེར་ཡོད་པའི་ཡིད་ཆེས་བྱེད་པ་རེད། ཅེས་པའི་སྐད་གྲགས་ཅན་གྱི་བསྒྲགས་གཏམ་གནང་རྗེས་ཁོང་གིས་མུ་མཐུད་སྲིད་གཞུང་ཞིག་དང་མི་མང་ཞིག་གིས་མགོ་འདྲེན་གནང་བ་རེད། དེའི་ཕྱིར་༸དགུང་ན་ཧ་ཅང་གཞོན་པའི་གངས་ཅན་གྱི་བསམ་བློ་དང་རིག་གནས་ཀྱི་ངོ་རྟགས་ཤིག་ས་ཆ་འདིར་གདན་ཕབ་ཅིང་། གཞོན་ནུ་འདིས་རང་གི་ཞབས་རྗེས་བསྙེགས་པའི་འབངས་མི་ཁྲི་སྟོང་མང་པོར་བསམ་པ་དང་དངོས་པོའི་དཔལ་ཡོན་འཛད་དུ་མེད་པ་དག་ཡིད་ཀྱི་ཞིག་གི་བགོ་བསྐལ་ཏུ་ལྷུག་པར་བསྩལ་པའི་བྱམས་བརྩེའི་ཞབས་རྗེས་དག་ད་ལྟ་ཡང་ལམ་ཆེན་དང་ལམ་ཕྲན་དག་ན་ཡལ་མེད་དུ་མངོན།
བོད་པ་བཙན་བྱོལ་བ་དག་གིས་ལུང་པ་འདིའི་མ་འདྲེས་པའི་འཚོ་བ་དང་ཁོར་ཡུག གནམ་གཤིས། སྐད་ཡིག་བཅས་ལ་གདོང་ལེན་བྱེད་པའི་དུས་མཚུངས་སུ་ཆུ་བོའི་གཉེར་རིས་བཞིན་བརྩེགས་པའི་དཀའ་ངལ་ཧ་ཅང་མང་པོ་ཞིག་ཐག་གཅོད་དགོས་ཤིང་། ཐ་ན་ཆེས་གཞི་རིམ་གྱི་འཚོ་བ་དང་སློབ་སྦྱོང་གི་གནད་དོན་དག་ལ་ཡང་ཁག་ཐེག་མེད་པའི་ཡིད་སྐྱོ་བའི་གནས་བབ་ཅིག་ནས་གོམ་པ་སྤོ་མགོ་བརྩམས། ལོ་ཟླ་ནི་རིམ་གྱིས་འདས་ཤིང་། ལུང་གཤོང་འདིའི་མཐའ་དབུགས་ཀྱང་རིམ་གྱིས་གསར་རྙིང་བརྗེས། ཕ་ཡུལ་དང་ཁ་འབྲལ་སྐབས་ཆེ་བཙན་གཉན་གསུམ་གྱི་གོང་གྲལ་ན་བསྡོད་པའི་རྗེ་བློན་དང་མི་ཆེན་དག་གིས་གཙོས་པའི་རྒན་རབ་པ་དག་ནགས་ཀླུང་འདི་ནས་སྐྲ་ལོ་དཀར་པོར་གྱུར་ཅིང་། ལུས་ཟུང་ཀྱི་དྭངས་མ་ཟད། འཕེལ་འགྲིབ་ཀྱི་མཐའ་ལ་ལྷུང་བའི་དབང་ཐང་དང་ཁ་རྗེ་ཡང་མཐར་གྱིས་མདས་དོན་གྱི་གཟུགས་བརྙན་ཙམ་དུ་གྱུར། མང་པོ་ཞིག་དེ་ལྟར་སྔ་རྗེས་བྱས་ནས་དུས་ཀྱི་ཆོས་ཉིད་ཀྱི་མགྲོན་པོར་ཆས་ཞིང་མཆིས།
