ཁྱབ་བདག་འཇའ་ལུས་རྡོ་རྗེའི་ཡང་སྲིད་དེ་མ་ཐག་པ་༧རྡོ་གྲུབ་ཆེན་ལྔ་བ་ཐུབ་བསྟན་ཀློང་ཡངས་རིག་འཛིན་རྒྱ་མཚོ་མཆོག་གི་རྣམ་པར་ཐར་པ་མདོ་ཙམ་གླེང་བ།
འཚོལ་གྱི་དྲྭ་འཕྲིན་ཟིན་བྲིས།
ཨེ་མ་སྒྲིབ་བྲལ་རིག་པའི་སྤྱན་ཡངས་དེས། །འཁོར་འདས་རེ་དོགས་ཞིག་པའི་ཚུལ་མཐོང་ཞིང་། །སྤྱི་འདུས་བླ་མའི་རྣལ་འབྱོར་གཅིག་པུ་སྐྱོང་། །འཇིགས་བྲལ་རིག་འཛིན་བླ་མར་སྙིང་ནས་འདུད། །
དེ་ཡང་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་རྒྱལ་བ་ཀློང་ཆེན་སྙིང་གི་ཐིག་ལེའི་བསྟན་པའི་གསལ་བྱེད་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༧རྡོ་གྲུབ་ཆེན་སྐུ་ཕྲེང་ལྔ་བ་༧ཐུབ་བསྟན་ཀློང་ཡངས་རིག་འཛིན་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་མཛད་རྣམ་མདོར་བསྡུས་ཤིག་གླེང་ན།
“ལྡོང་ཆེ་གཉན་ཅན་ཞེས་དབུ་འཕངས་མཐོ། །”ཞེས་པ་ལྟར་སྨུག་པོ་ལྡོང་གི་རིགས་ལས་མཆེད་པའི་དུས་བབ་ཀྱི་གཏེར་སྟོན་ཆེན་པོ་ཡབ་བུ་རུ་བསོད་ནམས་དཔལ་ལྡན་དང་། ཡུམ་གཡུང་ཤུལ་བླ་མ་མཁྱེན་དཔལ་གྱི་སྲས་མོ་བལ་འབངས་ཀ་ལ་སིདྡྷིའི་སྐྱེ་སྲིད་དུ་བསྔགས་པའི་གཡང་ལོ་གཉིས་ཀྱི་སྲས་སུ་འཇའ་ཤར་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས། བོད་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་སོ་དྲུག་པ་(ཕྱི་ལོ་1962)སྟེ། ལེགས་སྦྱར་གྱི་སྐད་དུ་ཤུབྷ་བྲི་ཏ། ཞེས་བསིལ་ལྡན་བོད་ཀྱི་སྐད་དུ་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོའི་སྟག་ཟླའི་ཚེས་ཉེར་དགུ་ལ། མགོ་ལོག་གསེར་རྟའི་སྲིད་པའི་ཟོ་དོར་ཆེན་པོ་རྫ་ཁྲིའི་དམ་ཅན་མགར་ནག་གི་ཉེ་ཞོལ་དབང་མཛད་ལྷ་རི་ཁྲ་བོའི་གཡས་ཟུར་ས་དམར་དར་ལུང་ཞེས་པ་དབང་གི་དགའ་འཁྱིལ་དམར་བོ་གཡས་སུ་འཁོར་འདྲའི་ས་མིག་དང་། སའི་སྲུང་བཞི་སོགས་བཀྲ་ཤིས་གཡང་དུ་ཆགས་པའི་གནས་དེར་(ད་ལྟ་འདིར་བྱང་ཆུབ་མཆོད་རྟེན་ཞིག་བཞེངས་ཡོད།)སྐུ་བལྟམས། དེ་ཡང་ལྷུམས་སུ་ཞུགས་པའི་དུས་ནས་མ་ཡུམ་ལ་བསྙུན་གཞི་མེད་ཅིང་རིག་པ་དྭངས་ཤིང་བག་ཕེབས་པ། ནམ་རྒྱུན་སེམས་དགའ་ཀྱི་ལེར་ཡོད་པ་ཞིག་བྱུང་ཞིང་། བཙའ་བའི་ཚེ་ནའང་ཟུག་རྔུ་ཅི་ཡང་མེད་པར་སྣང་བ་ཟང་ཐལ་ལེ་བ། སྤང་བླང་དང་འཛིན་ཞེན་ཅི་ཡང་མེད་པའི་རིག་པ་ཡ་མཚན་པོ་ཞིག་གི་སྟེང་ནས། ཉེ་སྲས་བརྒྱད་ཀྱི་ཟློས་གར་དུ་གྲགས་པའི་ཡ་གྱལ་ལྟ་ན་སྡུག་ཅིང་མཚན་བཟང་གིས་བརྒྱན་པའི་དམ་པ་དེ་ཉིད་སྐུ་བལྟམས་སོ། །སྐུ་གོང་མའི་དངོས་སློབ་རྭ་སྐོར་བླ་མ་ཡོན་ཏན་རྒྱ་མཚོས་(ཡོངས་གྲགས་སུ་ཡོན་ལོ་)བྱིས་པ་ལ་ཁྲུས་གསོལ་དང་སྒྲུབ་དགོས་ཀྱི་བྱ་བ་རྣམས་གྲུབ་པར་བྱས། ཕྱིས་སུ་མ་ཡུམ་གྱིས་ཀྱང་། “ཀློང་ཡངས་འདི་བྱིས་པ་གཞན་དང་གཏན་ནས་མི་མཚུངས་པ་ཞིག་ཡིན།” ཅེས་ཡང་ཡང་གླེང་བ་བྱུང་ཞིང་། སྐུ་ན་ཆུང་ངུའི་དུས་ནས་ཀྱང་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་ལ། གཞན་ཕན་ཆེ་ཞིང་མོས་གུས་དང་གཏོང་ཕོད་ལྡན་པས་ཀུན་གྱིས་བསྔགས་བརྗོད་ཀྱི་ཡོན་ཆབ་མང་དུ་བསྟབས།
དེ་ཡང་དམ་པ་འདི་ཉིད་རྒྱལ་བསྟན་སྤྱི་དང་བྱེ་བྲག་གྲུབ་དགོན་བསྟན་པའི་གཉེན་གཅིག་ཏུ་མི་ཤིགས་རྡོ་རྗེའི་བཀའ་ལུང་གིས་བསྔགས་པའི་ཚུལ་ནི་འདི་ལྟ་སྟེ། རྡོ་གྲུབ་རྒན་བྱང་ཆུབ་རྡོ་རྗེའི་གང་ཟག་སྒོས་ལུང་ལས། “ཆོས་སྙིང་ཐིག་གི་བསྟན་པ་ནུབ་ནས་དརཿ མགོན་ཨོ་རྒྱན་པདྨའི་སྤྲུལ་པ་ནིཿ ཁོང་སྔགས་བཙུན་ཀློང་གི་མཚན་ཅན་འབྱུངཿ ཆོས་བརྟུལ་ཞུགས་སྤྱོད་པས་ལྕགས་ཁམས་འདུལཿ” ཞེས་ཆོས་སྙིང་ཐིག་གི་བསྟན་པ་གནས་དུས་ཀྱི་དབང་གིས་ཅུང་ཟད་ནུབ་པ་སླར་གསོ་བའི་མགོན་དུ་ཨོ་རྒྱན་པདྨའི་སྤྲུལ་པ་སྔགས་བཙུན་ཀློང་གི་མཚན་ཅན་ཁོང་འཁྲུངས་ནས། བརྟུལ་ཞུགས་ཀྱི་སྤྱོད་པ་མ་ངེས་པས་འགྲོ་ཁམས་འདུལ་བར་འཁྲུལ་མེད་བདེན་གསུང་གིས་བསྔགས་པ་དུས་སུ་སྨིན་པ་དང་། གཞན་ཡང་ཨ་ཕང་གཏེར་ཆེན་དཔའ་བོ་ཆོས་དབྱིངས་རྡོ་རྗེའི་གནས་ཡུལ་ཉེར་བཞིའི་ལུང་བསྟན་ལས། “ལྷོ་ཕྱོགས་ནས་གྲུབ་པའི་རྣལ་འབྱོར་ཞིག༔ ལས་སྨོན་ལམ་བཟང་བོའི་སྟོབས་ཀྱིས་བསྐུལ༔ དེའི་རིམ་གྲོ་རྡོ་རྗེའི་གུར་ཆེན་དུ༔ ཚུད་གྱུར་ན་བསྟན་གནས་སྔར་ལས་ལྷག༔” ཅེས་མཆོག་སྤྲུལ་གྲུབ་དབང་ལྔ་བ་རིན་པོ་ཆེ་ཁོང་ནི་གྲུབ་དགོན་གྱི་ལྷོ་ཕྱོགས་གསེར་ལྗོངས་སུ་སྐུ་འཁྲུངས་ཤིང་། མཚན་དཔེ་པདྨོའི་འདབ་མ་རབ་ཏུ་རྒྱས་ཏེ་ལུང་རྟོགས་ཀྱི་ཡོན་ཏན་མཐའ་དག་ལ་དབང་འབྱོར་ཞིང་གྲུབ་པའི་གོ་འཕང་མངོན་དུ་བྱས་ནས་བསྟན་གནས་བཟང་བོ་དེ་གཙང་ཞིང་རྒྱས་པར་འགྱུར་བར་ལུང་བསྟན་པའོ། །
བྱེ་བྲག་ཏུ་རྡོ་གྲུབ་ཆེན་རིག་འཛིན་བསྟན་པའི་རྒྱལ་མཚན་གྱི་ཡང་སྤྲུལ་འཁྲུལ་མེད་དུ་བསྔགས་པ་ཡང་། གྲུབ་བརྙེས་ཆེན་པོ་སེ་ར་ཡང་སྤྲུལ་ཞབས་ཀྱི་གནད་བྱང་ལས། “བཀའ་བབ་ལས་ཅན་མཆོག་གི་བུ་ཆེན་ནི༔… བི་མའི་སྤྲུལ་པ་རིག་འཛིན་ཀློང་ཡངས་འབྱུང༔” ཞེས་དང་། མཁའ་འགྲོ་ཏ་རེ་ལྷ་མོས། “མྱི་ཚོ་དགའ་དུས་དགའ་བའི་གཏམ་རེ་དང་ཅུང་ཙམ་སེམས་ལ་འཕྲོད་མིན་བྱུང་ཚེ་དམ་པའི་ལུང་དང་ཞལ་གདམས་གང་འདྲ་ཞིག་ཡོད་རུང་སྐད་ཆ་སྒྱུར་འགྲོ་ཡིན་འདུག་སྟེ། ངས་ནི་ཀློང་ཡངས་འདི་གྲུབ་ཆེན་གླིང་སྤྲུལ་འཁྲུལ་མེད་ནི་རེད་ངེས་ཅན་ཡིན་བསམ་ཁུ་ཡོད། རྒྱུ་མཚན་ཆུང་དུས་ནས་ང་ཚོ་ཕན་ཚུན་དབར་ཆ་ཡོད་རྒྱུས་ཡོད་ཡིན་ཅིང་ཁོ་ལ་རྟག་ཏུ་སྤྲུལ་སྐུ་རིག་པོ་དང་འདྲ་བའི་ལས་ཀ་སྙིང་རྗེ་བོ་འདྲ་མང་བོ་ལས་རྒྱུ་ཡོད་ས་ཞིག་ཡིན། ངེད་ཀྱི་མིང་བོས་ཀྱང་འདི་ངོས་འཛིན་གྱི་ཕྱོགས་ལ་དཀའ་ལས་ཏེ། ལུས་སེམས་ཀྱིས་ངལ་བ་ཧ་ལས་པ་ཞིག་བརྒྱབས་པ་རེད། མ་ཟེར་ད་རང་གི་ཚེ་སྲོག་ལའང་མ་འཛེམས་པར་ངོས་འཛིན་བྱས་པས། མྱི་གཞན་དག་ལ་ཅི་འདྲ་ཡིན་རུང་རང་གིས་ཅིག་ཡིན་རྒྱུ་རེད་བསམ་ནི་ཡིན་”ཅེས་སོགས་གསུང་འཕྲོས་སུ་བསྩལ་པ་རྗེས་དཀར་བློ་བཟང་གི་གསུང་སྒྲ་བཤུས་ཞུས་པ་ལགས།
ཁྱད་པར་དམ་པ་འདི་ཉིད་སྐུ་མ་འཁྲུངས་པའི་སྔ་རོལ་ནས་ཀྱང་ཨ་པང་གཏེར་ཆེན་གྱི་སྐུ་ཐུགས་ཟུང་འཇུག་གི་སྲས་པོ། དབལ་ཤུལ་ལྷ་སྲས་དཔོན་བླ་དབང་ཆེན་ཉི་མས། རྡོ་གྲུབ་ཆེན་རིག་འཛིན་འཇའ་ལུས་རྡོ་རྗེའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་ཞིང་། ཁྱབ་བདག་རྡོ་རྗེ་འཆང་༧རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་བ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་བོ་མཆོག་གིས་ཀྱང་ལྷ་སྲས་ཀྱིས་ཇི་ལྟར་གསུངས་པ་ལྟར་ཡིན་ངེས་ཞེས་གསུང་གིས་དབུགས་དབྱུང་བ་སོགས་འོག་ཏུ་ཡང་འབྱུང་ངོ་། །
དེའི་ཚུལ་ཉུང་ཙམ་ཞིག་གླེང་ན་(དུས་ཟིང་མ་བྱུང་སྔ་རོལ་ཅིག་ནས་ཁྱབ་བདག་འཇའ་ལུས་རྡོ་རྗེ་ཚང་དང་། སྤྲུལ་སྐུ་དབང་ཆེན་ཉི་མ་ཟུང་གིས་ཁོང་རྣམ་གཉིས་ཀྱི་སྔོན་ལ་སུ་འདས་ནའང་། དེའི་ཡང་སྤྲུལ་ངོས་འཛིན་གནང་རྒྱུ་ཤུལ་ལུས་དེའི་ལས་འགན་ཡིན་པར་བཀའ་བགྲོས་པ་མཁའ་འགྲོ་ཏ་རེ་ལྷ་མོའི་ཞལ་འཕྲོས་ལས་བྱུང་།)ཕྱི་ལོ་1961ཉིན་ཞིག་ལ་དཔོན་བླ་ཚང་དབུ་བཏུམ་སྟེ་བཤུམ་པ་གནང་། ཚང་མས་རྒྱུ་མཚན་ཅི་ཡིན་གྱི་ཞུ་ཚིག་ནན་གྱིས་ཕུལ་བར་ཁོང་གིས། “ད་ཅི་ཡང་ཉན་མ་ཐལ། སྤྲུལ་སྐུ་རིག་པོ་ཚང་ནི་གཤེགས་བུད་ཐལ། དེ་རིང་གི་དུས་ཚིགས་དེ་ཚང་མས་བློར་བརྟན་པོར་ཟུངས་ཤིག་”གསུངས་ནས་ཐུགས་སྐྱོ་ཚད་མེད་གནང་། དེར་ཡོད་འཇིགས་མེད་བསྟན་འཛིན། ཆོས་ལྡན་སོགས་ཀྱིས་ཇི་ལྟར་བགོས་པ་བཞིན་འགའ་རེས་བློ་ལ་བཟུང་བ་དང་། འགའ་རེས་ཤོག་འཛར་ལ་བྲིས་ཏེ་གྱོན་གོས་ཀྱི་དབར་དུ་ཉར་ཚགས་བྱས། དེ་ནས་ལོ་གཅིག་ཙམ་སོང་བའི་ཉིན་ཞིག་ལ་ལྷ་སྲས་ཚང་གིས་ཧ་ཅང་སྤྲོ་བའི་ཉམས་ཀྱིས། “ཡ། དེ་རིང་ཇ་ཞིམ་པོ་འདྲ་བླུད་རྒྱུ་ཨེ་ཡོད། ང་ལ་ཁ་དགའ་ཞིག་བཤད་རྒྱུ་ཡོད་ཨང་”གསུངས། “མདང་དགོང་ངས་རྨི་ལམ་ཞིག་རྨིས་ཐལ། རྒྱ་ཕྱུག་ཚོ་བའི་ཅིག་ཚང་གི་ཡ་ཕུག་དེ་ན་མེ་ཏོག་ཅིག་སྐྱེ་ཐལ། དེའི་སྟེང་དུ་ཀུན་མཁྱེན་འཇིགས་མེད་གླིང་པ་ཞིག་བཞུགས་འདུག