རྔ་རྒོད།
བོད་ཁམས་ཡོངས་ཀྱིས་རྟག་པར་བསྟོད་བསྔགས་བྱ་ཡུལ་གྱི་རྡུང་ལེན་ཞིག་སྟེ། ཚང་མར་ཆ་རྒྱུས་ཡོད་པའི་གཞས་ཚིག་གྲགས་ཅན་ཨ་ཁུ་པདྨ་ཞེས་པའི་ནང་དོན་ཇི་མ་ཇི་བཞིན་ཞིག་ང་ཚོས་རྟོགས་ཀྱིན་ཡོད་མེད་ཤོད་དཀའ་ཡང་། རྡུང་ལེན་འདི་བོད་ཕྱི་ནང་གཉིས་ཀྱིས་ཆེས་དགའ་བསུ་ཐོབ་པའི་རྡུང་ལེན་ཁྱད་འཕགས་དང་ཡག་ཤོས་སུ་འདོད་ཀྱིན་ཡོད་སྟབས། ཁོ་བོས་འདིར་ཨ་ཁུ་པདྨའི་གཞས་ཚིག་གི་ནང་དོན་དེ་ཆོས་སྲིད་གང་ལ་འགྲེལ་ཆོག་པའམ་སྦྱར་འོས་པའི་ཚིག་འགྲེལ་ཞིག་འབྲི་ཁུལ་བྱ། ཆོས་ལ་སྦྱར་ན།
ཨ་ཁུ་པདྨ་ཡེ།
རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན།།
ཡར་འཕུར་ན་དགོང་གི་རྒྱན་ཞིག་རེད།།
ཨ་ཁུ་པདྨ་ཡེ།
མར་བབས་ན་བྲག་རིའི་སྐྱིད་ཅིག་རེད།།
ཁྱོད་མེད་ན་བྲག་ཐེམ་སྟོང་བ་རེད།།
ཅེས་པའི་དངོས་བསྟན་ཨ་ཁུ་པདྨ་ཞེས་པའི་ཚབ་མཚོན་ངོ་མ་དེ་ནི་སློབ་དཔོན་པདྨ་འབྱུང་གནས་དེ་བྱ་རྒོད་པོ་ཐང་དཀར་གྱི་གཟུགས་སུ་བཀོད་ཅིང་འཕགས་བོད་ཟུང་འབྲེལ་གྱི་ནང་བསྟན་ཆོས་ལུགས་འདི་དུང་གི་སྐེ་རྒྱན་ཞིག་ལ་དཔེར་བླངས་ཏེ། ཀྱེ་སློབ་དཔོན་དམ་པ་ཁྱེད། ཡར་འཕུར་ན་ཨ་སྔོན་ཏེ་རྒྱ་གར་གྱི་རྒྱན་དང་། མར་བབས་ན་བསིལ་ལྡན་བྲག་རི་སྟེ་བོད་ཡུལ་གྱི་སྐྱིད་ཅིག་རེད། ཀྱེ་སློབ་དཔོན་དམ་པ་དེ་ཉིད་བཞུགས་མེད་ན་བྲག་ཐེམ་སྟེ་བོད་ཀྱི་ཡུལ་འདིར་སྟོང་བ་རེད་ཅེས་གང་ཟག་གི་བདག་མེད་བསྟན་ནོ།།
ཨ་ཁུ་པདྨ་ཡེ།
བྱ་ངང་བ་གསེར་གྱི་ཕྲེང་བ་ཅན།།
ཕར་འཕུར་ན་སྤང་རིའི་རྒྱན་ཞིག་རེད།།
ཨ་ཁུ་པདྨ་ཡེ།
ཚུར་འོང་ན་མཚོ་མོའི་སྐྱིད་ཅིག་རེད།།
ཁྱོད་མེད་ན་མཚོ་ཁ་སྟོང་བ་རེད།
