ཨ་འདུས་སྐལ་བཟང་རྒྱ་མཚོ།
ཉིན་མོ་དེ་ནི། ང་ཚོར་མཚོན་ན། རེས་གཟའ་སྤེན་པ་ཡིན་པས། ཡུན་རིང་ཞོགས་ཉལ་བྱས་པ་ཡིན། ཆུ་ཚོད་བརྒྱད་པ་ཙམ་ལ་ཡར་ལངས་ཏེ་མཆེད་གྲོགས་དཔལ་འབར་ལགས་དང་ལྷན་དུ་འཆར་ཅན་བཞིན་ཞོགས་ཇ་ལྷོད་ལྷོད་ཅིག་བཏུང་བ་ཡིན། ད་རྗེས་ངས་ཁ་སང་ནུ་བོ་བསྟན་ཆོས་ལ་ཆེད་མངགས་བྱས་པ་བཞིན་ཡུན་རིང་ཞལ་མཇལ་མ་བྱུང་བའི་བརྩེ་བའི་རྨོ་རྨོ་ལགས་དང་། ཨ་མ་གཉིས་ལ་བརྙན་མིག་བརྒྱུད་ཁ་བརྡ་ཡུན་རིང་ཞིག་ལ་བྱས། ང་ཚོས་སྤྱིར་བཏང་གི་གནས་ཚུལ་རིགས་མང་པོ་ཞིག་བརྙན་མིག་བརྒྱུད་ནས་གླེང་དུས། ངས་ཨ་མ་ལགས་ཀྱིས་ང་ཚོར་འདྲ་ཞིག་ཡོད་པས། ད་ནི་ངོ་མ་ལྷན་འཛོམས་བྱུང་བ་ལྟ་བུའི་སྤྲོ་སྣང་ཡོང་གི་འདུག་གསུངས། རྨོ་རྨོ་ལགས་ནི་རྒ་བས་ཁུར་གྱིས་ནོན་པས་ཡིན་ནམ། ཡང་ན། དྲན་གདུང་གིས་གཟིར་བས་ཡིན་ཅི་ཆ་སྟེ། གད་མོ་འདྲ་ཤོར་ནས་ངའི་གདོང་ལ་ཅེར་ནས་འདུག་པ་ལས། དམིགས་བསལ་གྱི་བཀའ་མོལ་དེ་གསུང་རྒྱུ་མི་འདུག བརྙན་མིག་ལས་ང་ཚོའི་ཁ་བརྡ་བྱས་པའི་གོ་སྐབས་བརྒྱུད་ནས་ངས་ཁོང་གཉིས་ལ་མ་ཎི་ཡི་གེ་དྲུག་མའི་བརྡ་དོན་སྐོར་ནས་༧གོང་ས་མཆོག་གི་གསུང་སྒྲོས་འགའ་རེ་འགྲེལ་བཤད་བྱས། དེ་དུས་ངས་དེ་སྔོན་ཅི་ཡང་གྲགས་འགུལ་མེད་པའི་ངའི་རྨོ་རྨོ་ལགས། གློ་བུར་གྱི་སྤྲོ་ཉམས་ཀྱིས་ཁེངས་བྱུང་། མ་ཟད་ཁོང་གིས་ང་ལ་མཐེ་བོང་བསྒྲེངས་ཀྱི་འདུག ངས་མགོ་བོ་སྒུར་ནས་གཟབ་ནན་གྱིས་ཉན་བཞིན་པའི་རྨོ་རྨོ་ལགས་དང་། བརྗོད་བྱའི་དོན་ལ་དམིགས་པ་གཏད་ནས་ཡོད་པའི་ཨ་མ་ལགས་ཀྱི་ལུས་ངག་གི་རིག་བྱེད་དེ་དག་མཇལ་དུས། ངོ་མ་རང་ཉིད་ཀྱིས་ཀྱང་ཁོང་ཚོར་ཕན་ཅུང་རེ་ཐོག་སོང་ཨང་སྙམ་པའི་སྤོབས་པ་ཡོང་གི་འདུག དེ་ནི་ཁོང་ཚོས་མི་ལོ་བཅུ་ཕྲག་འགའི་ཡར་སྔོན་དུ་རང་གི་ནུ་ཞོས་གསོས་ཤིང་། གཟུགས་པོའི་དྲོད་ཀྱིས་བསྲད་དེ། ད་གཟོད་འཚར་ལོངས་བྱུང་བའི་བུ་རུལ་ཁོ་བོར་ཡིད་ཆེས་ཤིག་དང་། རེ་བ་ཞིག་གི་རྣམ་འགྱུར་བསྟན་པ་མཐོང་བས་རེད།
དེ་ལྟར་ང་ཚོའི་ཕ་ཡུལ་གྱི་སྐོར་གྱི་ཁ་བརྡ་འདྲ་མིན་ཞིག་བྱས་རྗེས། གཟའ་འཁོར་རྗེས་མའི་ནང་དུ་སླར་ཡང་ངས་ཁོང་གཉིས་ལ་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་སྐོར་ནས་ཁ་བརྡ་བྱ་རྒྱུའི་ཁས་ལེན་བྱས་པ་ཡིན། འོན་ཀྱང་ངའི་ཁ་པར་ནང་གི་དྲ་ཤུགས་གློ་བུར་དུ་ཆད་སོང་། དེ་ནས་བཟུང་རྦད་དེ་ཆད་སོང་བས་ང་རང་ཤག་ནས་ཕྱིར་བུད་པ་ཡིན། འོན་ཀྱང་དྲ་ཤུགས་རྦད་དེ་བརླགས་སོང་། འོན་ཀྱང་། དེ་ནི་ཇི་འདྲའི་འཇིགས་སུ་རུང་བའི་ཚོར་སྣང་ཞིག་གི་སྔོན་བརྡ་ཙམ་སྟེ། གནས་སྐབས་དྲ་ལམ་ཆད་པ་དེ་ནི། ཁོ་བོ་སྒེར་ལ་མཚོན་ན། ཉེན་སྐྱོབ་ཀྱི་ལམ་བུ་ཞིག་ཏུ་ཨུ་ཚུགས་ཀྱིས་དྲངས་པ་དང་འདྲ་སོང་། དེ་ནས་ཁོ་བོས་གདོང་པ་ཞིག་འཁྲུད་དགོས་སྙམ་སྟེ་ཁྲུས་ཁང་དུ་སོང་། ཐོག་བརྩེགས་བཞི་བའི་རང་ཤག་ནས་མར་བུད་དེེ་སློབ་གྲྭའི་སྤྱི་ཐབ་ཕྱོགས་སུ་བལྟས་པ་ན། སྤྱི་ཐབ་ན་དགེ་སློབ་ཚོས་གྲོས་ཇ་འཐུང་བཞིན་པའི་སྣང་བ་ཞིག་མིག་སྔར་འཁོར་བྱུང་བས། ཅུང་ཡ་མཚན་དང་བཅས་ག་ལེར་མར་ཡོང་བ་ཡིན། འོན་ཀྱང་། ཡ་མཚན་པ་ཞིག་ལ། སྤྱི་ཐབ་ན་གྲྭ་བ་གཅིག་ཀྱང་འབྱོར་མི་འདུག་པས་ང་རེ་ཞིག་ཧང་སང་བ་ལྟ་བུའི་སྣང་བ་བྱུང་། ཅུང་ཙམ་གྱི་རྗེས་ནས་སློབ་གྲོགས་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་འབྱོར་སོང་། ང་ཚོས་ནམ་རྒྱུན་བཞིན་བང་བསྒྲིགས་ཏེ་གྲོས་ཇ་ལེན་བཞིན་པའི་སྐབས་དེར་གློ་བུར་དུ་འཇིགས་སུ་རུང་བའི་འུར་སྒྲ་ཞིག་དང་ལྷན་དུ་ཡོད་ཚད་འགུལ་བྱུང་། གནམ་གྲུ་མཁའ་ལ་འཕུར་བའི་སྐད་ཤུགས་ལས་ཀྱང་ཆེ་བའི་ལྡིར་སྒྲ་དེས། ནམ་ཡང་གོ་ན་མི་འདོད་པའི་འུར་སྒྲ་དེས། དུས་བཞིའི་དྲོད་གྲང་སྙོམས་པའི་རམ་འདེགས་ཁྲོད་མཛེས་སྡུག་གི་སྐྱོམ་བཞིན་པའི་རི་ཆུ་ནགས་གསུམ་དང་། ང་ཚོའི་སེམས་པར་བརྗོད་དཀའ་བའི་ན་ཟུག་བསླངས་སོང་ལ། ང་ཚོའི་མིག་སྔའི་འཇིག་རྟེན་ལ་འཚོ་གནས་ཀྱི་ཡིད་ཆེས་བརླགས་བཅུགས་སོང་།