ཅི་ཞིག་ཡིན་ནམ་སྙམ་ཚེ་ཁྱིམ་དེར་སྤྲུལ་སྐུ་རིག་པོ་ཚང་འཁྲུངས་འདུག་པས། ད་འུ་ཚོ་མདོ་བུད་ཐལ། དེའི་དུས་ཚོད་དེའང་ཚང་མས་ཉར་ཚགས་གྱིས། སྤྲུལ་སྐུ་དེའི་མའི་མིང་ལ་གཡང་ལོ་དང་ཕའི་མིང་ལ་བསོད་ལྡན་ཟེར་འདུག་པ་ཡིན་པས། འུ་ཚོར་ཐུག་ཐབས་ཤིག་ནི་མེད་དམ་”གསུངས་ནའང་དེར་ཡོད་ཚང་མ་རེ་ཞིག་ཐབས་བཀོད་ཀྱིས་སྟོངས། དེ་ནས་ཉིན་ཤས་ཀྱིས་གསེར་རྫོང་ནས་ལྷ་སྲས་ཚང་གིས་བུ་སྨད་ཅིག་ལ་གཟིགས་ཏེ། “ཨ་ཙེ་ཨ་ཙེ། ཅི་ཞིག་རེད་ཀོ། ཅི་འདྲའི་བུད་མེད་ཁྱད་པར་ཅན་ཞིག་བྱོན་བཞག་ཐལ། དེ་ཅི་ཞིག་རེད་ཀོ་”གསུངས། དེ་ཅི་ལགས་ཞུས་པར། “གན་གྱི་ལུས་ཕུང་བོ་ཡོད་ཚད་འཇའ་ཡིས་བཏུམ་བསྡད་ཡོད་ཀི། ཨ་ཅི་འདྲ་འདྲ། མཁའ་འགྲོ་མ་ཞིག་ཡིན་སོད་ཀ་”(ཕྱིས་སུ། འཇའ་ཡིས་བཏུམ་བསྡད་ཡོད་པར་སྣང་བ་དེ། སྤྲུལ་སྐུ་རིག་པོ་ཚང་དེའི་ལུས་ལ་འཁོར་ཡོད་པས་ཡིན་ཟིག་གསུངས།)གསུངས། གནས་ཚུལ་ཞིབ་རྩད་བྱས་ཚེ་གཡང་ལོ་བྱ་བ་དེ་ཡིན་འདུག་ཅེས་ཐོས་ནས་༧རྡོ་གྲུབ་ཆེན་རིག་འཛིན་བསྟན་པའི་རྒྱལ་མཚན་གྱི་སྤྲུལ་སྐུ་ཡིན་ཚུལ་གྱི་ཕྱག་ཡིག་ཅིག་རྒྱ་ཤུལ་དར་རྒྱས་བརྒྱུད་དེ་མཁན་བསོད་ལྡན་ཚང་གི་ཕྱག་ཏུ་འཕྲོད་ཐབས་བྱས་ཤིང་། ཁྱེད་ཚང་གི་བུ་སྨད་ཀྱི་ལུས་ལ་བྱིས་པ་ཞིག་འཁོར་ཡོད་མེད་དྲིས་ཚེ། ཕ་མ་གཉིས་ཆར་གྱིས་ཀྱང་བྱིས་པ་ཞིག་ལུས་ལ་འཁོར་ཡོད་མེད་མ་ཤེས། ཟླ་གཅིག་ལྷག་ཙམ་ནས་མངལ་སྦྲུམ་པ་གཞི་ནས་ཚོར། རྭ་སྐོར་བླ་མ་ཡོན་ལོ་མཆོག་གིས་ཀྱང་”ལྷ་སྲས་ཀྱི་གསུང་ལ་འཁྲུལ་བ་ག་ལ་བདོག ངའི་སྐྱབས་རྗེ་རིན་པོ་ཆེའི་སྤྲུལ་སྐུ་ཁྱད་པར་བ་ཞིག་འཁྲུངས་ངེས་སོ། །”གསུངས་ནས་བཀའི་དབྱུག་དབྱུང་དང་སྦྲགས་ཐུགས་དད་ཟླ་མེད་དང་བཅས་ཉིན་རེ་ཞིང་སྦྲ་ལ་སྐོར་བ་རེ་གནང་ཞིང་བརྩི་མཐོང་ཆེན་པོ་མཛད་དོ། །གོང་གསལ་ལྷ་སྲས་ཀྱིས་གསུངས་པའི་དུས་ཚོད་རྣམས་ཡོ་ཟུར་མེད་པར་ཏག་ཏག་ཐོད་ཐུག་པ་བྱུང་བས་ཀུན་ཀྱང་དད་གུས་དང་ངོ་མཚར་ཚད་མེད་རྒྱས། ཚུལ་འདི་དག་ནི་དཔོན་བླ་ཚང་དང་རྒྱུས་མངའ་ཧ་ཅང་ཟབ་པའི་བླ་སྤྲུལ་དང་མི་སྐྱ་གང་མང་ལ་གསལ་བའི་ཁུངས་ལྡན་གྱི་སྐད་ཆ་ལྷད་ཀྱིས་མ་གོས་པའོ། །
དེ་ནས་སྲིད་ཇུས་ཅུང་ཙམ་ལྷོད་རྗེས་ཤིག་ལ་སྐུ་ན་ཤིན་ཏུ་ཕྲ་བའི་སྤྲུལ་པའི་སྐུ་འདི་དཔོན་བླ་དབང་ཆེན་ཉི་མའི་སྐུ་མདུན་དུ་ཁྲིད་(དེ་ཉིན་བསྐྱོན་པའི་སྐུ་པར་ཞིག་ཀྱང་ད་ལྟ་ང་ཚོའི་མོས་སྐལ་དུ་མཆིས)པར་ཁོང་གིས། “རིག་འཛིན་གྲུབ་པའི་དབང་བོ་སམྦྷ་ཝའི། །རིང་ལུགས་བསྟན་པའི་རྒྱལ་མཚན་འཛིན་པའི་མཆོག །གང་གི་ཞབས་པད་བསྐལ་པ་རྒྱ་མཚོའི་དབར། །མི་ནུབ་རྡོ་རྗེ་ལྟ་བུར་བརྟན་བཞུགས་གསོལ། །”ཞེས་གསུངས་ཏེ་༧རྡོ་གྲུབ་ཆེན་རིག་འཛིན་འཇའ་ལུས་རྡོ་རྗེའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་ཞིང་མཚན་”ཐུབ་བསྟན་ཀློང་ཡངས་རིག་འཛིན་རྒྱ་མཚོ”ར་གསོལ་ཏེ་སྤྲུལ་སྐུ་རིན་པོ་ཆེ་འདིའི་སྐུ་ཚེ་གང་གི་མཛད་པ་སྟོན་པའི་འབྱུང་འགྱུར་ལུང་བསྟན་ཕྱག་ཡིག་དང་བཅས་པ་བསྩལ།
དེ་ལྟའི་གནས་ཚུལ་མི་གཞན་གྱིས་ཚོར་ནས་སྲིད་གཞུང་ལ་ཞུ་གཏུགས་བྱས་པར་བརྟེན། ཡང་བསྐྱར་དཔོན་བླ་ཚང་ཁྲིམས་ལ་སྦྱར་ཞིང་དབལ་ཤུལ་གསེར་རྟའི་ཚོ་བ་རྣམས་འཚོགས་བཅུག་སྟེ། མགོ་བྱེད་པ་ཚོས་འདི་སྐད་དུ། “དེ་སྔ་ཡན་ལ་ཁྱོད་ཀྱིས་མང་ཚོགས་ཀྱི་འཚོ་བར་བཤུ་གཞོག་བྱས། ད་ཡང་ཁྱོད་ཀྱིས་རྗེས་རབས་པ་བསྐྱངས་ཏེ། ཨ་ལ་ལ། ཁྱོད་རང་ཁྲིམས་ཁང་དུ་བསྡད་ཀྱང་རྗེས་འཛིན་པ་བསྐྱངས་པ་འདི་ཤིན་ཏུ་གནད་ཆེ་”ཟེར་ནས་བློ་ཡུལ་འདས་པའི་རྡུང་རྡེག་དང་སྡིགས་སྨོད་བྱས་པར། ཁོང་གིས་གསལ་དག་ཆོད་པའི་ངང་དམངས་བྱིངས་ལ། “ངས་སྤྲུལ་སྐུ་རིག་པོའི་སྤྲུལ་སྐུ་དག་མ་ངོས་བཟུང་ཡོད། འདི་མགོ་སྐོར་བདག་ཅིག་འེ་ཡིན་མ་འོངས་པར་གསལ་ཡོང་བ་རེད། ང་འདིའི་དོན་ལ་ཞར་(གྲོངས)སོང་ཡང་འགྱོད་པ་ཏིལ་འབྲུ་ཙམ་ཡང་མེད། ང་ཤི་སོང་ནའང་ཤུལ་དེ་ན་སྤྲུལ་སྐུ་རིག་པོ་འཁྲུངས་ཡོད་སྙམ་སྟེ་སེམས་དགའ་ཡ་ལེར་ཡོད། ངས་དབལ་ཤུལ་གསེར་རྟ་ལའང་ཕན་ཞིག་ལས་གནོད་ཅིག་བསྐྱལ་མེད་ཨེ་གོ།” ཞེས་གསུངས་ཀྱང་སྲིད་གཞུང་གིས་ཁས་ལེན་པ་ཕ་ལྟར་ཞོག