ཅེས་སློབ་དཔོན་པདྨ་འབྱུང་གནས་དེ་བྱ་ངང་བའི་གཟུགས་སུ་བཀོད་ཅིང་དམ་པའི་ལྷ་ཆོས་དེ་གསེར་གྱི་ཕྲེང་བའི་དཔེར་བླངས་ཏེ། ཀྱེ་སློབ་དཔོན་དམ་པ་ཁྱེད། ཕར་སོང་ན་སྤང་རི་ཧི་མ་ལ་ཡི་རྒྱན་ཞིག་རེད་ལ། ཚུར་ཡོང་ན་རང་གི་ཕ་ས་སྟེ་མཚོ་པདྨ་དང་མི་ཕམ་གཡུ་མཚོ་སོགས་ཀྱི་སྐྱིད་ཅིག་ཀྱང་རེད། ཀྱེ་སློབ་དཔོན་དམ་པ་ལགས། ཁྱེད་མེད་ན་མཚོ་ཁ་སྟོང་བ་རེད་ཅེས་ཆོས་ཀྱི་བདག་མེད་དེ་བསྟན་ནོ།།
ཨ་ཁུ་པདྨ་ཡེ།
སྟག་ཤར་ར་དུང་གི་སོ་སྒོ་ཅན།།
ཕར་སོང་ན་སྡེ་བའི་རྒྱན་ཞིག་རེད།།
ཨ་ཁུ་པདྨ་ཡེ།
ཚུར་འོང་ན་ན་ཟླའི་སྐྱིད་ཅིག་རེད།།
ཁྱོད་མེད་ན་ཡིད་སེམས་སྟོང་བ་རེད།།
ཅེས་སློབ་དཔོན་པདྨ་འབྱུང་གནས་ཚང་དེ་གཞོན་ནུ་བློ་རིག་རྒོད་པོ་ཅན་ཞིག་གི་གཟུགས་སུ་བཀོད་ཅིང་ཁོང་གི་དུང་གི་སོ་སྒོ་དེས་མཐའ་གཉིས་སུ་མ་ལྷུང་བའི་ཐལ་འགྱུར་བའི་ལྟ་གྲུབ་མཚོན། ཀྱེ་སློབ་དཔོན་དམ་པ་ཁྱེད། ཕར་སོང་ན་རང་ཡུལ་ཨོ་རྒྱན་པདྨའི་རྒྱན་དང་། ཚུར་ཡོང་ན་སློབ་མ་ཆོས་གྲོགས་སོགས་ན་ཟླའི་སྐྱིད་ཅིག་ཀྱང་རེད། ཀྱེ་སློབ་དཔོན་དམ་པ་ཁྱེད། ཁྱེད་མེད་ན་ཡིད་སེམས་སྟོང་བ་རེད་ཅེས་པས། ཐབས་ཤེས་ཟུང་དུ་འབྲེལ་བའི་སྟོང་ཉིད་དེ་བསྟན་པ་ཡིན་ནོ།།
གཞན་སྲིད་ལ་མཚོན་ན། ཨ་ཁུ་པདྨ་ཞེས་པ་འདི་རང་རེའི་༧གོང་ས་༧རྒྱལ་བ་རིན་པོ་ཆེའི་ཚབ་མཚོན་ཞིག་རེད། དེའི་ཕྱིར་༧གོང་ས་ཐམས་ཅད་མཁྱེན་པ་མཆོག་ཕྱོགས་ཀུན་ཏུ་འཕུར་འོས་པའི་བྱ་རྒོད་པོ་དེ་ཐང་དཀར་གྱི་གཟུགས་སུ་བཀོད་ཅིང་། རང་གཞན་གཉིས་ཕན་གྱི་ལམ་དབུ་མ་དེ་དུང་གི་སྐེ་རྒྱན་གྱི་དཔེར་བླངས་ཡོད། ཀྱེ་༧གོང་ས་མཆོག་ལགས། ཡར་འཕུར་ན་ས་སྒང་གི་སྤང་རི་སྟེ་འཛམ་གླིང་གི་རྒྱན་ཞིག་རེད་ལ། མར་བབས་ན་བྲག་རི་སྟེ་གངས་ལྗོངས་ཡུལ་གྱི་བདེ་སྐྱིད་ཀྱང་རེད། ཀྱེ་༧གོང་ས་དམ་པ་མཆོག ཁྱེད་མེད་ན་བྲག་ཐེམ་སྟེ་བོད་ཡུལ་འདིར་སྟོང་བ་རེད་ཅེས་བོད་མིའི་བླ་སྲོག་དང་རྟེན་འབྱུང་གི་རིགས་ལམ་ཞིག་བསྟན་ནོ།། ཤོ་ལོ་ཀ་མཐའ་མ་གཉིས་ཀྱི་འགྲེལ་བ་ནི་གཞན་གྱི་ཆེད་དུ་བསྐྱུར་བ་ཙམ་མོ།།