རི་ཚོགས་དང་ཆུ་བོ་སྒུལ་ཞིང་། ཁང་ཁྱིམ་དང་གཞུང་ལམ་དཀྲུགས་པའི་ས་འགུལ་དེ་ནི། ཇི་འདྲའི་སྙིང་རྗེ་བྲལ་བའི་རྫུ་འཕྲུལ་གྱི་གཤེད་མ་ཞིག་དང་འདྲ་བར། སྐད་ཅིག་ཙམ་ལ་མི་བུ་སྟོང་ཕྲག་མང་པོའི་ཚེ་སྲོག་བཙན་གྱིས་འཕྲོག་སོང་། རྦད་དེ་འཕྲོགས་སོང་ཨང་། ས་འགུལ་བའི་དུས་ཚོད་དེ་ནི་ཏག་ཏག་ཉིན་གུང་ཆུ་ཚོད་བཅུ་གཉིས་དང་། སྐར་མ་ང་བརྒྱད་ཙམ་གྱི་སྟེང་རེད། ལག་པ་ཆད་རུང་མགོ་བོ་བདེ་འཇགས་ཡིན་པའི་གནས་ལུགས་ཀྱི་ངོས་ནས་ཞིབ་འདང་རེ་བྱས་ན། སུས་ཀྱང་བཟློག་དཀའ་བའི་ས་འགུལ་དེ་བྱུང་དུས་གཏན་ནས་ནོར་མེད་པ་འདྲ། དེའི་རྒྱུ་མཚན། གལ་སྲིད་ས་འགུལ་དེ་མི་ཚོགས་འབུམ་ཕྲག་མང་པོ་གཉིད་དུ་ཡུར་བའི་མཚན་མོ་ཞིག་ལ་བྱུང་ཡོད་ཚེ། ཤི་རྨས་ཀྱི་གྲངས་འབོར་ད་ལྟ་ལས་ལྡབ་མང་པོས་འཕར་ཡོད་པ་གསལ་པོ་རེད། ས་འགུལ་འབྱུང་སའི་ལྟེ་བ་ནི། གོར་ཁ་དང་། བོད་ཀྱི་ས་མཚམས་དང་ཐག་ཉེ་བའི་སིནདྷཱིཔལ་ཅོག་གཉིས་ཡིན་ནའང་། མི་གྲངས་ཤི་རྨས་ཀྱི་གྲངས་འབོར་དང་གཏོར་བཅོམ་གྱི་ཚད་གཞི་དེ་རྒྱལ་སའི་ཤར་བྱང་མཚམས་སུ་ཡོད་པའི་བྷག་དྷ་པུར་ལ་ཡང་ཧ་ཅང་ཚབ་ཆེན་བྱུང་ཡོད། ད་ལྟའི་ཆར་གསར་འགོད་བརྒྱུད་ལམ་དུ་མི་གྲངས་ལྔ་སྟོང་བརྒྱད་བརྒྱ་བརྒལ་བ་ཤི་རྨས་བྱུང་བའི་ཟིན་ཐོ་བཀྲམ་ཡོད་མོད། ཤི་རྨས་ཀྱི་གྲངས་འབོར་ཉིན་རེ་བཞིན་འཕར་བཞིན་ཡོད། ས་འགུལ་འདིའི་ཤུགས་ཚད་ནི་༧།༩། ཡིན་པས། ཤུགས་ཚད་ཀྱི་ངོས་ནས་མི་ལོ་བརྒྱད་ཅུ་ལྷག་གི་རིང་ད་བར་ལོ་རྒྱུས་སྟེང་བལ་ཡུལ་དུ་བྱུང་མྱོང་མེད་ཚུལ་གསར་འགྱུར་བརྒྱུད་ལམ་དུ་བསྒྲགས་སོང་། ས་དཔྱད་ཚན་རིག་པ་ཚོས་བཤད་ན། ས་ཡོམ་འབྱུང་ས་དག་ནི་གཙོ་བོ་ཧི་མ་ལ་ཡི་རི་རྒྱུད་དང་། གོ་ལ་འགྲུབ་བྱེད་ཀྱི་རྡོ་ལེབ་ཆེན་མོ་དག་གི་མཐུད་མཚམས་དག་ཏུ་ཡོང་ཚུལ་བཤད། གོ་ལ་འདི་རྡོ་ལེབ་ཆེན་པོ་འགས་གྲུབ་ཡོད་ལ། དེའི་མཐུད་མཚམས་དག་ཏུ་ས་འགུལ་གྱི་རིམ་པ་སྣ་ཚོགས་ཤིག་ཡོང་བ་ནི་ཧ་ཅང་རྒྱུན་ལྡན་ཡིན་ཟེར། རི་བོ་ཧི་མ་ལ་ཡ་གཙོ་བྱས་པའི་གནམ་འདེགས་གངས་རིའི་ཚོགས་ཀྱང་ས་གཡོས་བའི་འགུལ་ཤུགས་ཀྱིས་གྱེན་དུ་བསླངས་ཚུལ་བཤད། གང་ལྟར་མིག་སྔར་ས་འགུལ་བ་ནི། སྡོད་ཁང་གཅིག་འགུལ་བ་ཙམ་མིན་པར། སའི་གོ་ལའི་སྣེ་མོ་ཞིག་འགུལ་བ་རང་ཡིན་པས། འདི་ལ་སུ་ཞིག་གིས་ཁ་གཏད་གཅོག་ཐུབ་ཨང་།
ཉིན་དང་པོ།
ཉིན་གུང་ཆུ་ཚོད་བཅུ་གཉིས་མ་ཟིན་ཙམ་ལ་བསྟུད་མར་ཤུགས་ཚད་ཧ་ཅང་ཆེ་བའི་ས་ཡོམ་བྱུང་བས་མི་རྣམས་ཀྱིས་ཉིན་གྱི་ཟས་བརྗེད་ཅིང་། མཚན་མོའི་གཉིད་བོར་དེ་རང་བྱུང་ཁམས་ཆེན་མོར་འཚོ་གནས་ཀྱི་རེ་ཐག་ཆད་པ་ལྟ་བུའི་གནས་སུ་གྱུར། དེ་བས་ཀྱང་མཚན་མོར་གནམ་འཐིབ་སྟེ་ཆར་བབས་པས། ས་ཡོམ་གྱིས་ཁང་ཁྱིམ་བོར་བའི་མི་ཚོགས་དང་། སྡོད་ཁང་ཡོད་ཀྱང་ས་ཡོམ་གྱིས་འཇིགས་པའི་མི་དག་བསམས་ཤིང་བསམ་ནི་ངོ་མ་སྙིང་རྗེ་བའི་གནས་སུ་གྱུར། འོན་ཀྱང་། སྐབས་དེར་ང་ཚོ་རང་ཉིད་ཀྱང་རས་གུར་རལ་བོ་ཞིག་གི་འོག་ནས་ཆར་ཐིགས་ལ་བཟོད་སྒོམ་གྱིས་སྡོད་དགོས་བྱུང་བས། ནམ་རྒྱུན་སྙིང་རྗེ་དང་། བྱང་སེམས། སྟོང་ཉིད་ཀྱི་ཚིག་རོ་སྒྲོག་པའི་ང་ཚོས་ཁོ་ཚོའི་ཆེད་དུ་ཅི་ཡང་བྱེད་མ་ནུས་པ་ནི། ཅི་འདྲའི་ངོ་གནོང་དགོས་པའི་དུས་སྐབས་ཤིག་སྐྱོ་བོ་ཞིག་རེད་ཨང་། འོན་ཀྱང་དུས་སྐབས་དེར་ང་ཚོ་རང་ཉིད་ཀྱང་འཚོ་གནས་ལ་ཡིད་ཆེས་མ་བོར་ཙམ་གྱི་ངང་དུ་ལུས་པས་ཅི་བྱར་ཡོད། ལྷག་པར་ས་ཡོམ་གྱི་དུས་སྐབས་དེར་ཁོ་བོར་མཚོན་ན། དཀོན་མཆོག་དྲན་རྒྱུ་མ་ཟད། ཐོགས་མེད་ནས་གོམས་པའི་ངར་འཛིན་གྱི་བློ་མངོན་གྱུར་བ་དེ་ཡང་རེ་ཞིག་འཇིགས་སྣང་གིས་བོར་སོང་། ག་ལེར་བསམས་ཤིང་བསམས་ན་ནི། དཔྱིད་ཀྱི་དཔལ་མོའི་མཛེས་སྡུག་ཁྲོད་ཀྱི་བལ་ཡུལ་འདི་གློ་བུར་ས་འོག་ཏུ་ནུབ་འགྲོ་བའི་སྣང་བ་བྱུང་།
ཉིན་གཉིས་པ།
ས་འགུལ་མཚམས་མི་ཆད་པར་ཡོང་བཞིན་ཡོད། འོན་ཀྱང་འདི་ལྟར་བསྡད་ཚེ་ཉེ་འཁྲིས་ཀྱི་མང་ཚོགས་ཚོའི་མིག་སྔར། ཤཱཀྱའི་སྲས་གྲལ་དུ་འཚང་བའི་ང་ཚོ་ནི་ཡུལ་སྐོར་ལྟད་མོ་བ་ཞིག་དང་འདྲ་བར་ལུས་རྒྱུ་རེད། དེ་བས་ས་འགུལ་ཁྲོད་བཀྲེས་སྐོམ་གྱིས་མནར་བའི་མི་གཅིག་ལ་ཐུན་གཅིག་གི་ཟ་མ་མཁོ་སྤྲོད་བྱེད་ཐུབ་རུང་རླབས་ཆེན་རེད་སྙམ་པའི་ལངས་ཕྱོགས་བཟུང་སྟེ། རོགས་རམ་ཆེད་འགྲོ་རྒྱུའི་གྲ་བསྒྲིག་བྱས། འོན་ཀྱང་། ཁ་སང་ནས་བཟུང་རྐང་ངོ་ན་འདྲུད་ལྷམ་ཞིག་མ་གཏོགས་མེད་པས། ད་ནི་ཁང་སྟེང་དུ་ལྷམ་ཞིག་ལེན་པར་མི་འགྲོ་ག་མེད་རེད། སློབ་གྲོགས་འགའ་རེ་མདང་ནུབ་ནས་ཤག་ཏུ་སོང་སྟེ། ཉལ་ཆས་སོགས་ཀྱང་བཟུང་ཡོད་ནའང་། ང་ནི་གཏན་ནས་འགྲོ་ཕོད་མ་བྱུང་། རྒྱུ་མཚན་ནི། ངའི་ཤག་ཐོག་བརྩེགས་བཞི་བར་ཡོད་པ་དང་། ང་ཚོའི་ཉལ་ཁང་གི་གྱང་རྩ་ཧྲིལ་པོར་གས་ཆག་ཆེན་པོ་ཤོར་ཡོད་པས། འཇིགས་སྣང་གིས་བསླུས་པ་མིན་ན། ཉེ་འགྲམ་ནས་བལྟས་ཚེ་ང་ཚོའི་ཉལ་ཁང་ཅུང་གཡོན་འདུག་པའི་སྣང་བ་ཤར་གྱི་འདུག