དོན་དེར་སྙད་བཏགས་ཏེ་སྤྲུལ་སྐུ་དབང་ཆེན་ཉི་མ་ར་རྔ་ལ་ཁྱེར་ནས་བཙོན་འཇུག་བྱས་པས་ཕྱིར་འཁོར་མ་ཐུབ་པར་བཀྲོངས་སོ། །དེར་བརྫང་ཁར་ཡང་ཁོང་གིས་སྤྲུལ་སྐུ་རིན་པོ་ཆེ་ཚང་ལ་ཞལ་གྱུས་ཏེ་ཞལ་འཛུམ་གནང་བ། མི་ཚོགས་ཤིན་ཏུ་སྟུག་ཅིང་དབར་ཐག་ཧ་ཅང་རིང་ཡང་ཚེམས་ཀྱི་དཀར་ཆ་སོགས་ཀྱང་མ་འདྲེས་ཤིང་ས་ལེར་གཟིགས་པ་སྤྲུལ་སྐུ་བྱིས་པ་དེས་ཇི་བཞིན་གླེང་བཏུབ་པས་དེར་འདུས་ཀུན་གྱིས་ཤིན་ཏུ་ངོ་མཚར་བའི་གནས་སུ་གཟུང་བ་བྱུང་ངོ་། །
དེ་ནས་སྲིད་གཞུང་གིས་ཕ་ཡབ་མཁན་པོ་བསོད་ལྡན་ལ་གེ་སར་གཏེར་ཆོས་ཕབ་པར་སྙད་བཏགས་ཏེ་གསར་བརྗེ་ངོ་ལོག་པར་བརྩིས་པ་དང་། རང་སྡེའི་ནང་ནས་ཀྱང་”འདི་བ་ཚང་ལ་སྤྲུལ་སྐུ་ཞིག་སྐྱེས་ཡོད་ཚོད་འདུག་པས་གསོད་དགོས་ཀི་”ཟེར་བ་སོགས་བྱུང་བས། ཕ་ཡབ་མཆོག་གིས། རེ་ཞིག་ཉེན་ཁ་དེ་ལས་གཟུར་ཕྱིར་གནུབས་ཟུར་ཡུལ་ཚོའི་དམངས་སྒྲུབ་སློབ་གྲྭར་བསྐྱལ། ཅང་མ་འགོར་བར་རྫོང་སློབ་འབྲིང་དུའང་ཞུགས་ཤིང་རྒྱ་ཡིག་རྩིག་རིག་སོགས་སློབ་འབྲས་ཕུན་སུམ་ཚོགས་པ་བྱུང་། དགེ་སློབ་ཀུན་གྱིས་”ཀློང་ཡངས་འདི་བློ་རིག་གསལ་ཞིང་གཞན་ཕན་ཆེ། སྦྱིན་པར་མོས་ཤིང་མངོན་མཁྱེན་ཀྱང་ཐོགས་རྡུགས་མེད་པ་ཞིག་འདུག་”ཅེས་ངང་ངམ་ཤུགས་ཀྱིས་གླེང་བ་བྱུང་།
སྐུ་ན་ཅུང་ཟད་ནར་སོན་པ་ནས་ཡབ་རྗེ་རིག་འཛིན་མཁའ་སྤྱོད་རྡོ་རྗེའམ་མཁན་པོ་བསོད་ལྡན་ལས། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་། ཀུན་བཟང་བླ་མའི་ཞལ་ལུང་། ཁྲིད་ཡིག་ཡེ་ཤེས་བླ་མ། ཆོས་དབྱིངས་མཛོད། རང་གཏེར་སེང་ཆེན་གྱི་སྒྲུབ་ཐབས་སྐོར་གྱི་དབང་ལུང་ཡོངས་རྫོགས། སྙིང་ཐིག་བླ་རྣམ་ཀྱི་ཁྲིད་ལུང་བཅས་གསན། ཕ་ཡབ་ཀྱིས་དུས་རྟག་པར་ཁྱོད་རང་མཁན་པོ་འཇིགས་མེད་ཕུན་ཚོགས་མདུན་དུ་སོང་ན་ལེགས་ཚུལ་གྱི་གསུང་འཕྲོས་གང་མང་བསྩལ་ཀྱང་། ཁོང་གི་ཐུགས་ལ་ཕ་ཡབ་མཆོག་གི་མདུན་ནས་ཟབ་ཆོས་འདི་ལྟར་ཐོས་པས་སྐལ་བ་སྦོམ་པོར་འདུག་དགོངས་ནས་མ་ཕེབས། ཡེ་ཤེས་བླ་མའི་བཀའ་ཁྲིད་ཞུ་སྐབས་སྐྱོར་དཔོན་དུ་བསྐོས། དེ་ཞུ་བའི་ནུབ་མོར་གཟིམ་ལམ་དུ། ཡེ་ཤེས་བླ་མའི་ངོས་ཀྱི་ཡི་གེ་ཚང་མ་རིལ་བུ་ཞིག་ཏུ་ལོག་སྟེ་ཁོང་གིས་མིད་བཏང་བ་ཞིག་རྨིས་པ་སོགས་དངོས་ཉམས་དང་རྨི་ལམ་ཅི་རིགས་པར་དག་པའི་སྣང་བ་མང་དུ་བྱུང་ཞིང་། དགུན་དཀྱིལ་ཡིན་ཡང་ཆུ་མིག་སོ་མ་རྡོལ་བ་སོགས་རྟེན་འབྲེལ་ཟབ་མོ་འགྲིག
ཕྱི་ལོ་1980སྤྲུལ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཚང་གིས་”དྲི་མེད་ཀུན་ལྡན་དང་། སྲོང་བཙན་སྒམ་པོ་སོགས་རྡོ་གྲུབ་ཆེན་སྲོལ་རྒྱུན་ཟློས་གར་སྒྱུ་རྩལ་གྱི་འཁྲབ་རྒྱུན་འདི་སྔོན་ཆད་༧རྡོ་གྲུབ་ཆེན་རིན་པོ་ཆེ་རིག་འཛིན་བསྟན་པའི་རྒྱལ་མཚན་གྱིས་བྱང་བླ་བྲང་ནས་གདན་དྲངས་ཤིང་འཐུས་སྒོ་ཇེ་ཚང་དང་དར་སྤེལ་དྲིལ་སྒྲོག་གི་མཛད་པ་རྒྱ་ཆེན་གནང་ཚུལ་(ད་ལྟ་གསེར་ལྗོངས་གེ་སར་ཟློས་གར་ཚོགས་པ་ཞེས་འཛམ་གླིང་ཡུལ་གྲུ་གང་མང་ལ་ཐུ་བྷོད་སྒྱུ་རྩལ་རིག་གནས་ཀྱི་སྙན་པ་སྦོར་གྱིན་ཡོད་པའང་རྡོ་གྲུབ་ཆེན་གྱི་མཛད་འཕྲིན་ལས་བྱུང་ངོ་། །)དང་། རྣམ་ཐར་འདིས་འགྲོ་དོན་དཔག་མེད་འབྱུང་བའི་ལུང་བསྟན་དང་བཅས་རྗེས་སུ་ཁོང་ལ་གཏད་པས་ཁོང་གིས་ཀྱང་མི་ཤུགས་དང་དངོས་ཤུགས་སོགས་ཐབས་གང་དྲག་ལ་བརྟེན་ཏེ་སྤེལ་བཞིན་པ་ལགས་པས། ཅིས་ཀྱང་སྤྲུལ་སྐུ་རིན་པོ་ཆེ་ཁྱེད་འདིའི་ནང་དུ་ཞུགས་ཏེ། མཛུབ་སྟོན་དང་དར་སྤེལ་གྱི་ཕྲིན་ལས་སྐྱོང་དགོས་”ཚུལ་ཞུས་པར། ཁོང་གིས་ཀྱང་དེ་བཞིན་དུ་གནང་། རྣམ་ཐར་འདིས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱ་ཅུ་བའི་ནང་ཆོས་སྒོ་འབྱེད་པ་ལ་ཕན་ནུས་རྒྱ་ཆེན་པོ་བྱུང་བ་ཀུན་གསལ་ལྟར་རོ། །