མཇུག་གི་གཏམ་སྔོན་ཆད་ཁོ་བོས་གཞས་ཚིག་འདི་ལ་ཚིག་འགྲེལ་ཞིག་མ་མཐོང་མོད། གཞན་གྱི་འབྲེལ་བ་ཞིག་ཡོད་ཀྱང་སྲིད། སྤྱིར་ན། གཞས་ཚིག”ཨ་ཁུ་པདྨ”དང་གཞས་ཚིག”ཤར་ཕྱོགས་རི་བོའི་རྩེ་ནས”གཉིས་མཉམ་པོར་བསྡུར་ན་བརྗོད་བྱ་དོན་གྱི་ཆ་ནས་དེ་གཉིས་ཀྱིས་རང་རང་གི་དགའ་སའམ་དད་པའི་གང་ཟག་ཁྱད་པར་བ་ཞིག་དྲན་གདུང་བྱས་པ་ཞིག་རེད། འོན་ཀྱང་རྗོད་བྱེད་ཚིག་ལ་བརྗོད་བྱ་ཁ་གསལ་མི་གསལ་དང་གཞན་གྱི་སྙན་ངག་ལ་ལད་ཟློས་བྱས་མིན་གྱི་ཁྱད་པར་ཅུང་ཙམ་འདུག
གང་ལྟར་དགོས་མཁོའི་དབང་གིས་གཞས་ཚིག་གྲགས་ཅན་ཨ་ཁུ་པདྨའི་ནང་དོན་དེ་ཕྱོགས་གང་ནས་བལྟས་ན་ང་ཚོས་འདིའི་སྐོར་རྒྱ་ཇེ་ཆེར་དང་གཏིང་ཇེ་ཟབ་ཏུ་གཏོང་མ་ཐུབ་རུང་། གཞས་ཚིག་འདིའི་ནང་དོན་དེ་ཆུང་ངུ་ཞིག་ཏུ་མི་བསྒྱུར་རྒྱུ་ནི་ངའི་རེ་བ་ཉིད་ཅིག་གོ ། གཞན་ཁ་ཤས་ཀྱིས་གཞས་ཚིག་འདི་ལ་དག་ཆ་མི་འདྲ་བ་རེ་བྲིས་ཡོད་ཀྱང་ཁོ་བོས་འདིར། རྒན་དཔལ་མགོན་མཆོག་གི་སྐད་གདངས་དང་བརྡ་སྤྲོད་གཉིས་ལ་གཙོ་བོར་བསྟུན་ཡོད་ཅེས།
༢༠༡༤/༦/༡༠ ལ་དབྱིན་ཡུལ་ནས།
འགྲེལ་བཤད་ལེགས་པོ་གནང་འདུག
ཨ་ཁུ་པདྨ་ཟེར་བའི་གཞས་ཚིག་ནི། ཡིན་ངོ་མ་བོད་ཀྱི་ལ་གཞས་ཤིག་གི་ཚིག་རེད། དེ་ཐོག་མར་ཡིག་ཐོག་ཏུ་མཚོ་སྔོན་མང་ཚོགས་སྒྱུར་རྩལ་ལམ་ཟླ་ཟེར་དུས་དེབ་གང་རུང་ཞིག་ནང་མཐོང་མྱོང་། ད་ལྟ་དུས་དེབ་དེ་གཉིས་ཀྱི་གང་དུ་གསལ་ཡོད་པ་དྲན་གྱི་མི་འདུག འདོན་ཐེངས་གང་ཞིག་ཡིན་ཡང་དྲན་གྱི་མི་འདུག་མ་གཏོགས། མཚོ་སྔོན་མང་ཚོགས་སྒྱུར་རྩལ་ལམ་ཟླ་ཟེར་དུས་དེབ་གང་རུང་ཞིག་གི་ནང་ན་ཡོད། དེ་བཀོད་པའི་ཤོག་ངོས་ཕྱེད་ཀ་མ་དེར་ད་དུང་། ཨ་མདོའི་ལ་གཞས་ཞེས་མགོ་བརྗོད་ཀྱང་བཀོད་ཡོད།