གང་ལྟར། སྟབས་མ་ལེགས་པར་སླར་ཡང་དེ་སྔོན་གྱི་ས་འགུལ་ལྟ་བུ་ཞིག་བྱུང་བ་ཡིན་ན། ང་ཚོའི་ཉལ་ཁང་དང་། དཔེ་མཛོད་ཧྲིལ་པོ་ས་ཐོག་ཏུ་འགྱེལ་རྒྱུ་ཡིན་པ་གཏན་འཁེལ་རེད། འོན་ཀྱང་། ད་ནི་གང་ལྟར་འདྲུད་ལྷམ་མུ་མཐུད་ནས་གྱོན་ཐབས་མེད་པས། ཞོགས་པ་དེར་ང་རང་ཤག་ཏུ་འགྲོ་རྒྱུའི་ཐག་གཅོད་བྱས་པ་ཡིན། ངས་རང་གི་ཁ་པར་ལག་ཏུ་བཟུང་སྟེ། ས་ཡོམ་ཆུང་ཆུང་ཞིག་བརྒྱབ་རུང་ཅི་སྙམ་པར་རང་ཤག་ཏུ་འགྲོ་རྩིས་བྱས། ང་རྒྱུགས་ཐེངས་ཤིག་གིས་ཐོག་བརྩེགས་བཞི་བར་སོང་བ་ཡིན། འཚབ་འཚུབ་ངང་སྒོ་ཕྱེས་པ་ན། ངའི་གློག་ཀླད་དང་། དཔེ་དེབ། གློག་སྒྲོན་སོགས་ཅ་དངོས་ཡོད་ཚད་ཐང་ལ་འགྱེལ་འདུག འོན་ཀྱང་། ཞོགས་པ་དེར་ངའི་ལྷམ་མ་གཏོགས་གཞན་གང་ལ་ཡང་བསམ་བློ་མ་བཏང་། ད་ལྟ་ཕྱིར་འདང་བྱས་ཚེ་དེ་དུས་ཅིའི་ཕྱིར་ཁ་ཏོན་དཔེ་ཆ་དང་། གྱོན་གོས་མཐུག་པོ་དག་བརྗེད་སོང་བ་རེད་དྲན་གྱི་འདུག དེ་རྗེས་ཀོ་པན་ལམ་ཟུར་ན་ཁང་བརྩེགས་ལྔ་ཅན་ཞིག་རྡིབ་འདུག་སྐད་ཐོས་པས་དེར་སློབ་གྲོགས་བཅུ་གྲངས་ཤིག་ཉེན་སྐྱོབ་ཆེད་སོང་། ས་གནས་མང་ཚོགས་ཚོ་དང་མཉམ་རུབ་ཀྱིས་ཆུ་ཚོད་མང་པོའི་རིང་ཉེན་སྐྱོབ་ཀྱི་ལས་ལ་འབད་རུང་། ཐལ་རྡུལ་གྱི་ཁྲོད་ནས་ང་ཚོའི་མིག་སྔར་མངོན་ཡོང་བ་ནི་དབུགས་ཀྱི་རྒྱུ་བ་ཆད་ཟིན་པ་ཏག་ཏག་རེད། འབྲེལ་ཡོད་ཚོས་བཤད་ན། ཁང་བརྩེགས་འདིའི་ནང་ཁྱོན་བསྡོམས་རྒྱ་བལ་གྱི་མི་བཅུ་དྲུག་ཙམ་ཡོད་ཟེར། འོན་ཀྱང་བུ་མོ་གཅིག་མ་གཏོགས་གཞན་དག་ང་ཚོ་དང་གཏན་དུ་གྱེས་སྐད། ང་ཚོས་ཅི་ཙམ་བསྔོགས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་མིག་སྔར་མངོན་ཡོང་བ་ནི། ཚེ་སྲོག་གི་མཛེས་སྡུག་དེ་མ་ཡིན་པར་ཞིག་རལ་དུ་གྱུར་པའི་བཅའ་དངོས་གསར་རྙིང་དག་དང་། ལྔ་ལམ་དུ་ཆས་ཟིན་པའི་ཁྱིམ་མི་ཚོའི་པར་རིས་དག་རེད། དེ་བས་ཀྱང་ཡིད་གདུང་བ་ཞིག་ནི། ས་འགུལ་གྱིས་ཁྱུར་མུད་བཏང་ཟིན་པའི་སློབ་མ་ཞིག་གི་ནང་སྦྱོང་ཟིན་ཐོ་དེ་རེད། ཐལ་རྡུལ་གྱི་ཁྲོད་ན་རླུང་གིས་སྤུར་བཞིན་པའི་ཤོག་ལྷེབ་དེ་ནི། ཆེས་སྤྱིར་བཏང་གི་ཤོག་བུ་ཞིག་གཏན་ནས་མ་ཡིན་ཏེ། དེ་ནི་ན་ཆུང་གཞོན་ནུ་ཞིག་གིས་རང་གི་འབྱུང་འགྱུར་ལ་རེ་བའི་འོད་སྣང་སྤར་བའི་རྐང་རྗེས་ཚན་པ་ཤིག་རེད་ཨང་། ཡིག་གཟུགས་དང་། ཤོག་བུ་བེད་སྤྱོད་གཏོང་ཚུལ་སོགས་ལ་རིམ་པར་བལྟ་སྐབས་ཁོ་ནི་ཅི་འདྲའི་སློབ་མ་ཚད་ལྡན་ཞིག་རེད་ཨང་སྙམ་པའི་ཚོར་བ་བསླངས་ཡོང་གི་འདུག འོན་ཀྱང་། ཁོང་དང་ཁོང་ལྟ་བུའི་ཤེས་རབ་ཀྱི་ལྗང་མྱུག་མང་པོ་ཞིག་ང་ཚོའི་རེ་བའི་ལྡུམ་ར་ནས་རྦད་དེ་རྙིད་ཟིན་པའི་སྐྱོ་ལྷང་ལྷང་གི་གཏམ་རྒྱུད་དག་ལ་བསམས་ན། བཅོས་མིན་གྱི་མཆི་མ་སེམས་གཏིང་ནས་ཤོར་བ་ཞིག་རེད་ཨང་།
ཉིན་གསུམ་པ།
ས་དཔྱད་རིག་པ་བ་ཚོས་བཤད་ན། ས་འགུལ་བྱུང་ནས་ཆུ་ཚོད་བདུན་ཅུ་དོན་བཞིའི་ནང་ས་འགུལ་གྱི་ཉེན་ཁ་གང་ཡང་མེད་ཚུལ་གླེང་། འོན་ཀྱང་། བལ་ཡུལ་གྱི་ས་འགུལ་འདིས་འཛམ་གླིང་ས་དཔྱད་རིག་པ་བ་ཚོའི་དེ་སྔོན་གྱི་ཟིན་ཐོ་སྣང་མེད་བཏང་སོང་། ས་འགུལ་བ་མ་ཟད། གནམ་གཤིས་འཐིབ་སྟེ་ཆར་ཤུགས་སྔར་བས་ཀྱང་ཇེ་ཆེར་སོང་བས། གནོད་ཐེབ་མང་ཚོགས་ཀྱི་ད་ལྟའི་གནས་བབས་ལ་བསམས་ན། ཁ་དཔེར། མུ་གེའི་སྟེང་དུ་ཟླ་ལྷག་ཅེས་པ་རང་བྱུང་སོང་ཨང་། ཐོ་གོས་སུ་ཐེ་ཝན་ནས་རོགས་སྐྱོར་ཚོགས་པ་ཞིག་འབྱོར་ནའང་། བལ་གཞུང་གི་དཔོན་ངན་ཚོས་སྒོར་མོ་མེད་ན་རོགས་མིར་ཆོག་མཁན་མེད་ཅེས་ཕྱིར་ལོག་བྱས་སྐད། དེ་བས་ཀྱང་ཐོས་ན་རྣ་གཟེར་ཞིང་། གཞིགས་ན་ཡིད་མུག་པའི་གཏམ་ངན་ཞིག་ནི། ཁ་སང་ཕྱི་རྒྱལ་ནས་རོགས་སྐྱོར་ཆེད་འབྱོར་བའི་སྡོད་གུར་དག་གཞུང་གི་ལས་བྱེད་པ་ཚོས་མང་ཚོགས་ལ་ལྐོག་ཚོང་བྱེད་བཞིན་པའི་སྐོར་དེ་རེད། སྐད་ཆ་འདི་དག་གི་རོ་ལ་བསམས་ན་ནི། ས་ཡོམ་ཁྲོད་སྡོད་ཁང་རལ་ཞིང་། ཆར་བའི་ཁྲོད་འདབ་ཉོག་ཏུ་ཉལ་བའི་བལ་ཡུལ་གྱི་མི་སེར་ཉམ་ཐག་འདི་ཚོ་སྙིང་མི་རྗེ་མཁན་སུ་ཞིག་ཡོད་ཨང་། ཉིན་དེར་བལ་ཡུལ་ནང་པའི་ཚོགས་པས་ཇི་ལྟར་བསྐུལ་མ་བྱས་པ་ལྟར། ཆོས་བརྒྱུད་རེ་ནས་ཉུང་མཐར་དང་བླངས་དགེ་འདུན་པ་པ་བཅུ་རེ་ས་གནས་མང་ཚོགས་ཀྱི་ཉེན་སྐྱོབ་ཆེད་འགྲོ་དགོས་གསུང་བ་བཞིན། ང་ཚོ་ཡང་ལས་འགུལ་དེར་མཉམ་ཞུགས་བྱས། ཚོགས་པས་བཀོད་སྒྲིག་བྱས་པ་བཞིན་ང་ཚོ་རྒྱལ་སའི་ལྷོ་བྱང་ངོས་ཀྱི་བྷག་དྷ་པུར་ལ་སོང་། བྷག་དྷ་པུར་ནི་ལོ་རྒྱུས་རང་བཞིན་ལྡན་པའི་བལ་ཡུལ་གྱི་རྒྱལ་ཁང་དང་། མཆོད་རྟེན་རྙིང་པ་དག་ཡོད་སའི་ས་གནས་གལ་ཆེན་ཞིག་ཡིན། འོན་ཀྱང་ད་ལྟའི་ཆར་དེ་དག་ལ་བསམ་ཡུལ་འདས་པའི་ཉམ་ཆག་བྱུང་འདུག མིག་སྔར་ཞིག་རལ་དུ་གྱུར་པའི་གྲོང་བརྡལ་མིག་ལ་མངོན་པ་ཙམ་གྱིས་ངོ་མ་གཤིན་རྗེ་མི་ཡུལ་ལ་སླེབས་པའི་རྗེས་ཤུལ་འདི་མིན་ནམ་སྙམ་པ་ལྟ་བུའི་འཇིགས་སུ་རུང་བ་ཞིག་རེད། ང་ཚོས་ཕྱི་ཉིན་བཟའ་འབྲུའི་སྐྱོབ་གསོ་སྤྲོད་ཆེད་འབྲེལ་ཡོད་མི་སྣ་ཞིག་དང་ལྷན་དུ་གོད་ཆག་ཆེན་པོ་བྱུང་བའི་གྲོང་མི་དག་གི་འཚོ་བའི་གནས་བབ་ལ་རྒྱུས་ལོན་བྱས། དེ་ལྟར་ཉིན་གང་བོར་བྷག་དྷ་པུར་ནས་བསྐྱལ་རྗེས། ཕྱིར་རང་གནས་སུ་ལོག་པ་ཡིན། འོན་ཀྱང་། ཡིད་སྐྱོ་བ་ཞིག་ལ། ས་འགུལ་འདི་ད་དུང་འཇམ་མི་འདུག་པས། མཚན་མོ་དེ་ཡང་ཐེ་ཚོམ་ངང་སྐྱེལ་དགོས་བྱུང་།