གཞན་ཡང་སྤྲུལ་པའི་གཏེར་སྟོན་སེ་ར་ཡང་སྤྲུལ་མཆོག་གི་སློབ་རྒྱུད་ཇི་ལྟར་འབྱུང་ཚུལ་གྱི་མཁའ་འགྲོའི་བརྡ་ལུང་ལས། “བི་མའི་རྣམ་འཕྲུལ་རིག་འཛིན་ཀློང་ཡངས་འབྱུངཿ” ཞེས་བསྔགས་པ་ལྟར། ཐུགས་བརྩེ་བ་ཆེན་པོས་དགྱེས་བཞིན་རྗེས་སུ་བཟུང་སྟེང་ཁོང་གི་ཟབ་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་རྒྱས་པར་གནང་ཞིང་། ཐུགས་ཟིན་གྱི་བུ་སློབ་རྩེར་སོན་དུ་གྱུར།
རྡོ་རྗེ་འཛིན་དབང་ཨ་ཀྱ་བླ་མ་ཀར་ཆོས་ལས། སྙིང་ཐིག་དུམ་གཉིས། སྙིང་ཐིག་ཡ་བཞི་སོགས་དབང་ལུང་མང་དུ་གསན། གཡུང་ཤུལ་མཁན་པོ་སྐོམ་ལོ་ལས། ཐོས་གྲོལ་བསྐྱེད་རྫོགས་ཀྱི་དབང་གསན་ནོ། །
ཕྱི་ལོ་1982ཁོང་རིན་པོ་ཆེ་ཚང་དགུང་གྲངས་ཉེར་གཅིག་བཞེས་པ་བོད་རབ་རྒྱལ་ཆུ་ཁྱི་ལོའི་དབྱར་མཇུག་ཏུ། ཡར་ལུང་སྤྲུལ་སྐུ་བསྟན་པའི་ཉི་མ། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། ཕ་ཡབ་མཁན་པོ་བསོད་ལྡན། སུ་རིག་ཚེ་ཐར་སོགས་དང་མཉམ་དུ་རྡོའི་ཐང་ཡག་དམ་ཅན་མགར་དམར་བརྒྱུད་གྲུབ་དགོན་ལ་ཕྱགས་ཕེབས་གནང་། དེ་དུས་གྲུབ་ཆེན་དགོན་པས་ཁྱབ་བདག་འཇའ་ལུས་རྡོ་རྗེའི་《སྐུ་གདུང་འབྲེལ་ཚད་རང་གྲོལ་》ཡུམ་ཆེན་སངས་རྒྱས་སྤྱན་མའི་ལྟོ་བར་གཏེར་དུ་སྦས་པ་ལས། རེ་སྐོང་སྤྲུལ་སྐུ་གྲུབ་དབང་ནམ་མཁའ་ཚང་གི་བཀའ་དྲིན་ལ་བརྟེན་ནས་རང་དགོན་དུ་གདན་དྲངས་པ་དང་གདོང་འཛོམས། གནས་མགོའི་མཁན་ཆེན་ཆོས་མཐུན། སངས་སངས་མཁན་ངག་ཤེར་རྣམ་གཉིས་དང་། རྒན་དགེ་སྐོས་ཀྱི་གཙོས་གྲུབ་ཆེན་ཡུལ་དགོན་གཉིས་ཀྱིས་ཆིབས་བསུ་དང་བཅས་རྡོ་གྲུབ་ཆེན་གྱི་མི་འཇིགས་གདོང་ལྔའི་ཁྲི་འཕང་ལ་མངའ་གསོལ་བ་དང་། མནྜལ་འབུལ་རྟེན་གྱིས་སྣ་དྲངས་སྐུ་གསུང་ཐུགས་རྟེན་སོགས་ཀྱི་འབུལ་ཁ་ཞུས། ཁོང་གིས་ཀྱང་ཆོས་འབྲེལ་དང་ཕྱག་དབང་། སྐུ་གོང་མའི་སྐུ་ཆས་ཡོ་བྱད་ངོས་འཛིན་དང་། གཅོད་པ་ཐང་ལོ། ཨ་ཁུ་ངག་སྦྱིན་སོགས་སྐུ་གོང་མའི་དངོས་སློབ་ཁ་ཤས་དེ་སྔ་མཐོང་མྱོང་མེད་ཀྱང་ངོས་ཟིན་ཅིང་སྐྱོ་ཤས་ཆེན་པོས་དབུ་ཐོད་གཏུགས་པ་སོགས་གནང་། གཞན་ཡང་སྐུ་གོང་མའི་ཐུགས་དམ་གྱི་རྟེན་ཐུབ་སྐུ་ལི་མ་དང་། ཁྲི་ཆས། ཕྱག་དྲིལ། ཕྱག་ཌ་བཅས་ཉིན་དེར་འབུལ་མི་བྱུང་བ་སོགས་མ་བསྒྲིགས་རྟེན་འབྲེལ་སྒོ་བརྒྱ་དུས་གཅིག་ཏུ་འགྲིག་པར་གླེང་ངོ་། །གྲུབ་སྤྲུལ་ལྔ་བ་རིན་པོ་ཆེ་གསེར་ཁྲི་མངའ་དབུལ་གྱི་མཛད་སྒོ་འདི་དང་འོག་ཏུ་འབྱུང་བ་ལྟར་ལན་གཉིས་སྤེལ་ཡོད་ཀྱང་། དངོས་ནི་འདི་ཡིན་ལ་འོག་ཏུའང་འབྱུང་བ་ནི་མང་ཚོགས་དང་དགོན་མ་ལག་གི་འོས་འབྱོར་དང་རེ་སྐུལ། སྲིད་གཞུང་གི་ཆོག་ཡིག་ཐོབ་པ་བཅས་ཀྱི་རྒྱུ་མཚན་ལགས་སོ༎
ཇི་ཞིག་ན་གྲུབ་དབང་བླ་མའི་ཡབ་རྗེ་དུས་བབ་ཀྱི་གཏེར་སྟོན་བུ་རུ་བསོད་ནམས་དཔལ་ལྡན་མཆོག་མཁའ་འགྲོའི་གླིང་དུ་དགོངས་པ་གཏད་པས། དེའི་མཛད་རྣམ་ལས་བྱུང་བ་ལྟར་གྲུབ་སྤྲུལ་རིན་པོ་ཆེས་འགན་འཁུར་གཙོ་བཞེས་ཀྱིས་དགོངས་རྫོགས་མཐའ་དག་འཁོར་གསུམ་དམིགས་མེད་ཀྱི་ཀློང་དུ་རྒྱས་གདབ་གནང་ཞིང་། ཕྱི་ལོ་1984བོད་རབ་རྒྱལ་ཤིང་བྱིའི་ཟླ་གསུམ་པར་ཕ་ཡབ་མཆོག་གི་རྒྱུན་གྱི་ཞལ་འཕྲོས་ལྟར། གྲུབ་རྗེ་བླ་མས་ད་བླ་རུང་སྒར་དུ་སོང་ནས་དཔེ་ཆ་བ་ཤིན་ཏུ་ལེགས་པོ་ཞིག་མ་ཡོང་ནའང་བརྒྱུད་པའི་བླ་མི་འཚོང་བའི་རྟོགས་ལྡན་དོན་གྱི་རྣལ་འབྱོར་ཞིག་ཅིས་ཀྱང་བྱེད་དགོས་སྙམ་པའི་ཐུགས་བསྐྱེད་གནང་ནས། སྐུ་སྤུན་སྤྲུལ་ཨུ་པོ་དང་སྤྲུལ་དུས་པོ་གཉིས་ཁྲིད་དེ་སྙིགས་དུས་བསྟན་པའི་གསལ་བྱེད་ཆེན་པོ་༧ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་བོའི་ཞབས་པད་གཙུག་གིས་བླངས། ཡིད་བཞིན་ནོར་བུས་ཀྱང་། ཁོང་གི་སྐུ་སྲིང་མེ་སྒྲོན་སོགས་ལ་”དེ་རིང་མགྲོན་པོ་ཁྱད་པར་ཅན་ཞིག་འབྱོན་རྒྱུ་ཡོད། འདི་འབྱོན་རྒྱུ་འདི་བླ་རུང་སྒར་གྱི་བསོད་ནམས་རེད། འོན་ཀྱང་ཁོ་རང་གི་ངོར་བལྟས་ཏེ་འདི་སྐྲག་སྤྱད་ཅིག་རེད་ཟེར་མི་ཉན་མ་གཏོགས། ཁོང་ད་དུང་ཞ་ཞིས་ཤིག་རེད། ཅིག་རེད་བསམས་ཏེ་འདི་པིར་(སྙེམས་འགྲོ། ཞེས་པའི་ཁ་སྐད)འགྲོ། ད་ང་ཨ་རེ་སྐྱིད། སྤྲུལ་སྐུ་ཀློང་ཡངས་བྱོན་གྱིན་ཡོད།” གསུངས་ཏེ་ཐུགས་དགྱེས་དགྱེས་ཚད་མེད་གནང་ངོ་། །
དེ་ནས་རིམ་བཞིན་འདུལ་བ་མེ་ཏོག་ཕྲེང་རྒྱུད། འདུལ་བ་སུམ་བརྒྱ་བ། སྡོམ་གསུམ་རྣམ་ངེས། འདུལ་བ་མདོ་རྩ། ཚད་མ་རིགས་གཏེར། ཚད་མ་རྣམ་འགྲེལ། སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ། མི་ཕམ་མཁས་འཇུག མངོན་པ་མཛོད་རྩ་བ། དབུ་མ་རྩ་བ་ཤེས་རབ། དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། དམ་ཆོས་དོགས་སེལ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ། ཤེར་འགྲེལ་ཀེ་ཏ་ཀ རྫ་བོད་པ་སྤྲུལ་སྐུའི་ཕར་ཕྱིན། འགྲེལ་བ་དོན་གསལ། ཀུན་བཟང་བླ་མའི་ཞལ་ལུང་། བརྒལ་ལན་རྣམ་གཉིས། རྒྱུད་བླ་མ། བྱང་ཆུབ་ལམ་རིམ་ཆེན་མོ། མདོ་སྡེ་རྒྱན། གསང་སྙིང་རྩ་བ་དང་གཞན་དགའི་མཆན་འགྲེལ། གསང་སྙིང་ཕྱོགས་བཅུའི་མུན་སེལ། རྒྱུད་མ་ཧཱ་ཡོ་གའི་ཏནྡྲ་གསང་བའི་སྙིང་བོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ་ལ་ཟུར་ལུགས་ལྟར་གྱི་དགོངས་འགྲེལ་སྤྱི་དོན་རིན་ཆེན་མཛོད་ཀྱི་ལྡེ་མིག གསང་སྙིང་སྤྱི་དོན་འོད་གསལ་སྙིང་བོ། འཇམ་མགོན་མི་ཕམ་པའི་དུས་འཁོར་ཁྲིད་ཡིག་བསྡུས་པ། བཀའ་བརྒྱད་རྣམ་བཤད། ཐེག་ཆེན་ཚུལ་འཇུག ལྕེ་བཙུན་གྱི་ཆོས་སྐོར། ཐིག་ལེ་གསང་རྫོགས། ཁྲིད་ཡིག་ཡེ་ཤེས་བླ་མ། མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཟབ་ལམ་གསལ་བྱེད། མཁའ་འགྲོ་ཡང་ཏིག་ལས་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་། བླ་མ་མི་ཕམ་པའི་ཚིག་བདུན་རྣམ་བཤད་པདྨ་དཀར་བོ། ཀུན་མཁྱེན་ཆེན་པོའི་གནས་ལུགས་མཛོད། རྒྱལ་སྲས་ལག་ལེན། ཆོས་དབྱིངས་མཛོད་རྩ་འགྲེལ། སངས་རྒྱས་ལག་སྟེར། ཆོས་རྗེ་བླ་མའི་རྒྱ་ནག་གི་ཆོས་སྐོར་ཡོངས་རྫོགས་ཀྱི་སྨིན་གྲོལ། བར་དོ་དྲུག་ཁྲིད་སོགས་གསན་བསམ་སྦྱངས་པ་མཐའ་ཡས་པ་གནང་ངོ་། །
ད་དུང་དབང་གི་སྐོར་ལ། སྙིང་ཐིག་ཡ་བཞི། དུས་ཀྱི་འཁོར་ལོ། བཀའ་ཡོངས་རྫོགས་འདུས་པ། སྒྱུ་འཕྲུལ་གསང་སྙིང་གི་སྐོར་ལན་གྲངས་ཁ་ཤས། འཇམ་དཔལ་རྒྱུད་ལུགས་ཀྱི་དབང་། ལས་གླིང་སེང་གདོང་མ། ལྕེ་བཙུན་སྙིང་ཐིག་གི་དབང་། ཐོས་གྲོལ་གྱི་དབང་སོགས་བཀའ་རབ་འབྱམས་ཀྱི་སྨིན་གྲོལ་རྫོགས་པར་གསན་བསམ་སྦྱངས་པ་མཐར་ཕྱིན་པ་གནང་། ཕྱིས་སུའང་དུས་འཁོར་ཆེན་མོའི་དབང་སོགས་ལ་ཆེད་བཅར་གྱིས་ཞུས་པ་སོགས་ཆོས་རྗེ་མཆོག་གིས་ཟབ་དགུའི་ཆོས་ཚུལ་མཐའ་དག་བུམ་པ་གང་བྱོས་སུ་བསྩལ་ཏོ། །
གཞན་ཡང་ཐུན་མོང་རིག་གནས་ཀྱི་སྐོར་ལ་ཆོས་རྗེ་མཆོག་གིས་མཛད་པའི་རྩིས་ཀྱི་གོ་དོན་མུ་ཏིག་ཕྲེང་མཛེས། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་བརྩམས་པའི་སྙན་ངག་དཎྡིའི་དགོངས་རྒྱན་བཅས་མདོ་སྔགས་རིག་གནས་རྒྱ་མཚོ་ལྟ་བུ་ལ་ཆེར་རློམ་དང་ཁེངས་དྲག་མ་གནང་བར་ཐོས་བསམ་རྟག་འདྲིས་སུ་གནང་། རིག་གནས་ཀྱི་སྐོར་སོགས་བླ་མ་གཞན་ལས་གསན་སྦྱངས་གནང་བའང་ཡོད་འདུག
ཉིན་ཞིག་ཆོས་རྗེ་མཆོག་གིས་གྲུབ་དབང་སྤྲུལ་པའི་སྐུ་ཚང་ལ་ཐེག་ཆེན་གྱི་སེམས་བསྐྱེད་བཅོས་མིན་ཞིག་གི་སྟེང་ནས་དགེ་ཚུལ་སློང་གི་བསླབ་སྡོམ་ལེན་དགོས་པར་བཀའ་བསྩལ་ཏེ། བླ་གོས། མཐིང་གོས། སྣམ་སྦྱར་བཅས་གནང་བ་ལྟར་མཁན་བགེགས་རྡོར་མདུན་ནས། ཚིགས་གསུམ་རིམ་གྱིས་ནོས་ཏེ་བསླབ་པ་ལ་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གཅེས་སྤྲས་གནང་བས་ཀུན་གྱིས་བསྔགས་པའི་མེ་ཏོག་ལན་གྲངས་དུ་མར་འཐོར།