དཔལ་མགོན་གྱིས་རྩོམ་པ་ཡིན་ནམ། དགུ་རུང་རྒྱལ་སྲས་ཀྱིས་རྩོམ་རེད་ཞེས་པ་ཐོས་མྱོང་ཡོད། གང་ལྟར་སེམས་ལ་འཕྲོད་པོ་བྱུང་། སྙན་བྱུང་ངོ། ཡིན་ན་ཡང་གོང་ས་མཆོག་ནི་སྟག་ཤར་ཟེར་ན་ཨེ་འགྲིག་ན།
སྲིན་པོ་རྫ་རྒན་དང་པདྨ་གཉིས་ལ་ཞུ་རྒྱུར།ཨ་ཁུ་པདྨའི་ཚིག་རྩོམ་པ་བོ་སུ་ཡིན་ངས་ཤེས་ཀྱིན་མེད་གཞན་ཟླ་ཟེར་ནང་ཨ་ཁུ་པདྨའི་ཚིག་གཅིག་པོ་རང་བྲིས་འདུག་གམ་ཡང་ན་ཚིག་འགྲེལ་ཞིག་ཡོད་དམ་ལན་ཞིག་གནང་རོགས་མཁྱེན་ཁོ་བོས་དེ་དངོས་ནས་མ་མཐོང་། བཀའ་དྲིན་ཅན་རྒན་དཔན་མགོན་མཆོག་གིས་སློབ་མ་རང་ལས་མཁས་པ་གསུམ་གསོ་སྐྱོང་མཛད་ཡོད། དཔེར་ན་འབུད་རྡུང་དཀྲོལ་གསུམ་ལ་སློབ་མ་རང་ལས་མཁས་པ་སྐུ་ཞབས་རྡོ་རེ་མཆོག་དང་། སྐད་གཟེངས་མཐོན་པོ་དང་འབྲོག་གླུའི་ཕྱོགས་ལ་སློབ་མ་རང་ལས་མཁས་པ་སྐུ་ཞབས་ལུ་གུ་རྒྱལ་མཆོག་དང་། ཀུན་ལ་གྲགས་ཤིང་སློབ་མ་ཀུན་ལས་ཆེས་གདེང་འཇོག་བྱ་འོས་པ་དེ་བོད་ཕྱི་ནང་གི་གླུ་བ་གླུ་མ་ང་ཡིན་ཁོ་ཡིན་བསམ་མཁན་མང་བོས་བསྐྱར་བསྡུས་དང་ཉམས་ལེན་བྱེད་སའི་རྩོད་མེད་ཡོངས་གྲགས་རྡུང་ལེན་མཁན་པོ་དཔལ་བདུད་བྷེ་མཆོག་སོགས་རེད།
ཧ་ཧ་ཧ། ཡ། དེ་ན།
ཨ་ཁུ་རྔ་རྒོད་ཡེ།
རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན།།
ཡར་འཕུར་ན་དགོང་གི་རྒྱན་ཞིག་རེད།།
ཨ་ཁུ་རྔ་རྒོད་ཡེ།
མར་བབས་ན་བྲག་རིའི་སྐྱིད་ཅིག་རེད།།
ཁྱོད་མེད་ན་བྲག་ཐེམ་སྟོང་བ་རེད།།
འདི་ལ་ཆོས་སྲིད་གང་རུང་གི་རྩ་འགྲེལ་ཞིག་གནང་རོགས་གནོངས། དེ་འདྲ་མ་བྱུང་ན་ཡང་འགྲེལ་ཞིག་འབྲི་རོགས་གནོངས། རིག་རྒོད་ཞིག་ཡིན་པ་འདྲ། ཧ་ཧ་ཧ། རྒན་དཔལ་མགོན་གྱི་སྐུ་ད་ལྟ་བཞུགས་ཡོད་པ་རེད་དོ། ཁོང་གི་སྐུ་དྲུང་ནས། གཞས་འདི་ལ་གསན་འགྲེལ་ཞིག་བྲིས་ན་ཅི་དྲག། ཐུགས་རྗེ་གཟིགས།