ཉིན་བཞི་པ།
མདངས་ནུབ་ཆར་བ་བབ་མ་སོང་། འོན་ཀྱང་། ས་འགུལ་བྱུང་སོང་ངམ་ཞེས་ངའི་གྲོགས་པོའི་ཉལ་ཐུལ་འོག་ནས་དེ་ལྟར་འདྲི་བཞིན་འདུག ངས་ལན་དུ་ཤེས་མ་སོང་ལབ་པ་ཡིན། འོན་ཀྱང་ཉེ་འགྲམ་གྱི་སྡོད་གུར་འོག་ནས་གཅིག་ནས་འགུལ་སོང་། ཞོགས་པ་ཆུ་ཚོད་ལྔ་བའི་སྟེང་འགུལ་སོང་ཞེས་ལན་བརྒྱབས་སོང་། ད་ལྟའི་བར་ཁྱོན་བསྡོམས་ས་འགུལ་ཆེ་ཆུང་རྒྱུད་མི་ཆད་པར་བྱུང་བས་ཡིན་ནམ། ཐོག་མར་བྱུང་བའི་ས་འགུལ་གྱི་ཤུགས་ཚད་ཆེ་དྲགས་པས་ཡིན་བཤད་མི་ཐུབ་ཀྱང་། ད་ལྟའི་ང་ཚོར་མཚོན་ན། གང་ལྟར་ས་འགུལ་བ་ནི་རྒྱུན་ལྡན་ཞིག་ཏུ་འགྱུར་བཞིན་འདུག ཞོགས་པ་ནས་ང་ཚོས་བལ་ཡུལ་རྒྱལ་ཡོངས་ནང་པའི་ལས་ཁུངས་ནས་བཟའ་འབྲུ་དང་། སྣུམ། མགྱོགས་ཐུག་སོགས་རླངས་འཁོར་གང་བཀལ་ཏེ་བྷག་དྷ་པུར་ལ་སོང་། འབྲེལ་ཡོད་ལས་བྱེད་དག་བརྒྱུད་དེ་གནོད་ཐེབ་མང་ཚོགས་བཞི་སྟོང་བརྒལ་བར་བགོ་འགྲེམས་བྱས། དེ་རྗེས་མཆེད་གྲོགས་ཐུབ་བསྟན་དཔལ་འབར་ལགས་ཀྱིས་ཐུགས་བརྩེ་ཆེན་པོས་བཟའ་འབྲུ་རླངས་འཁོར་གང་ཉོས་ཏེ་བོད་དང་འདབ་འབྲེལ་ཞིང་། ས་ཡོམ་གྱི་གནོད་ཚབ་ཧ་ཅང་ཆེ་བའི་སིནདྷིཔལ་ཅོག་ལ་རོགས་སྐྱོར་ཆེད་འགྲོ་རྒྱུའི་དགོངས་འཆར་བཏོན་པ་བཞིན། ང་ཚོ་གློ་བུར་དུ་བལ་བོད་ཀྱི་ས་མཚམས་ཕྱོགས་སུ་འགྲུལ་བཞུད་བྱས། འགྲུལ་ལམ་ནས་ས་ཡོམ་གྱིས་བསད་པའི་མི་དག་གི་ཕུང་པོ་ཆུ་འགྲམ་དུ་མེར་སྲེག་བཞིན་པ་དང་། འབར་རྫས་ཀྱིས་བཀད་པ་ལྟ་བུའི་ཁང་ཁྱིམ་དག་གི་འཛད་པ་མེད་པའི་སྙིགས་རོ། ད་དུང་། འཚོ་བ་ལ་རེ་ཐག་ཆད་དེ་ངུ་བཞིན་པའི་མང་ཚོགས་དག་མིག་ལ་མངོན་ཡོང་དུས་ངོ་མ་ཡིད་སྐྱོ་བ་ཞིག་རེད། འོན་ཀྱང་གནོད་ཐེབ་མང་ཚོགས་སུམ་སྟོང་བརྒལ་བའི་འཚོ་བར་རོགས་རམ་བྱེད་རྒྱུ་བྱུང་བ་དེས་ང་ཚོར་དགའ་སྤོབས་པ་ཆེན་པོ་བྱུང་། ཉིན་དེར་ང་ཚོ་ཕྱིར་སྡོད་གུར་དུ་འབྱོར་དུས་མཚན་མོའི་ཆུ་ཚོད་བཅུ་བ་ཙམ་རེད།
ཉིན་ལྔ་པ།
དེ་རིང་ནི་༧སྐྱབས་མགོན་༧གོང་མ་རིན་པོ་ཆེས་དེ་སྔོན་ས་ཡོམ་བྱུང་བ་དང་། ཐུགས་བརྩེ་ཆེན་པོས་བཀའ་གནང་བ་ལྟར་དཔལ་ས་སྐྱ་སྨོན་ལམ་ཚོགས་པ་དང་། བལ་ཡུལ་ས་སྐྱ་ནང་པའི་ཚོགས་པ། རྒྱ་གར་དང་བལ་ཡུལ་གྱི་ས་དགོན་མཉམ་འབྲེལ་གྱིས་ཁྱོན་བལ་སྒོར་འབུམ་བརྒྱ་ལྷག་གི་འགྲོ་གྲོན་གནང་སྟེ། ས་འགུལ་གྱི་ཉེན་འཚབ་ཆེ་བའི་གནོད་ཐེབ་མང་ཚོགས་ལ་རོགས་སྐྱོར་ཀྱི་བཟའ་འབྲུ་སོགས་དགོས་ཕྲལ་དུ་དགོས་མཁོ་ཆེ་རིགས་བདམས་གསེས་ཀྱིས་སིནདྷིཔལཅོག་དང་། ཡོལ་མོ་སོགས་ལ་དངོས་རྫས་སྐྱེལ་འདྲེན་གྱིས་མང་ཚོགས་ཁྲི་སྟོང་མང་པོའི་སེམས་པར་རང་ཉིད་ཀྱི་འཚོ་བ་ལ་རེ་བ་ཡོད་པའི་གསོན་ཤུགས་བྱིན། སྐྱོབ་གསོ་འདི་ནི་ཅིས་ཀྱང་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་གླེང་རིན་ལྡན་པ་ཞིག་སྟེ། གནོད་ཐེབ་མང་ཚོགས་མང་པོ་ཞིག་གི་སེམས་ངོར། ལོ་ངོ་སྟོང་ཕྲག་རིང་འབྲེལ་བ་ཡོད་པའི་བལ་བོད་ཀྱི་མི་རིགས་ཀྱི་མཛའ་འབྲེལ་ལ་སྔར་བས་ཀྱང་བརྟན་བརླིང་གི་རྟགས་ཐམ་ཞིག་བསྐྱོན་སོང་བ་ལྟ་བུའི་ཚོར་བ་བྱུང་། འདི་ནི་དཔེ་མཚོན་ཙམ་སྟེ། ཉིན་འདི་དག་གི་རིང་བལ་ཡུལ་རྒྱལ་ཡོངས་ནང་པའི་ཚོགས་པ་དང་། ས་སྐྱའི་སྐྱོབས་གསོ་རུ་ཁག ཀརྨ་པའི་ཐེབ་རྩ། ཞེ་ཆེན་སྨན་ཁང་གི་རོགས་ཚོགས། བོན་གྱི་དགེ་འདུན་པའི་རོགས་ཚོགས་སོགས་རིས་མེད་བླ་སྤྲུལ་ནས་བཟུང་། དགེ་འདུན་དཀྱུས་མ་ཚོའི་བར་གྱི་ལྷག་བསམ་ཅན་ཚོས་གང་དུ་གདུང་འབོད་དང་། བཀྲེས་སྐོམ་ཡོད་ན། དེ་རུ་བརྩེ་བ་དང་། རོགས་རམ་དགོས་པའི་ལྟ་བ་བཟུང་སྟེ་མང་ཚོགས་ཀྱི་ཁྲོད་ཉིན་མཚན་མེད་པར་འདུར་རྒྱུགས་བྱས་པའི་སྣང་བརྙན་གྱིས། ད་ནི་གནོད་ཐེབ་མང་ཚོགས་ཕལ་མོ་ཆེའི་སེམས་ན། སྤྱིར་དགེ་འདུན་པ་དང་། ཡང་སྒོས་བདག་ཅག་གི་སྟོན་པས་གསུང་བའི་དམ་པའི་ཆོས་ཀྱི་ནུས་མཐུ་ནི། རང་གི་མི་ཚེའི་ནང་ཅི་འདྲའི་མེད་ཐབས་མེད་པ་ཞིག་ཞིག་རེད་ཨང་སྙམ་པ་ཤེས་ཚོད་ཡིན། ད་ལྟ་ཆར་ཐིག་འགའ་ལྷུང་བཞིན་ཡོད་པས། རོགས་པ་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་འདུག དེ་ནི་གནས་ལུགས་ཡོད་པ་ཞིག་སྟེ། དབུལ་ཕུང་མང་ཚོགས་སྟོང་ཕྲག་མང་པོར་སྡོད་གུར་ཙམ་ཡང་མེད་པས། གལ་སྲིད་ཆར་བབས་པ་ཡིན་ན། འབྱུང་བ་འདིས་ངོ་མ་ད་ནི་ཁོང་ཚོ་སྡུག་ལ་གཏད་པ་མང་དྲགས་པ་རེད་ཨང་།