ཁྱད་པར་དུ་ཆོས་རྗེ་བླ་མས་གོང་སྨྲོས་མཁའ་འགྲོ་སྙིང་ཐིག་གི་ལྗགས་ཁྲིད་གནང་ལ་ཉེ་བའི་སྐབས་ཤིག་ན། གྲུབ་རྗེ་ཉིད་བླ་མའི་བཀའ་ལྟར་བླ་རུང་སྒར་གྱི་འདུ་ཁང་བཞེངས་སྐྲུན་གྱི་ཤིང་ཆའི་དོན་དུ་གསེར་ཁོག་ཏུ་བྱོན་པས་ཆོས་ཁྲིད་ཀྱི་མགོ་མ་ཟིན། ཡར་བྱོན་དུས་བླ་མ་ལ་ཞུས་ཚེ་”ངས་ཁྱོད་རང་ཉིན་གསུམ་ལ་བསྒུགས་ཀྱང་སླེབས་མ་སོང་། དེ་ནས་མགོ་མ་ཟིན་ཕྱིན་ས་བཅུའི་རྒྱུན་མཐར་གནས་པའི་བྱང་སེམས་ཤིག་ཡིན་ཀྱང་ཆོས་གྲལ་དུ་མི་ཐོན་ཞེས་སྔགས་སྲུང་མ་ལ་བཀའ་གཏད་བྱས་ཡོད་པས་ངས་ནི་ཅི་ཡང་མི་ཤེས། འོན་ཀྱང་འཇམ་དཔལ་དབྱངས་ལ་དགོངས་པ་འདྲི་ཡི་”གསུངས་ནས། འཇམ་དཔལ་གསུང་འབྱོན་མ་དེ་ཚུར་བླངས་ནས། ཕྱག་མོ་འདྲ་ཞིག་གཟིགས་ཏེ། “དྷིཿའཇམ་དཔལ་དཔའ་བོ་ལ་བབ་ན། །འཇམ་དཔལ་ཐུགས་ཀྱི་སྤྲུལ་བ་ཡིན། །”ཞེས་བབ་འདུག་པས། “ད་འཇམ་དཔལ་གྱི་དགོངས་པ་ཁྲོལ་བ་རེད་”གསུངས་ནས་ཐུགས་དགྱེས་པ་ཆེན་པོ་ཚད་མེད་པས་མཁའ་འགྲོ་སྙིང་ཐིག་གི་དབུ་ནས་བརྩམས་ཏེ་བཀའ་ཁྲིད་ཞིབ་རྒྱས་སུ་བསྩལ་པ་ནས་བཟུང་དོན་བརྒྱུད་རྟོགས་པའི་བྱིན་རླབས་རྒྱུད་ལ་སྨིན་ཏེ་ཉམས་རྟོགས་ཡོན་ཏན་གྱི་ཀློང་རྡོལ། རེ་དོགས་འཛིན་ཞེན་གྱི་འཁྲི་བ་ཁྲིགས་གེར་ཆད། ཆོས་ཉིད་སོ་མའི་ཀློང་དུ་རྒྱ་འབྱམས་པ་ཞིག་བྱུང་བས་ཀུན་མཁྱེན་བསམ་ཡས་པ་དང་། རིག་འཛིན་འཇིགས་བྲལ་གླིང་བ་དག་གི་གསང་བ་གསུམ་གྱི་རྣམ་ཐར་ལའང་སྐད་ཅིག་སྐད་ཅིག་ལ་འཇུག་ནུས་པར་གྱུར་ཏོ། །ཇི་སྐད་དུ། “ཟབ་ལ་རྒྱ་ཆེའི་ཆོས་ཀྱི་མཛོད། །ཐོབ་པར་དཀའ་བའི་སྐྱེས་ཁུར་བས། །རྒྱ་མཚོར་དོན་གྲུབ་དེད་དཔོན་འདྲ། །”ཞེས་གསུངས་པ་ལྟར་བྱུང་ངོ་། །
ཕྱི་ལོ་1984 བོད་རབ་རྒྱལ་ཤིང་ཕོ་བྱི་བའི་ཟླ་དྲུག་པའི་ནང་དུ་གསང་ཆེན་སྔ་འགྱུར་བསྟན་པའི་གསལ་བྱེད་དམ་པ་སྐྱབས་གཅིག་འཁོར་ལོའི་མགོན་པོ་༧རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་བ་ཀུན་བཟང་འཇིགས་མེད་ཐུབ་བསྟན་འཕྲིན་ལས་དཔལ་བཟང་བོ་མཆོག་བསིལ་ལྡན་བོད་ཀྱི་ཡུལ་དུ་ཆིབས་བསྒྱུར་དང་བོ་གནང་། དེ་དུས་སྤྲུལ་སྐུ་ཚང་ལ་མཁན་པོ་ཡིད་བཞིན་ནོར་བུས། “ཆོས་ཀྱི་ཕུ་ཐག་བླ་མའི་མདུན། མར་ཁུའི་བཙག་ཐག་ཐབ་ཁུང་ནང་། ཟེར་བ་ཡིན་པས་ཁྱོད་རང་སྤྲུལ་སྐུ་རིག་པོའི་ཡང་སྲིད་དུ་གྲུབ་ཆེན་ཚང་གིས་སྐུ་བདག་བྱེད་མི་བྱེད་ཇི་ལྟར་ཡང་། ད་རེབ་གསལ་བས་འདི་ཁྱེར་ཏེ་སོང་།” གསུངས་ནས་ཕྱག་ཡིག་དང་བཅས་རྡོ་གྲུབ་ཆེན་གྱི་སྐུ་མདུན་དུ་མངགས་པ་ལྟར་རིན་པོ་ཆེའི་སྐུ་དྲུང་དུ་སླེབས་དུས། རྡོ་གྲུབ་ཆེན་རིན་པོ་ཆེས་ཀྱང་། སྟོན་པའི་གསེར་སྐུ་ཞིག དྲིལ་བུ་རྒྱ་འོ་མའི་དུང་མཚོ། པོ་ཏི་ཞིག ཆོས་གོས་བཟོ་བྱེད། གདན། ཕྲུག་རིས། རྟ་ཞིག་བཅས་གཞན་ལས་ཁྱད་དུ་འཕགས་པའི་མཐོང་གཟིགས་ཀྱི་སྒོས་གསོལ་རས་སུ་བསྩལ་ནས། “ང་ལ་སྤྲུལ་སྐུ་དབང་ཆེན་ཉི་མས་ཅི་ཞིག་གསུངས་པ་དེར་ཡིད་ཆེས་ཡོད།” ཅེས་བསླུ་མེད་རྡོ་རྗེའི་གསུང་གིས་རིག་འཛིན་འཇའ་ལུས་རྡོ་རྗེའི་ཡང་སྤྲུལ་འཁྲུལ་མེད་དུ་དབུགས་དབྱུང་གནང་ཞིང་འོག་ནས་འབྱུང་བ་ལྟར་རྡོ་གྲུབ་ཆེན་དགོན་པའི་བསྟན་སྲིད་གཉིས་ཆར་གྱི་བདག་པོར་མངའ་གསོལ་ཏེ་ཉིད་ཀྱི་གདན་ས་གཏད། ཉིན་འགའི་གཞུག་ནས་བླ་རུང་དུ་ཕྱིར་ཕེབས་པར་ཆོས་རྗེ་མཆོག་དང་། མཁའ་འགྲོ་མེ་སྒྲོན། མུ་མཚོ་བཅས་སྒྱུ་འཕྲུལ་ཚུར་གའི་ལམ་འོག་དེར་ཕེབས་ནས་ཁ་བཏགས་རེ་བསྣམས་ནས་བཞུགས་འདུག དེར་བླ་མས་དར་ཁ་དེ་གྲུབ་དབང་སྤྲུལ་པའི་སྐུ་འདིའི་མགུལ་དུ་སྦྲོན་ནས། “ད་ཧ་ཅང་སྐྱིད་པོ་ཞིག་ཡོང་སོང་།” གསུངས་ནས་ཐུགས་དགྱེས་པའི་ཉམས་ཚད་མེད་གནང་།(ཁོང་གིས་ཀྱང་རྡོ་གྲུབ་ཆེན་བླ་རུང་སྒར་དུ་གདན་འདྲེན་ཞུས་ཤིང་འདུས་པ་རྒྱ་མཚོ་ལ་སྙིང་ཐིག་གི་ཚེ་དབང་ཚེ་འགུགས་ཞིབ་རྒྱས་སུ་གནང་བར་བསྐུལ་ལོ)
དེ་ལྟར་བགྲང་བྱ་དུ་མའི་རིང་ལ་དཔལ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་དཀའ་སྤྱད་ཚད་མེད་ཀྱིས་ཐོས་བསམ་གནང་ཞིང་ཐོས་དོན་གོ་ཡུལ་དུ་མ་བཞག་པར་རང་རྒྱུད་དང་འདྲིས་ངེས་སུ་སྦྱར། ལྷག་ཏུ་ཆོས་རྗེ་མཆོག་མཉེས་པ་གསུམ་གྱིས་ཟོལ་སྦྱོར་དང་མ་འདྲེས་པར་ལེགས་པར་བསྟེན་ཏེ། བླ་མའི་གསུང་གི་གྲྭ་ཟུར་ཙམ་ཡང་བཅག་མ་མྱོང་བས་ཆོས་རྗེ་བླ་མས། “ང་ལ་བུ་ཞིག་ཡོད་ན་ཁྱོད་འདྲ་ཞིག་ཡིན་ན་མ་ཆོག་པ་མེད།” ཅེས་རྒྱུན་དུ་གསུང་འཕྲོས་སུ་བྱུང་ཞིང་ཐུགས་ཟིན་གྱི་བུ་ཆེན་དམ་པར་གྱུར་པས། “བརྒྱུད་པ་གསེར་གྱི་ཉག་ཐག་ལ། དམ་སེལ་གྱི་གཡའ་ཡིས་མ་གོས་པ།” ཞེས་པ་དེ་བྱུང་བ་ལགས་སོ། །