རྒན་དཔལ་མགོན་དང་ཁོང་གི་དགེ་ཕྲུག་བདུད་བྷེ་གཉིས་ཀྱི་གདུང་ལེན་ལྟ་བུ་ཞིག་སུས་ཀྱང་ལེན་ཐུབ་མཁན་མི་འདུག ངོ་མ་འདི་གཉིས་ཀྱི་རྡུང་ལེན་རྙིང་པ་དེ་ཚོ་ད་ལྟ་ཉན་ན་ལྷག་ཏུ་སྙན།
རྒན་དཔལ་མགོན་དང་འཇིག་བྱེད་མཚོ་གཉིས་ཀྱིས་མཉམ་དུ་བླངས་པའི་འཁོར་ཐག་ཅིག་ཡོད་པ་དེ་ཧ་ཅང་ཉན་འདོད་ཆེ་ཡང་དེང་སང་མཐོང་རྒྱུ་མི་འདུག དེ་འོད་སྡེར་ནང་ལ་མེད་པ་རེད་དམ། གལ་ཏེ་རྣམས་པ་ཚོས་མཁྱེན་ན་གང་ནས་རག་ཐུབ་མིན་ཅིག་གསུང་རོགས།
ཨ་ཁུ་པདྨ་ཨེ་་་་་་་་
https://www.youtube.com/watch?v=OZCJFenIzq4
ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་འགྲེལ་བཤད་རྒྱག་མཁན་གྱི་བླ་གྲྭ་འགའ་རེ་དང་། ཨ་ཁུ་པདྨ་ཟེར་བའི་གཞས་ཚིག་ལ་འགྲེལ་བཤད་རྒྱག་མཁན་གྱི་རྔ་རྒོད་སོགས་ཀྱིས་དེང་སང་ལག་མི་ཐོགས་པའི་དམངས་ཁྲོད་རྩོམ་རིག་གི་དཔྱད་ཞིབ་དང་ཁྱད་ཆོས་སོགས་འཁོད་པའི་དེབ་རེར་བལྟས་ན་ཡག་ས་རེད།
ལོ་རབས་དགུ་བཅུའི་ནང་རྡུང་ལེན་པ་དཔལ་མགོན་གྱིས་བླངས་པའི་༼ཨ་ཁུ་པདྨ།༽ ཟེར་བའི་གླུ་གཞས་འདི་ཨ་མདོའི་དམངས་ཁྲོད་ན་ཡོད་པའི་གླུ་གཞས་རྙིང་བ་ཞིག་རེད། རྒན་དཔལ་མགོན་ཁོང་གིས་ཀྱང་དམངས་ཁྲོད་ཀྱི་གླུ་གཞས་ཤིག་ཡིན་པར་འགྲེལ་བརྗོད་གནང་ཡོད། གོ་ཚོད་ལ་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ན་གནའ་བོའི་དམངས་ཁྲོད་ཀྱི་གླུ་གཞས་འདི་འདྲ་ད་དུང་ཡང་མང་དུ་ཡོད་པར་བཤད། རྒན་དཔལ་མགོན་ཁོང་ལ་མཚོན་ན། ཆབ་སྲིད་སོགས་དང་མ་འབྲེལ་བར། གནའ་བོའི་བོད་ཀྱི་དམངས་ཁྲོད་ན་དར་ཁྱབ་ཆེ་བའི་དབྱངས་རྟ་དང་གླུ་གཞས་སོགས་བདེ་མོའི་ངག་ལ་གྱེར་ཏེ་སྒྱུ་རྩལ་གྱི་མཛེས་པ་གཙོ་བོར་སྔོག་འདོན་གནང་མཁན་ཞིག་ཡིན། ཁོང་གིས་ད་སྔ་བླངས་ཟིན་པའི་གླུ་གཞས་ཁག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་གླུ་ངག་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་བཞེངས་བསྐྲུན་བྱས་ཡོད། འདི་ནི་རྩམ་དྲི་མ་ཡལ་བའི་བོད་ཀྱི་གླུ་གཞས་རིག་གནས་སྒྱུ་རྩལ་གྱི་ཁྱད་ཆོས་ངོ་མ་དེ་རེད།
སྤྱིར་གླུ་ཚིག་མང་བོ་འགྲེལ་བཤད་སྣ་ཚོགས་པ་རྒྱག་གིན་འདུག སྣ་ཚོགས་པ་ཡོང་དོན་རྨོངས་ཚོད་ཀྱིས་ཐག་བཅད་པ་ཞིག་ལས་ཅི་ཡང་མ་རེད། ང་རྒོད་ཡང་དེའི་གྲས་ཀྱི་མི་སྣ་ཚབ་མཚོན་ཞིག་ལས་ཏན་ཏན་ཡོད་བ་མ་རེད། དེར་བརྟེན་འགྲེལ་བཤད་སྣ་ཚོགས་དགོས་དོན་མི་འདུག་སྙམ། གཙོ་བོ་རང་ཉིད་མྱོང་བ་དེ་རེད། རབ་བྱུང་ན་རང་ཉིད་མྱོང་ཚོར་དེ་ཡིག་ཐོག་ལ་འགོད་ཐུབ་ཚེ། དེ་ནས་ང་ཚོས་གླུ་ཚིག་འདིས་བསྟན་དོན་མཐོང་ཐུབ་པ་འདྲ། མ་རེད་དམ།
༡༽ངའི་གྲོགས་པོ་ཞིག་ལ་གླེང་མོལ་ཞིག་གི་སྐབས་ཨ་ཁུ་པདྨའི་ཚིག་དབྱངས་ཀྱི་རྩོམ་པ་པོ་སུ་ཡིན་འདྲི་སྐབས་ཁོས་དེའི་དོན་རྒན་དཔལ་མགོན་ལ་དྲིས་མྱོང་ཟེར། རྒན་དཔལ་མགོན་གྱིས་བཤད་རྒྱུར་ཚིག་དམངས་ཁྲོད་ཀྱི་གཞས་ཚིག་ཅིག་རེད། དབྱངས་ཁོས་སྦྱར་ཡིན་ཟེར་གི
༢༽ཨ་ཁུ་པདྨའི་གཞས་ཚིག་གི་འགྲེལ་བ་ཞིག་སྙན་ངག་པ་རྨ་འོད་ཀྱིས་བརྩམས་ཤིང་རྡུང་ལེན་པ་རྡོ་རེད་དང་དགའ་ལྡན། ཆོས་མཚོ་སྐྱིད། ལྷ་སྐྱིད་བཅས་ཀྱིས་མཚོ་སྔོན་ལོ་སར་དགོང་ཚོགས་ཤིག་ཏུ་གྱེར་འདུག རྨ་འོད་ཀྱི་བཤད་དོན་དེང་སང་མང་པོ་ཞིག་གིས་ཨ་ཁུ་པདྨའི་གཞས་ཚིག་ལ་སྣ་ཚོགས་ཤིག་འགྲེལ་གྱིན་འདུག་མོད་ངས་དཔལ་མགོན་ལ་ཁ་བརྡ་ཞིག་བྱས་པས་ཁོང་སེམས་ཁུང་གི་ཨ་ཁུ་པདྨ་འདི་འདྲ་ཞིག་ཡིན་པ་འདོད་དེ་གཞས་དེའི་ཚིག་འགྲེལ་དུ་བྲིས་ཞེས་ཁོང་གིས་ང་ལ་སྐད་འཕྲིན་དུ་བཤད།