ཉིན་དྲུག་པ།
དེ་རིང་ཞོགས་པ་ནས་འཆར་ཅན་བཞིན་ང་ཚོ་གནོད་ཐེབ་ས་ཁུལ་སོ་སོར་རོགས་སྐྱོར་འགྲོ་དགོས་ནའང་། གཞུང་ཕྱོགས་ནས་རོགས་སྐྱོར་ཚང་མ་གཞུང་གི་སྒྲིག་འཛུགས་བརྒྱུད་འགྲོ་དགོས་པའི་སྒྲིག་གཞི་བཟོས་པས། རོགས་ཚོགས་མང་པོ་ཞིག་གི་ལས་འགུལ་སྤེལ་ཕྱོགས་ཐད་དཀའ་ངལ་བཟོས་ཡོད། དེ་ནི་གཞན་ཅི་ཡང་མ་ཡིན་ཏེ། མི་སྐད་ཙམ་ལས་མིའི་བཟང་ཕྱོགས་ཀྱི་ཡོན་ཏན་ཡོད་མ་མྱོང་བའི་དཔོན་ངན་སྒེར་གཅོད་པ་ཚོས་རང་གི་མིང་བྱང་སྲུང་བའི་གསང་ལམ་འཚོལ་ཚུལ་ཙམ་རེད་ཨང་། དོན་དངོས་ཐོག་འཛམ་གླིང་ཤར་ནུབ་གང་ས་ནས་བལ་ཡུལ་མང་ཚོགས་ཀྱི་ཆེད་དུ་ཞལ་འདེབས་མི་ཉུང་བ་ཞིག་འབྱོར་བཞིན་པ་དངོས་ཡོད་མོད། དེ་དག་ལས་མང་པོ་ཞིག་འབྲེལ་ཡོད་ལས་བྱེད་པ་དག་གིས་ཟོས་ཏེ་གནོད་ཐེབ་ས་ཁུལ་དུ་སླེབས་ཐུབ་ཀྱི་མེད་པའི་ངོས་འཛིན་མང་ཚོགས་ཁྲོད་ཡོང་གི་ཡོད། ད་ལྟའི་ཆར་གྲོང་གསེབ་ཁག་ཏུ་འབྱོར་བའི་སྐྱོབ་གསོ་ནི་དགོན་ཁག་མཉམ་འབྲེལ་གྱིས་གྲུབ་པའི་རོགས་ཙམ་རེད་ཅེས་ས་གནས་མང་ཚོགས་ཚོས་བཤད་ཀྱི་འདུག དེས་ན། ཕྱི་རྒྱལ་གྱི་རོགས་དངུལ་དེ་དག་དང་། བཟའ་འབྲུ། སྣུམ། སྡོག་གུར། ཐ་ན་ཕྲུ་གུ་ཆུང་ཆུང་ཚོའི་ཆེད་དུ་གཞན་གྱིས་བསྐུར་བའི་གྱོན་གོས་དེ་དག་གང་དུ་ཡོད་དམ། འདི་དག་ནི་ནམ་ཡང་གཞི་རིམ་མང་ཚོགས་ཀྱི་མིག་སྔར་ལྷག་པའི་དྲི་བ་རྐྱང་རྐྱང་རེད་ཨང་།
ངོ་མ་བཤད་ན། ངས་ས་ཡོམ་གྱི་གནས་སྐབས་དེར་ཕྱིར་དྲན་གཏན་བྱེད་མི་འདོད་ནའང་། ཟིན་ཐོ་ཞིག་གི་ཕྱིར་དུ། རང་ཉིད་ཀྱིས་དངོས་སུ་མྱངས་ཟིན་པའི་མི་ཚེའི་ཉམས་མྱོང་ཞིག་ལ་བསམས་ཏེ། འཇིགས་སུ་རུང་བའི་ཉིན་མོ་དེ་དག་གི་སྣང་བརྙན་འགའ་གཟུགས་སུ་ཕབ་པ་ཙམ་ཡིན།
སྐལ་རྒྱམ་ལགས་། ཡག་པོ་བྲིས་འདུག་པས་ཐུགས་རྗེ་ཆེ་ཞུ།
རྗེས་སུ་ཡི་རངས་ཞུ།
ཁྱེད་རྣམ་པར་སྙིང་ནས་ཡིད་རང་དང་དགའ་བསུ་ཞུ། རོགས་གསོ་གནང་ག་ཕེབས་དུས་ཐུགས་གཟབ་གནང་རོགས་ཞུ།
བཀའ་དྲིན་ཆེ།
རྗེས་སུ་ཡི་རངས་ཡོད། ཐུགས་རྗེ་ཆེ།
སྐལ་རྒྱམ་ལགས་ནས་དངོས་ཡོད་ཀྱི་གནས་ཚུལ་གསལ་པོར་བྲིས་པར་བཀའ་དྲིན་ཆེ། དེ་མིན་བོད་ཡིག་དང་བོད་སྐད་ཁོ་ན་ལས་མི་ཤེས་མཁན་ཚོར་འཛམ་གླིང་གི་གསར་འགྱུར་གོ་ཐོས་འབྱུང་རྒྱུའི་སྐལ་པ་དབེན། བོད་ལྗོངས་ཉིན་རེའི་གསར་འགྱུར་ནས་འཛམ་གླིང་གི་གསར་འགྱུར་མེད་ཅིང་རྒྱ་ནག་གི་ཡག་ཐོག་ཡག་བརྩེགས་མ་གཏོགས་མེད། རྡ་སའི་གསར་འགྱུར་ནང་མི་རེ་ཟུང་གི་གནས་ཚུལ་ལས་དེ་བས་མེད། ཡང་ན་རྒྱ་ནག་ལ་གོད་ཆག་དང་ཡང་ན་ནང་ཁུལ་དུ་མ་འགྲིག་ཚུལ་ལས་གཞན་གང་ཡང་གོ་རྒྱུ་མེད།
རྗེས་སུ་ཡི་རངས་ཡོད། ཐུགས་རྗེ་ཆེ།
སྐལ་རྒྱམ་ལགས་ནས། གོད་ཆགས་བྱུང་སའི་གནོད་ཐེབས་མི་དམངས་ལ་ལག་ལེན་དངོས་ཀྱི་སྟེང་ནས་གདུང་སེམས་མཉམ་བསྐྱེད་བྱས་པ་གུས་པས་ཐུགས་རྗེ་ཆེ་ཞུ་ཀི་ཡོད།
ཕྱོགས་རིས་དང་རང་འདོད་མེད་པའི་གཞན་ཕན་སྒྲུབ་པའི་ཆོས་བཤད་ཡག་པོ་དེ་འདྲ་གསུངས་འདུག ཡི་རང་དང་སྔགས་བརྗོད་ཡོད། ཁྱད་རྣམ་པར་མྱ་ངན་སྙིང་ནས་ཞུ། གསོན་པོ་བདེ་ཞིང་ཤི་བོ་དག་ལ་བསྔོ་བ་སྨོན་འདེབས་བཞིན་ཡོད། ང་ཚོ་ཚང་མ་འཇིག་རྟེན་འདིར་ཁ་གྱེས་དགོས་པ་དངོས་པོའི་ཆོས་ཉིད་དང་། རྐུ་རྫུན་ཁྲམ་པ་དག་ལ་ཟ་ཁ་དར་ཀྱང་ཡུན་མི་རིང་བར་ལམ་ཁ་གཅིག་ནས་གྱེས་དགོས་པ་བརྡ་ལན་གསལ་བོ་བསྟན་སོང་། གང་ལྟར་རྩོམ་པ་པོ་དང་དགེ་འདུན་པ་ཡོངས་ལ་གུས་འདུད་ཞུ།
རྟ་རྒན་གྱི་སྲོག་ཆད་ན་ཁྱི་རྒན་ལ་ཟ་ཁ་དར་ཞེས་པའི་དཔེ་བཞིན་དུ་ད་ཡང་བལ་ཡུལ་གྱི་དཔོན་རིགས་ལྐོག་ཟ་མཁན་ཚོར་ཡོང་སྒོའི་གཏེར་སྒོའི་ཕྱེ་ཡོད་ཐག་ཆོད་རེད།
ས་ཡོམ་གྱི་ས་ཐོག་ནས་སྤེལ་བའི་ཉིན་ཐོ་དེས་ང་ཚོས་བལ་ཡུལ་མང་ཚོགས་ཀྱི་གནས་སྟངས་ཤེས་པ་མ་ཚད། ཆོས་བརྒྱུད་ཁག་དང་ཁྱེད་རྣམ་པས་རང་གིས་གང་ལྕོགས་རོགས་སྐྱོར་ཧུར་ཐག་གནང་བ་ཡང་ཚོར་བྱུང་། སྐུ་ངལ་ཆེན་པོ་བྱུང་འདུག་ལ་མུ་མཐུད་སྐུ་གཟུགས་ལ་ཐུགས་བཅག་གནང་རོགས། བལ་པོ་ཚོས་དཔོན་ངན་དེ་དག་ས་ལ་མ་བརྡབས་ཅི་བྱེད། མང་ཚོགས་ལ་གོད་ཆག་འདི་ལྟ་བྱུང་ཡང་ཁོ་ཚོ་ནི་ད་དུང་ལྐོག་ཟ་རུལ་སུངས་ཁོ་ན་རེད།
ཉིན་དྲུག་པར། “མིང་བྱང་སྲུང་བའི་གསང་ལམ་”ཞེས་པ་འདིའི་གོ་དོན་གང་ཡིན་ནམ། ངའི་རོགས་པས་ཚན་པ་འདི་དབྱིན་ཡིག་ཏུ་བསྒྱུར་ནས་ངོ་དེབ་ཏུ་སྤེལ་འདོད་འདུག
ཚང་མར་བཀའ་དྲིན་ཆེ། རྩོམ་ཡིག་འདི་ཟིན་ཐོ་ཞིག་གི་ཚུལ་དུ་ཤར་མར་གང་དྲན་བྲིས་པས་གཏགས་ནོར་གྱིས་ཤར་ལྷག་ཤོར་བ་ཡང་པོ་འདུག་ན། དེ་དོན་ལ་དགོངས་དག་ཞུ། གྲོགས་བསྟན་འཛིན་ལགས་ཀྱིས་མིང་བྱང་སྲུང་བའི་གསང་ལམ་ཞེས་པ་འདིའི་དོན་ཅི་རེད་ཅེས་དྲིས་འདུག དེ་ནི་ཁོ་བོ་སྒེར་ངོས་ནས་གོ་བ་བླངས་ཏེ་བྲིས་པ་ཞིག་ཡིན། དེའི་དོན་དཔོན་ངན་དེ་ཚོས་རང་འདོད་སྒྲུབ་ཆེད་གནོད་ཐེབ་མང་ཚོགས་ལ་སྐྱོབ་གསོ་འབུལ་ཕྱོགས་ཀྱི་སྐོར་ལ་སྒྲིག་གཞི་ཚག་ཚུད་དུ་གཏོང་རྒྱུའི་སྐོར་གསལ་བསྒྲགས་བྱས་པ་དེར་དམིགས་པ་ཡིན། གལ་སྲིད་ཁོང་ཚོས་བཤད་པ་དེ་ལྟར་བྱས་ན། སྒེར་གྱི་སྐྱོབ་གསོ་ཚང་མ་གཞུང་གི་མིང་ཐོག་ནས་འགྲེམ་རྒྱུའི་ཁོག་རྩིས་ངན་པ་དེ་ལེགས་འགྲུབ་འབྱུང་ཐུབ་པར་འདོད་ཀྱི་ཡོད་རེད།
དགོངས་དག གོང་གི་དུ་ཤར་ལྷག་དེ་ཆད་ལྷག་ཏུ་དང་། ཡང་པོ་དེ། མང་པོར་འཆོས་རོགས།
ངས་ཁོ་ཚོས་རང་གི་ཨམ་ཕྲག་ནང་དུ་བླུགས་པའི་དོན་ལ་གོ་དགོས་པར་སྙམ་བྱུང་། ལན་འདེབས་གནང་བར་བཀའ་དྲིན་ཆེ།
་་་་་་་་་་་་་་ སྐྱོབ་གསོ་འདི་ནི་ཅིས་ཀྱང་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་གླེང་རིན་ལྡན་པ་ཞིག་སྟེ། གནོད་ཐེབ་མང་ཚོགས་མང་པོ་ཞིག་གི་སེམས་ངོར། ལོ་ངོ་སྟོང་ཕྲག་རིང་འབྲེལ་བ་ཡོད་པའི་བལ་བོད་ཀྱི་མི་རིགས་ཀྱི་མཛའ་འབྲེལ་ལ་སྔར་བས་ཀྱང་བརྟན་བརླིང་གི་རྟགས་ཐམ་ཞིག་བསྐྱོན་སོང་བ་ལྟ་བུའི་ཚོར་བ་བྱུང་། ་་་་་་་་་་་་་་་་
་་་་་་་་་་ དེ་རིང་ཞོགས་པ་ནས་འཆར་ཅན་བཞིན་ང་ཚོ་གནོད་ཐེབ་ས་ཁུལ་སོ་སོར་རོགས་སྐྱོར་འགྲོ་དགོས་ནའང་། གཞུང་ཕྱོགས་ནས་རོགས་སྐྱོར་ཚང་མ་གཞུང་གི་སྒྲིག་འཛུགས་བརྒྱུད་འགྲོ་དགོས་པའི་སྒྲིག་གཞི་བཟོས་པས། རོགས་ཚོགས་མང་པོ་ཞིག་གི་ལས་འགུལ་སྤེལ་ཕྱོགས་ཐད་དཀའ་ངལ་བཟོས་ཡོད། ་་་་་་་་་་་་་་
་་་་་་་་་་་ དོན་དངོས་ཐོག་འཛམ་གླིང་ཤར་ནུབ་གང་ས་ནས་བལ་ཡུལ་མང་ཚོགས་ཀྱི་ཆེད་དུ་ཞལ་འདེབས་མི་ཉུང་བ་ཞིག་འབྱོར་བཞིན་པ་དངོས་ཡོད་མོད། དེ་དག་ལས་མང་པོ་ཞིག་འབྲེལ་ཡོད་ལས་བྱེད་པ་དག་གིས་ཟོས་ཏེ་གནོད་ཐེབ་ས་ཁུལ་དུ་སླེབས་ཐུབ་ཀྱི་མེད་པའི་ངོས་འཛིན་མང་ཚོགས་ཁྲོད་ཡོང་གི་ཡོད། ད་ལྟའི་ཆར་གྲོང་གསེབ་ཁག་ཏུ་འབྱོར་བའི་སྐྱོབ་གསོ་ནི་དགོན་ཁག་མཉམ་འབྲེལ་གྱིས་གྲུབ་པའི་རོགས་ཙམ་རེད་ཅེས་ས་གནས་མང་ཚོགས་ཚོས་བཤད་ཀྱི་འདུག ་་་་་་་་་་་་་
བོད་ཡིག་ཏུ་ཐོན་པའི་ས་ཡོམ་གྱི་གསར་འགྱུར་རིང་ཤོས་དང་། བོད་རིགས་ཚོའི་བྱས་ལ། རྗེས་སུ་ཡི་རང་ཞུའོ།།
རང་བྱུང་གི་འཇིགས་སྣང་ཁྲོད་མི་སེར་ལ་རེ་བ་གསར་པ་ཞིག་སྦྱིན་ཕྱིར་མཐོ་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་དང་། དམའ་ས་སློབ་ཆུང་གི་སློབ་མ་ཚུན་ཆད་ཀྱི་དངུལ་ཁུག་ནས་བལ་ཡུལ་མི་དམངས་ཀྱི་ཆེད་དུ་ཞལ་འདེབས་མི་ཉུང་པ་ཞིག་དབྱར་གྱི་ཆུ་བོའི་རླབས་ལྟར་འབྱོར་བཞིན་ཡོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་སྒོར་ས་ཡ་བཅོ་ལྔ་དང་། ཡུ་རོབ་མཉམ་འབྲེལ་གྱིས་ཨ་སྒོར་ས་ཡ་གསུམ། ཨ་རིས་ཨ་སྒོར་ས་ཡ་བཅུ། ཨོ་སི་ཁྲི་ལི་ཡིས་ཨ་སྒོར་ས་ཡ་གསུམ། རྒྱ་ནག་གིས་ཨ་སྒོར་ས་ཡ་གསུམ། དབྱིན་ལན་གྱིས་ཨ་སྒོར་ས་ཡ་བདུན། རྒྱ་གར་གྱིས་མྱུར་སྐྱོབས་ཆེན་གནམ་གྲུ་བཅུ་གསུམ་དང་། ཐད་འཕུར་གནམ་གྲུ་བརྒྱད་མཁོ་འདོན་གནང་བ་དང་། འབྲུག་གིས་ཀྱང་ཨ་སྒོར་ས་ཡ་གཅིག་དང་། བཙན་བྱོལ་སྒྲིག་འཛུགས་ཀྱིས་ཀྱང་བལ་སྒོར་ཉིས་འབུམ་གྱི་ཞལ་འདེབས་ཕུལ་ཡོད་པ་ནི་དཔེ་མཚོན་ཙམ་ཡིན།
གཞན་ཡང་རྒྱལ་ནང་གི་གཞུང་འབྲེལ་མ་ཡིན་པའི་བྱམས་བརྩེའི་ཐེབ་རྩ་འདྲ་མིན་ནས་བཏུང་ཆུ་དང་། སྨན། མལ་ཆས། ཟས་རིགས། སྡོད་གུར་བཅས་ཀྱི་མཐུན་རྐྱེན་ཐད་རྒྱབ་སྐྱོར་ཤུགས་ཆེར་བྱས་ཡོད་ནའང་། དོན་དངོས་ཐོག་དེ་དག་མང་ཚོགས་ཀྱི་ལག་ཏུ་ངོ་བོ་དང་། རྣམ་འགྱུར་ཅི་ཞིག་ཐོག་ནས་འབྱོར་གྱིན་ཡོད་མེད་ང་ཚོས་མིག་མཐོང་ལག་ཟིན་ལྟ་བུར་གྱུར་ཡོད་དེ། གྲོང་ཁྱེར་ཀཐམནྜི་གཡས་གཡོན་གྱི་རི་ཚོགས་བརྒལ་ཏེ་སོང་ན། མགོན་མེད་སྐྱབས་བྲལ་དུ་ལུས་པའི་གྲོང་གསེབ་པ་ཁྲི་ཕྲག་མང་པོར་མཚོན་ན། ཆེས་ཐོག་མར་རེ་བའི་མིག་ཟུང་གཏོད་ས་ཞིག་ཡོད་པ་ནི། བལ་ཡུལ་དུ་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་། ཆོས་ཚོགས་ཁག་གིས་བྱམས་བརྩེས་གནང་བའི་སྐྱོབ་གསོ་ཁོ་ན་རེད་ཅེས་བཤད་ཆོག
དེ་རིང་ཕྱི་དྲོ་མཆོད་རྟེན་ཆེན་པོའི་མདུན་སར་ཉེ་ལམ་ས་ཡོམ་གྱི་གོད་ཆག་ཁྲོད་རྐྱེན་ལམ་དུ་གྱུར་པའི་མང་ཚོགས་རྣམས་ཀྱི་ཆེད་དུ་ཆོས་བརྒྱུད་ཐུན་མོང་ནས་སྨོན་ལམ་ཞིག་འཚོགས་འཆར་རེད།
ཨ་འདུས་སྐལ་བཟང་ལགས། ཁྱོད་ཀྱིས་་མང་པོ་བཤད་ཀྱི་འདུག་ག ངས་རེ་བ་ལ་ཁྱོད་ཚོའི་ཚོང་ལས་ལམ་འགྲོ་ཡག་པོ་རྒྱུགས་དགོས་ན་མང་པོ་མ་བཤད་ན་དགའ་གི་རེད་འདོད། ཁྱོད་ཚོ་ལ་འཐོབ་དགོས་པའི་དད་པ་དང་མཚན་སྙན། ཁྱོད་ཚོའི་ཆོས་ལུགས་ལ་ཡིད་ཆེས་དང་ཁྱོད་ཚོའི་ཆོས་ལུགས་པའི་རྗེས་འཇུག་མང་རེ་འགྲོ་བ་སོགས་ཀྱི་ཁེ་ཕན་དང་གོ་སྐབས་བཟང་པོ་ཞིག་ཀྱང་རེད།