གཞིས་ཆགས་དག་ལ་ལོག་སའི་ཡུལ་མེད་པ་དང་། གསར་འབྱོར་དག་ལ་འདུག་སའི་གནས་མེད་པའི་ཚོར་རྟོགས་སྐྱ་འཐབ་པའི་ཁྲོད་ནས་རྡ་ས་འདི་རིམ་ཀྱིས་གསར་འབྱོར་གྱི་འབབ་ཚུགས་དང་གཞིས་ཆགས་ཀྱི་འཚེར་ཤུལ་ཞིག་ཆགས་ཟིན་པའི་ཚོར་བ་དེ་ཤུགས་དྲག་ཏུ་ཕྱིན། མི་ལོ་བདུན་གྱི་ཡར་སྔོན་སྟེ། རང་ཉིད་ཐོག་མར་རྡ་སར་འབྱོར་དུས་ཀྱི་ངོ་ཤེས་གྲོགས་པོ་དག་ད་ཆ་ཕལ་ཆེར་ཚོང་འདུས་ཀྱི་མགྲོན་པོ་བཞིན་གཞན་དང་གཞན་དུ་ཕྱིན་ཟིན། སྔོན་ཡིན་ན་རྡ་སའི་གཡས་གཡོན་གྱི་དགོན་པ་དག་གི་ནང་དུ་ལང་ཚོ་དར་ཞིང་སྐྱེ་མཆེད་གསལ་བའི་བོད་འབྱོར་གྱི་གཞོན་སྐྱེས་དགེ་འདུན་པ་མང་པོ་ཞིག་ཡོད་པ་དག་ཀྱང་། ད་ཆ་མང་པོ་ཞིག་གི་གནས་བབ་ལ་འགྱུར་ལྡོག་བྱུང་ཟིན་ཅིང་། ལ་ལ་ཤར་དང་ལ་ལ་ནུབ་ཏུ་བསྐྱོད་ཟིན་པ་རེད་འདུག བཤད་སྟངས་གཅིག་བྱས་ན་རྡ་ས་ལ་བཞུགས་སྒར་ཞེས་ཞུ་ཞིང་། འདི་ནི་༸གོང་ས་མཆོག་དང་བོད་གཞུང་གི་གནས་སྐབས་ཀྱི་སྒར་ས་ཞིག་རེད།
བོད་ཀྱི་བརྡ་སྤྲོད་པའི་ཐ་སྙད་དུ་སྒར་ནི་བསྐྱས་སྤོ་བྱེད་པའམ་མགྲོན་པོའི་ཚོགས་མལ་བྱེད་པ་ལྟར་གནས་སྐབས་ཀྱི་རྟེན་གཞི་ཙམ་ལས་གཏན་འཇགས་ཀྱི་རང་བཞིན་རང་མིན་པ་ཞིག་གི་གོ་དོན་ཡོད་ཅིང་། ང་ཚོའི་རེ་བ་ཡང་གཞི་ཕྱེས་མཉམ་མཛོམས་ཀྱིས་ནམ་ཞིག་རི་ངོགས་འདི་ང་ཚོའི་གནས་ཁང་བདག་པོ་རྒྱ་གར་པར་རྩིས་སྤྲད་ནས་ལོག་རྒྱུ་དེ་རེད། འོན་ཀྱང་ད་ཆ་རང་ཉིད་ཚུད་པའི་མང་པོ་ཞིག་གིས་ས་ཆ་འདི་བཞག་ནས་འགྲོ་བའི་ཁ་ཕྱོགས་དང་གཏད་སོ་དམིགས་བཅས་དངོས་གནས་འདི་འདྲ་ཞིག་རེད་དམ། སྣང་ཚུལ་འདིས་ང་སླར་ཡང་བསམ་གཞིག་གི་ཀློང་དུ་འདྲེན་པར་བྱེད།