༣༽སྤྱིར་ན་སྙན་ངག་རབ་ཞིག་ལ་རང་རང་གི་གོ་བ་སྣ་ཚོགས་ཤིག་བླང་ཆོག་པ་བཞིན་གཞས་ཚིག་འདི་ལའང་དེ་ལྟར་བྱས་ན་མི་འགྲིག་པ་མེད་སྙམ།
སློབ་དཔོན་རིན་པོ་ཆེར་དཔེར་བཀོད་ནས་གླུ་ཚིགས་བྲིས་པ་དེ་རྟེན་འབྲེལ་བཟང།
བོད་སྤྱི་ཡི་བསོད་ནམས་ལ་ཕན་པའི་ལས་རེད། དག་སྣང་སྦྱོང་ཨ།
ཆོས་སྲིད་གང་ལ་ཡང་སྦྱར་ཆོག་པའི་འགྲེལ་བཤད་ངར་བ་བྲིས་ཐ་ཡ། ཨ་ལ་ལ། ཧཧཧཧཧ
རྔ་རྒོད་ཨ་ལ་ལ། ཚིག་འགྲེལ་ཟེར་ནོ་རེད།
ཨ་མདོའི་དམངས་གླུའི་ཆེས་སྤྱིར་བཏང་གི་ཁྱད་ཆོས་སྟེ་གོང་མ་གཉིས་དཔེ་དང་རྗེས་མ་དཔེ་ཅན་ནམ་དོན་ཡིན་པའི་རྒྱུན་ཤེས་ཕྲ་མོ་དེ་ཙམ་ཡང་མེད་པར་གང་འདོད་དུ་ཉོག་བཤད་བྱེད་པའི་སྙིང་སྟོབས་དེ་རྔ་རྒོད་ཟེར་བའི་ཤེས་ལྡན་ཁྱོད་ལ་སུས་སྤྲད་པ་ཡིན་ནམ།
ཨ་ཁུ་པདྨ་ཟེར་ན་པདྨ་འབྱུང་གནས་ལ་གོ་དགོས་ན། ཤྭ་ཡུ་མོ་ཤྭེའུ་ཟེར་ན་སུ་ལ་གོ་དགོས་སམ། ཧཧཧ། ད་དངོས་ནས་བཤད་སྲོལ་མེད་གི
ཤྭ་ཡུ་མོ་ཤེ་ཟེར་ཡ་དེ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གོ་དགོས་རེད། ཧཧཧཧ
ཉིན་ཤས་ལ་སྒུག་རོགས། ཤྭ་ཡུ་མོའི་ཚིག་འགྲེལ་དོན་འགྲེལ་དང་བཅས་མི་འགྱང་བར་ཁྱེད་ཚོའི་སྤྱན་ལམ་དུ་བཏང་ཡོང་།
ངའི་ངོ་དེབ་ནང་ལ་ཨ་ཁུ་པདྤ་འདི་རྙེད་བྱུང་བས། ལན་ཅིག་ཉོནད་དང་།
https://www.facebook.com/photo.php?v=10152479668091460&set=vb.824661459&type=2&theater
Tibetan song Aku Pema by Amar Mende Traditional Mongolian Buryat singer .
སོག་མོས་བཏང་བ།
https://www.facebook.com/photo.php?v=10152479668091460&set=vb.824661459&type=2&theater
ཆ་ཚང་ཉན་ཐུབ་ན། གཏོང་སྟངས་མི་འདྲ་གཉིས་འདུག
https://www.facebook.com/photo.php?v=10152479668091460&set=vb.824661459&type=2&theater