སྤྱིའི་ཆ་ནས་བླ་མ་དང་དགོན་པ་ཚོའི་ལག་ཏུ་ཡོད་པའི་སྒོར་མོ་དེ་དད་ལྡན་དམངས་ཚོགས་ཀྱི་རྒྱུ་དངོས་ཡིན་པ་ལས་ཁྱོད་ཚོས་སྡུག་དཀའ་ལས་བརྒྱབས་ནས་བྱུང་བ་ཞིག་མིན་སྟབས། ཉ་བསད་ནས་བྱ་ལ་སྤྱིན་པ་གཏོང་བ་ལྟ་བུ་རེད།
ཁྱོད་ཚོས་ཆོས་དངོས་གནས་ཤིག་བསམས་ནས་ལས་ཀ་དེ་བྱེད་བཞིན་ཡོད་པ་ཡིན་ན་འཇིག་རྟེན་ཆོས་བརྒྱད་ཀྱི་དར་ཆ་ཕྱར་གྱི་མཚམས་ཞོག ཡེ་ཤུ་ཆོས་ལུགས་པ་ནེ་ཀུང་ལེ་སི་མཆོག་གིས་སྐྱོ་པོ་ཉམ་ཐག་ལ་རོགས་སྐྱོབ་བྱས་དུས་མཚན་མོ་སུས་ཡང་མི་མཐོང་བ་བྱས་ནས་ཉམ་ཐག་ལ་གསེར་དངུལ་སྦྱིན་པ་བཏང་པའི་ལོ་རྒྱུས་འདུག་མོད། མ་གཏོགས་སྒོར་མོ་བརྒྱ་སྤྲད་ནས་སྒོར་མོ་སྟོང་གི་ངོ་སོ་དགོས་པ་འདི་ཚོང་ལས་རེད་མ་གཏོགས་ཆོས་རྣམ་དག་ཞིག་མ་རེད།
དགོངས་འགལ་མེད་པར་བྱོས། ཆོས་མིན་སྲིད་མིན་གྱི་གོ་སྐབས་བཟུང་ནས་བྱམས་བརྩེ་འདྲ་་ཞིག་བཤད་བསྡད་དུས་སྐད་ཆ་ཚིག་གསུམ་ཤོར་སོང་། ཁྱོད་ཚོའི་ཚོང་ལམ་འགྲོ་ཡོང་བར་ཤོག ཕར་སྒོར་བརྒྱ་བཏང་ཡོད་ན་ཚུར་སྟོང་རེག་པར་ཤོག
ཕྱུག་པོས་མཚན་སྙན་ཆེད་དུ་འདུར་རྒྱུགས་བྱེད།
སྤྲང་པོས་ལྟོ་ཡི་ཆེད་དུ་འདུར་རྒྱུགས་བྱེད།
གཅིག་ལས་གཅིག་མགྱོགས་འདུར་རྒྱུགས་བྱེད་སྐབས་སུ།
འཁོར་བའི་ལྟད་མོ་དྲ་རྒྱའི་ངོས་ན་གསལ།
ཁོ་ལ་དགོས་པའི་སྐྱོབ་གསོ་འཐོབ་ཆེད་དང་།
ཁྱོད་ལ་དགོས་པའི་མཚན་སྙན་འཐོབ་ཆེད་དུ།
ཁོ་ལས་ཁྱོད་མཁས་ཟློས་གར་འཁྲབ་སྐབས་སུ།
འཁོར་བའི་ལྟད་མོ་དྲ་རྒྱའི་ངོས་ན་གསལ།
གཞན་ཕན་གྱི་བྱ་བཟང་ལ་རྗེས་སུ་ཡི་རང་ཡོད། གཞན་ཕན་དང་བྱམས་སྙིང་རྗེ་ཡ་རབ་སྤྱོད་བཟང་གི་དྲི་མ་མེད་མཁན་དག་གིས་ནམ་ཡིན་ཡང་མི་གཞན་གྱི་བྱ་བཟང་སྒྲུབ་པ་རྣམས་ཕྱིན་ཅི་ལོག་ཁོ་ན་མཐོང་བ་ཆོས་ཉིད་རེད། མི་འདི་ལྟ་བུ་དག་ནི་ཤེས་རབ་འཆལ་ཟིན་པ་ཡིན་པས་འཇིག་རྟེན་ཁམས་ན་རང་ཉིད་མ་གཏོགས་བཟང་པོ་ཞིག་མཐོང་མི་སྲིད་པ་རེད།
ལུང་རྟོགས་ལགས་ཀྱིས་གསུངས་པ་དེ་དེ་བཞིན་ནོ། ནམ་རྒྱུན་མཆན་ཞབས་སུ་ལྟ་ཀློག་རེ་བྱེད་དུས། ཅོ་རི་འདིས་ནམ་ཡིན་ཡང་ཕྱིན་ཅི་ལོག་ཅིག་མ་གཏོགས་བཤད་ཀྱི་མི་འདུག ད་རེའི་མཚོན་ནའང་ས་ཡོམ་གྱི་གོད་ཆགས་འདི་འདྲ་བྱུང་ནས་ཁ་ཚ་དགོས་གཏུགས་ཀྱིས་རོགས་བྱེད་པའང་འཇིག་རྟེན་ཆོས་བརྒྱད་ཅིག་ཡིན་ནམ་ཅིག་བཤད་ཀི་འདུག སྐབས་ཐོག་འདིར་བརྩེ་བ་ཡོད་མེད་དང་ཁེ་ཕན་ཡོད་མེད་ཀྱི་སྐད་ཆ་མ་ཡིན་པར། འདིར་དགོས་དོན་གཙོ་བོ་གནོད་ཐེབས་མི་དམངས་ལ་ཐད་ཀར་རོགས་སྐྱོར་བེད་མཁན་ཞིག་མཁོ་བས་ཡིན། དེའི་རྐྱེན་གྱིས་ནང་བའི་དགེ་འདུན་པ་རྣམ་པས་ད་རེའི་ཡང་ལག་ལེན་དངོས་ཀྱི་སྟེང་ནས་གདུང་སེམས་མཉམ་བསྐྱེད་ཞུས་པ་དགའ་འོས་པའི་དོན་དག་ཞིག་ཏུ་འཁུམས།
རོགས་སྐྱོར་བྱེད་མཁན་བཅོས་རོགས།
བལ་ཡུལ་ས་ཡོམ་གོད་ཆགས་སྐབས་ཁ་ཚ་དགོས་སྟུགས་བལ་ཡུལ་དགོན་པ་ཁག་དང་དེའི་དགེ་འདུན་དང་བཙུན་མ་རྣམས་
པས་ཁ་ཞེ་གཉིས་མེད་དང་མ་བསྐུལ་དངས་བླངས་ངལ་བ་ཁྱད་གསད་ཀྱིས་རོགས་སྐྱོར་དང་སྨོན་ལམ་སོགས་གང་སྤྱིའི་ཐད་ནས་ཧ་ལས་པའི་མཛད་སྤྱོད་ལ་ནམ་ཡང་གུས་བཏུད་ཞུ། སླད་ནས་རང་སོའི་སྐུ་གཟུགས་འཕྲོད་སྟེན་ལ་གང་ཟབ་གནང་རྒྱུ་ག་གེ་མོའི་ཟུར་ཟའི་སྐད་ཆར་ཉན་འཇོག་མ་གནང་བར་མུ་མཐུད་གནས་ཚུལ་རྣམས་ཁ་བརྡར་འདིར་བཀོད་རོགས་ཞུ་བ་ལགས།
དྲ་གྲོགས་ཅོ་རི་ལགས་ཀྱིས་གསུངས་པ་དེར་བརྩི་འཇོག་ཡོད། ངོ་རྒྱུས་དང་། གནས་བབ་ཀྱི་ངོས་ནས་རྟོག་གཞིགས་བྱས་ན། རྒྱུ་མཚན་ཡང་ཕྱོགས་རེ་ཡོད་ན་ཐང་གི འོན་ཀྱང་ཆོས་ལུགས་པའི་གྲལ་སུ་འཚང་བ་ཡོད་ཚད་བདག་ལྟ་བུའི་ཆོས་བརྒྱད་ཀྱིས་བཅངས་ཏེ། ནམ་ཡང་རང་མཐོང་ཁོ་ན་བསྒྲུབས་བསྡད་པ་དེ་འདྲ་གཏན་ནས་མིན་པའི་ཡིད་ཆེས་ཡོད། དེ་ངའི་ལངས་ཕྱོགས་ཡིན། ང་ཚོས་རང་སྲོག་བཏང་སྟེ་གཞན་གྱི་ཚེ་སྲོག་བསྐྱབས་མ་ཐུབ་རུང་། མིག་སྔར་འཆི་ལ་ཉེ་བའི་ཉམས་ཆུང་དེ་ཚོ་རང་ལ་སྐྱོབ་ནུས་ཡོད་བཞིན་དུ་འཆི་རུ་འཇུག་མ་འདོད་པ་ཙམ་ཡིན་ལགས། མ་གཞི་ནས་ཆོས་ཙམ་མ་ཡིན་པར། འཇིག་རྟེན་མི་ཆོས་ཀྱི་ཐད་ནས་བཤད་ཀྱང་། སྐུ་ཉིད་ཀྱིས་བལ་ཡུལ་མི་མང་ཉམས་ཐག་ཚོའི་ཆེད་དུ་རང་གིས་འཇོན་ངེས་པ་དག་ལས་ཅི་ཞིག་བསྒྲུབ་ཡོད། འདི་ང་སྒེར་ནས་ཁྱོད་ལ་བཏོན་པའི་དྲི་བ་ཡིན། ས་ཐག་རིང་མིན་ལ་མ་ལྟོས་པར། བརྩེ་སེམས་ཕུལ་ཡོད་དམ། ཧཧཧ ཀུ་རེ་ཡིན།