དེ་བཞིན། ཡེ་ཤུའི་ཆོས་སྤེལ་མཁན་གྱིས་བཙུགས་པའི་ལྷ་འཛིན་གྲྭའམ་ཆོས་བསྒྱུར་འཛིན་གྲྭའི་དབྱིན་ཡིག་གི་འཛིན་གྲྭ་གྲོལ་སྐབས་ཀྱི་གྲྭ་པ་དང་གྲྭ་ཟུར་གྱི་གྲྭངས་ཀ་ཕལ་ཆེར་རྡ་སའི་དགོན་ཆུང་འགའ་ཞིག་གི་ཚོགས་པ་གྲོལ་སྐབས་ཀྱི་དགེ་འདུན་པའི་གྲངས་ཚད་ལས་ཀྱང་བརྒལ་བ་དང་། མེག་ལོར་གྱི་གཞི་མདོ་དག་ན་ཞོགས་ཟས་པག་ལེབ་དང་མོག་མོག་བཙོང་མཁན་གྱི་ཨ་ཅག་གཅིག་གཉིས་ཤིག་ལས་ཉེ་ཆར་རང་བོད་ནས་སླེབས་སམ་སྙམ་པའི་གསར་འབྱོར་ཞིག་མཐོང་ལམ་དུ་ཡེ་མི་སྣང་། ཆབ་སྲིད་ཀྱི་འབོད་སྒྲ་དང་། ལས་འགུལ་གྱི་གསོན་ཤུགས་སོགས་རྡ་རམ་ས་ལའི་ཆེས་ཐུན་མིན་གྱི་མཚོན་རྟགས་དག་ཀྱང་ཅུང་ལྷིང་འཇགས་ལྟ་བུར་གྱུར་ཅིང་། སྲང་ལམ་གཡས་གཡོན་གྱི་ཁྲོམ་ས་དང་ཟ་ཁང་། ཚོང་ལས་པ་དང་འཛད་སྤྱོད་པ་དག་ཀྱང་ སྔར་དང་ཅུང་མི་འདྲ་སྙམ་བྱེད་ཅིང་། ཡར་མར་གྱི་འགྲོ་འོང་མང་ཆེ་བ་དག་ཀྱང་། ཕྱི་གླིང་གི་ཡུལ་སྐོར་བ་དང་། རྒྱ་གར་གྱི་སྤྲོ་འཆམ་པ་ཙམ་ཞིག་ཡང་དང་ཡང་དུ་མིག་ལ་མངོན་ཏེ་འོང་།
ཤིང་སྡོང་གི་ཡལ་ག་དག་ན་ཕན་ཚུན་ཕྲུ་གུ་ཆུང་ཆུང་རེ་ལྟོ་ལ་སྦྱར་ནས་མཆོང་ཞིང་ལྡིང་སྟེ་ཡང་རྩལ་སྦྱོང་བའི་སྤྲེའུ་དག་སྔར་བཞིན་ཡོད་པ་ཙམ་ལས་རི་ངོགས་འདིའི་ཡོད་ཚད་ལ་དེ་ལྟར་འགྱུར་བ་འགྲོ་བཞིན་པ་ཞིག་ཚོར། འགྱུར་བ་དེ་ཧ་ཅང་མགྱོགས་པོས་འགྲོ་བཞིན་པ་ཞིག་ཚོར། འགྱུར་བ་འདི་དངོས་གནས་མགྱོགས་དྲགས་པ་ལྟ་བུ་ཞིག་ཏུ་ཚོར།
རྡ་ས་འདིར་༸གོང་ས་ཐམས་ཅད་མཁྱེན་པའི་མཚན་སྙན་གྱི་བྱིན་རླབས་ཡོད་པས་མང་པོ་ཞིག་གིས་འདི་ལ་དོ་སྣང་བྱེད་ཅིང་། ཁ་བ་གངས་ཅན་གྱི་ལོ་རྒྱུས་དེབ་ཐེར་གྱི་ལེའུ་གལ་ཆེན་ཞིག་འདི་ནས་བྲིས་པས་གནས་འདིའི་གལ་ཆེན་རང་བཞིན་ནི་འགྲེལ་བརྗོད་བྱ་མ་དགོས་པ་ཞིག་ཡིན། ཁྱད་པར་བོད་དག་གི་སེམས་ངོགས་ན་གནས་འདི་ནི་ལྷ་ས་ཆུང་ཆུང་ཞིག་རེད། ༸གོང་ས་མཆོག་ཉིན་འདི་ཀར་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དུ་སྐུ་མཚམས་ལ་བཞུགས་བཞིན་ཡོད་པས་གཙུག་ལག་ཁང་དང་ཕོ་བྲང་གི་སྒོ་འགྲམ་ན་བསྟར་དུ་བསྒྲིགས་པའི་མཇལ་བ་དང་ཆོས་ཞུ་བ་དེ་མེད་པས་གནས་འདི་ལ་དམིགས་བསལ་ལྷིང་འཇགས་སམ་སྟོང་ལྷང་གི་ཚོར་བ་ཧ་ཅང་དམིགས་བསལ་ཞིག་སྤྲོད་ཀྱིན་ཡོད། ཉེ་ཆར་རྡ་སའི་ཚོང་ལས་གཉེར་མཁན་གྱི་རྒྱ་གར་ཡུལ་མི་ཞིག་གིས་ཏཱ་ལའི་བླ་མ་ཇྷེ་མི་བཞུགས་པའི་ཟླ་བ་གཉིས་ཀྱི་རིང་འདིར་ང་ཚོ་ལ་ཚོང་རྦད་དེ་ཡོང་གི་མི་འདུག་ཅེས་མིག་ཆུ་གཏོང་བཞིན་འདུག་ཟེར་བ་བདེན་མིན་མི་ཤེས་ཀྱང་། ཁོང་མི་བཞུགས་པའི་དུས་སྐབས་རེ་རེ་བཞིན་རྡ་རམ་ས་ལ་འདི་ཉིད་ཧ་ཅང་སྟོང་ལྷང་གི་རི་གྲོང་ཞིག་ཏུ་ཕྱིར་ལྡོག་བྱེད་བཞིན་ཡོད་པ་འདི་དངོས་ཡོད་རེད། རྒྱུ་མཚན་འདིས་བརྟགས་ཚེ། གཅིག་བྱས་ན་ཕལ་ཆེར་གནས་ཚུལ་མང་པོ་ཞིག་རྒྱུན་ལྡན་ཡིན་ཤས་ཆེ། ངེས་པར་རྒྱུན་ལྡན་ཡིན་སྲིད་ཅེས་ངས་རང་ལ་དེ་ལྟར་བསམ་བློ་གཏོང་རྒྱུའི་རེ་བ་བཏོན་པ་ཡིན། བསམ་བློ་གཏོང་སྟངས་འདིས་མ་མཐའ་ཡང་། སྐབས་རེར་སྐྱོ་ཤས་ཅན་གྱི་འགྱུ་འཕྲོ་ལ་ཚོད་འཛིན་བྱེད་ཐུབ་ཀྱི་འདུག མ་མཐར་ཡང་དེ་ལྟར་བསམ་ཆོག
ངས་བསམ་བཞིག་གི་སྣེ་མོ་དག་ཅི་ཐུབ་ཀྱིས་བསྟུངས་ཏེ་མགོ་བོ་དཀྲུགས་ཙམ་བྱེད་ཞོར་མུ་མཐུད་སླར་ཡང་འོ་མ་ཤེལ་ཕོར་གང་མངགས་ཏེ་བཏུང་བ་ཡིན།
མཐུང་ངམ་འཐུང་རེད་དམ། གོང་དུ་མཐུང་ལན་གཉིས་བྲིས་འདུག ཅིག་བྱས་ན་རྫ་ཚེས་དག་ཆ་གསར་རྩོམ་འདྲ་ཡིན་ཚེ་དགོངས་དག་ཞུ།