བལ་ཡུལ་གཙོ་བོར་གྱུར་པའི་ཧི་མ་ལ་ཡའི་རི་བརྒྱུད་དུ་བྱུང་བའི་ད་རེབ་ཀྱི་ས་འགུལ་འདི་ནི། གནའ་ཆེས་སྔ་མོ་ཞིག་ནས་ག་ལེར་ཡོང་བཞིན་པའི་ས་ཆེན་གྱི་ཆ་ཤས་བརྡབ་པའི་གཡོ་འཁྱོམ་ཞིག་རེད། མི་ལོ་ས་ཡ་ལྔ་བཅུའི་ཡར་སྔོན་གྱི་སའི་གོ་ལའི་བྱང་སྣེ་སྟེ། ད་ལྟའི་རྒྱ་གར་ཆགས་ཡུལ་གྱི་ས་གཞི་དེ་བཞིན་གོ་ལའི་ས་ཤུན་གྱི་འོག་ག་ལེར་བསྣུར་མགོ་ཚུགས་ཤིང་། ས་ཤུན་དེ་ནི་ཏག་ཏག་ད་ལྟའི་ཧི་མ་ལ་ཡའི་རི་མཐོ་ཀླུང་ཟབ་ཀྱི་རི་ཕྲེང་དག་གི་རྨང་གཞིར་ཆགས་ཡོད། ཆེས་གདོད་མ་ཞིག་ནས་མགོ་ཚུགས་པའི་ས་གཞིའི་འགུལ་བསྐྱོད་འདིས་མཛེས་ཤིང་ཡིད་དུ་འོངས་པའི་རང་བྱུང་ཁམས་ཀྱི་བཀོད་པ་སྣ་ཚོགས་ཤིག་བཟོ་སྐྲུན་བྱས་པ་དང་ཆབས་ཅིག སྐྱེ་དངོས་དང་ཚེ་སྲོག་གྲངས་མེད་པའི་བདེ་ཐང་ལའང་གནོད་སྐྱོན་མང་བོ་བཟོ་བཞིན་ཡོད། ད་རེབ་ཀྱི་ས་འགུལ་དེ་ནི་འགུལ་ཚད་མཐོ་ཞིང་། ཤི་རྨས་གཏོར་བཤིག་གི་གོད་ཁ་ཅུང་ཚབས་ཆེན་གྱི་གྲས་ཤིག་རེད། ས་འགུལ་འདིའི་ནང་མ་མཐའང་མི་གྲངས་སྟོང་ཚོ་བཞིན་ནས་ལྔ་བར་གྱི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་ཁྲི་ཕྲག་མང་བོའི་རྒྱུ་ནོར་དང་མཁར་ཁང་ལ་གནོད་སྐྱོན་ཕོག་ཡོད། རྒྱ་གར་གྱི་ཡུལ་ཁམས་བལ་བོད་ཀྱི་ས་གཏིང་དུ་འབུད་རྒྱག་གིས་ག་ལེར་ཡོང་བཞིན་ཡོད་པ་འདིས། མཁར་རྟའི་ཇོ་མོ་གླིང་མ་སོགས། ཧི་མ་ལ་ཡའི་རི་བརྒྱུད་ཡར་ནམ་མཁའི་ཀློང་དུ་ཇེ་མཐོར་འདེགས་བཞིན་ཡོད་པས། ས་ཁུལ་དེ་དག་ཏུ་ས་འགུལ་ཆེ་ཆུང་ག་དུས་ཡིན་ཡང་ཡོང་ཆོག་ཆོག་ཅིག་རེད། སྤྱི་ལོ༡༩༣༤ལོར་འགུལ་ཚད་ཆ་རིམ༨.༡ཅན་གྱི་ས་འགུལ་ཞིག་གིས། མི༡༠༧༠༠ལྷག་གཅེས་པའི་ལུས་སྲོག་དང་བྲལ་འདུག ང་ཚོས་ཆུ་བུར་མིག་གིས་མཐོང་མ་ཐུབ་པ་རེད་མ་གཏོགས། ས་རྐུབ་ཀྱི་གཡོ་འཁྱོམ་དག་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། སྐབས་རེར་བསམ་བློ་རེ་གཏོང་སྐབས། ང་ཚོ་ནི་སའི་གོ་ལའི་ཤ་གསང་སྤུ་གསང་ན་འཚང་བཞིན་པའི་སྲོག་ལྡན་ཆེས་ཉམ་ཆུང་རེ་ཡིན་སྣང་འཆར་ཞིང་། སྐབས་རེར་མིའི་རིགས་ཀྱི་སྲོག་ལྡན་གྱིས་སྣོད་བཅུད་ཀྱི་འཇིག་རྟེན་གཉིས། ཆུང་ས་ནས་ཆེ་ས་དང་། ཆེ་ས་ནས་ཆུང་སའི་བར་ཐལ་བའི་རྡུལ་ཕྲན་བཞིན་དུ་སྔོག་གཤེར་གྱིས་བརྟག་དཔྱད་གཏིང་ཟབ་ཅིང་། ཚོད་སྒམ་གནད་ཐོག་ཏུ་ཕོག་པ། གཏན་ཚིགས་དང་རྒྱུ་མཚན་མང་བོ་རི་ཀླུང་ལྟར་སྤུང་བཞིན་པའི་ངང་ཚུལ་ལ་མནོ་བསམ་རེ་གཏོང་དུས། རྟེན་མི་ལུས་དང་བརྟེན་པ་སེམས་ཀྱི་རང་བཞིན་ལ། ངོ་མཚར་ཞིང་། ཡིད་དགའ་ནས། རང་ལུས་ལ་རྩིས་ཐང་ཇེ་ཆེ་དང་། རང་སེམས་ལ་གནད་དུ་བསྣུན་པའི་ལས་ལ་བརྟུན་པ་བསྐྱེད་དོ།། གནས་ཚུལ་འདི་ཚོ་ནི། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དང་། འདུས་བྱས་མི་རྟག་པའི་ཆོས་ཉིད་ཡིན་པ། རང་བྱུང་ཁམས་ཆེན་པོས་ང་ཚོ་ལ་ཆེད་དུ་དམར་ཁྲིད་བྱས་པ་ཞིག་ཅི་ལ་མིན། དངོས་ཡོད་གནས་ཚུལ་དངོས་སུ་མྱོང་མཁན་གྱིས་བཤད་པར་ནང་དོན་གྱི་བྲོ་བ་མི་འདྲ་བ་ཞིག་འདུག སེམས་ཅན་ཐམས་ཅད་བདེ་བ་ལྡན་ཞིང་། སྡུག་བསྔལ་དང་འབྲལ་བར་གྱུར་ཅིག
འདི་ལྟ་བུའི་རླབས་ཆེན་གྱི་བྱ་གཞག་བསྒྲུབས་དང་སྒྲུབ་ཀྱིན་པར་སྙིང་ནས་ཡི་རང་ཞུ། བཀའ་དྲིན་ཆེ།
བཀའ་བསྟན་ཀ་ཁ་སྦྱངས་པས་སྦྱང་དགོས་ཆོད། །
ཁ་ནས་མཎི་བཏོན་པས་འདོན་དགོས་ཆོད། །
ག་ནས་བལྟས་ཀྱང་སེར་གཟུགས་དེ་ཚོ་ནི། །
ང་དང་འདྲའི་ཡི་རང་སྐྱེས་ས་ཉིད། །
ཅ་ལག་ཆོག་ཤེས་ཅན་གྱི་གྲྭ་བཙུན་དང་། །
ཆ་ཆང་རོལ་ནས་དམ་བསྲུང་སྔགས་འཆང་གཉིས། །
ཇ་རྩམ་སྤྱོད་མཁན་བོད་རིགས་མགོན་སྐྱབས་གཉིས། །
ཉ་མ་སྦྱིན་བདག་འདི་ཕྱི་ལེགས་ཚོགས་རྒྱས། །
ཏ་ཐ་ག་ཏའི་འདུལ་གོས་ལུས་ལ་མཆོད། །
ཐ་ན་འབྲོག་འབུ་འཚེ་སྤོངས་སེམས་ལ་འཆང་། །
ད་ལྟའང་ཁ་ནས་མཎི་གང་ཐུབ་འདོན། །
ན་ཚོད་གཞོན་པའི་གཞོན་ནུ་ཕོ་མོ་དར། །
ཕ་ཕ་ཡ་རབས་ཚོགས་ཀྱི་གྲྭ་ཆུང་དང་། །
ཕ་མ་དད་ལྡན་ཀུན་གྱི་བཙུན་ཆུང་མོ། །
བ་དན་རྒྱལ་མཚན་སེར་གཟུགས་བསྟན་པའི་རྒྱན། །
མ་རེད་མི་འདུག་ཟེར་ཡང་འདྲ་ས་མེད། །
རྩྭ་ཐང་ལམ་ཁར་འགྱེལ་བའི་ཁང་རལ་ནས། །
ཚ་གྲང་ལྟོག་སྐོམ་བཟོད་ནས་སྲོག་སྐྱོབ་བྱས། །
མཛངས་པ་བླ་མའི་དགེ་ཕྲུག་དེ་དག་གིས། །
ཝལ་ལེར་ཞིག་རལ་བརྔོག་མཐོང་དགའ་དད་འཕེལ། །
ཞྭ་སེར་ཞྭ་ནག་ཞྭ་མདོག་མ་རྩོད་པར། །
ཟ་ལོང་འཐུང་ལོང་མེད་པར་གཞན་སྐྱོབ་ཕྱིར། །
འར་འུར་མཉམ་རུབ་ཆུ་དང་ཟས་སྤྲོད་ཀྱིས། །
ཡ་མེད་ཟླ་མེད་སྟོན་པའི་རྣམ་ཐར་བསྐྱངས། །
ར་ཕྲུག་ཁྱི་ཕྲུག་གཅེས་སྐྱོང་བྱས་པ་ལྟར། །
ལ་ལུང་རྒྱུས་མེད་མི་ལ་ཕན་པ་བསྒྲུབས། །
ཤ་ཁྲག་གཅིག་པའི་མི་ཡང་ཕན་པ་དེས། །
ས་ཡོམ་གོད་ཆགས་རྗེས་ཀྱི་གཟི་བརྗིད་རེད། །
ཧ་ཆང་དགའ་བདེའི་ངང་ནས་ཀ་བཤད་འདི། །
ཨ་མའི་བོད་རིགས་ཡོངས་ལ་བསྟོད་བསྔགས་ཕུལ། །