བོད་རབ་རྒྱལ་ས་འབྲུག་ཕྱི་ལོ་1988ནས་རྡོ་གྲུབ་ཆེན་དགོན་པས་མཁན་སྤྲུལ་ལྷན་རྒྱས་ཀྱིས་མཆོག་སྤྲུལ་ལྔ་བ་རིན་པོ་ཆེ་གྲུབ་དགོན་དུ་གཏན་འཇགས་སུ་བཞུགས་རྒྱུ་འོང་བར་བཀའ་གྲོས་མོལ་ནས། དེ་ཚུལ་གྱི་སྐུལ་མ་ཞུ་སར་དགོན་པའི་ཆོས་ཁྲིམས་དང་སྐུ་ཚབ། མཁན་འཇིགས་མེད་བློ་གྲོས་སོགས་ཡང་དང་བསྐྱར་གྱིས་ཕེབས་པ་དང་། གྲུབ་བརྒྱའི་གཙུག་རྒྱན་སེ་ར་ཡང་སྤྲུལ་མཆོག་དང་། སྤྲུལ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་རྣམ་གཉིས་ཀྱིས་ཀྱང་གསུང་གི་བསྐུལ་མ་ལན་གྲངས་དུ་མར་བྱུང་བར་བརྟེན། གྲུབ་དབང་ལྔ་བ་རིན་པོ་ཆེས་ཀྱང་རང་དགོན་དུ་གཏན་འཇགས་སུ་བཞུགས་པར་བཀའ་གནང་ངོ་། །དུས་དེ་ནས་ཇི་སྐད་དུ། “རྗེ་སངས་རྒྱས་གླིང་བའི་ཡང་སྤྲུལ་དངོསཿ མགོན་བིདྱའི་མཚན་ཅན་གྲུབ་པའི་རིགསཿ དེས་སྔ་དར་བདུད་རྩིའི་གྲུ་ཆར་གྱིསཿ ཕྱོགས་ཀུན་ཏུ་བདེ་ལེགས་རི་མོ་ངོམཿ”ཞེས་གསུངས་ཏེ། རྗེ་སངས་རྒྱས་གླིང་བའི་ཡང་སྤྲུལ་དངོས་ཞེས་རྡོ་གྲུབ་ཆེན་གྱི་སྤྲུལ་པར་བསྔགས་ཤིང་། བིདྱ་སྟེ་རིག་འཛིན་ཞེས་མཚན་གྱི་ཐོག་མ་གསལ་བར་བསྟན་པ་སོགས་རྡོ་རྗེའི་བཀའ་ལུང་མངོན་དུ་གྱུར་པ་ལགས་སོ། །
ཕྱི་ལོ་1988ལོར་སྐྱབས་རྗེ་༧རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་བ་མཆོག་བོད་ཕེབས་ཐེངས་གསུམ་པ་བྱས་པས། ལྔ་བ་རིན་པོ་ཆེས་ཀྱང་འཕགས་བོད་གྲུབ་བརྒྱའི་ཁྱུ་མཆོག་༧འཇིགས་མེད་ཐུབ་བསྟན་འཕྲིན་ལས་དཔལ་བཟང་བོ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་མཆོད་ཅིང་ཐུགས་མཉེས་པ་གསུམ་གྱིས་ལེགས་པར་བསྟེན་ནས་སྔ་གཞུག་ཀུན་ཏུ། སྙིང་ཐིག་གོང་འོག(ཐེངས་གཉིས་ལ་ཐོབ) བླ་མ་དགོངས་འདུས་ཀྱི་ཆོས་ཚན་ཡོངས་རྫོགས། (ཕྱི་ལོ་1994བོད་རབ་གནས་ཤིང་ཁྱི་ལོར)རིན་ཆེན་གཏེར་མཛོད་ཆ་ཚང་། སྙིང་ཐིག་བཀའ་སྲུང་རྒྱ་མཚོའི་སྲོག་གཏད། འཇམ་དཔལ་རྒྱུད་ལུགས་ཀྱི་དབང་། (ཕྱི་ལོ་2004.7.10-11 2004.7.10-11བོད་རབ་གནས་ཤིང་སྤྲེལ་ཟླ་༥བའི་ཚེས་༢༤-༢༥)ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་ཆོག་འོད་དཀར་མཐའ་ཡས། རིག་འཛིན་ཚེ་དབང་བདུད་རྩིའི་བུམ་བཅུད། སངས་རྒྱས་སྟོང་གི་དབང་ཆོག་སྐལ་བཟང་རྒྱན་གྱི་ཕྲེང་བ། སྨན་བླའི་དུག་གསུམ་ནད་འཇོམས་པུནྚ་རི་ཀའི་ཕྲེང་བ། རྗེ་བཙུན་མི་ལ་རས་པའི་བྱིན་རླབས་དབང་གི་རིམ་པ་དོན་དམ་བདུད་རྩིའི་བུམ་བཟང་། རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་དབང་བཅུད་དྲིལ་ཡིད་བཞིན་ལྷུན་པོ། གཏུམ་མོའི་མེ་དབང་བདེ་དྲོད་རབ་འབར། རྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་དབང་ཆོག་སྐུ་བཞིའི་མྱུ་གུ། ཧྲཱྀཿསྐུ་གསུམ་ཁྱུང་གི་དབང་ཆོག་སྣང་སྲིད་ཟིལ་གནོན། དཔལ་མགོན་ཚོགས་ཀྱི་བདག་པོའི་དབང་ཆོག་དམ་ཚིག་ལྗོན་པའི་མྱུ་གུ་བསམ་འཕེལ་དབང་གི་རྒྱལ་བོ། མ་ཅིག་ལབ་ཀྱི་སྒྲོན་མའི་དབང་ཆོག་གྲུབ་པའི་གཏེར་བུམ་བཅས་རྡོ་གྲུབ་རྒན་གྱི་དམ་ཆོས་བདེ་ཆེན་ལམ་མཆོག་གི་ཆོས་སྐོར་ཡོངས་རྫོགས་ཀྱི་བཀའ་དབང་མཐའ་རྟེན་དང་བཅས་པ་ནོས་པ་སོགས་ཀྱིས་མཚོན། དཔལ་སྔ་འགྱུར་རྙིང་མའི་བཀའ་གཏེར་གསར་རྙིང་གི་ཟབ་ཆོས་མཐའ་དག་གི་ཆོས་བཀའ་གཏད་ཅིང་གཅེས་རྒུ་མནོག་ཆོས་སུ་བསྩལ། ཁྱད་པར་དུ་ཀློང་ཆེན་སྙིང་གི་ཐིག་ལེ་ཆོས་ཉིད་ཡིད་དཔྱོད་ལས་འདས་པའི་ཟབ་ཆོས་མ་མཁའ་འགྲོའི་ཞལ་རླངས་མ་ཡལ་བ་མཐའ་དག་བུམ་པ་གང་བྱོས་སུ་བསྩལ་ནས། དོན་བརྒྱུད་ཡིད་བཞིན་ནོར་བུའི་བྱིན་རླབས་ཅར་ཕོག་ཏུ་འཕོས་པས། སྤང་བླང་འཛིན་ཞེན་དང་རེ་དོགས་དགག་སྒྲུབ་ཀྱི་སྤྲོས་པ་གཉུག་མ་མི་ཤིགས་པའི་རང་གདངས་སུ་ཡེ་ཤར་ཡེ་གྲོལ་དུ་འབྱམས་ཀླས་སོ། །
སྐྱབས་རྗེ་ཐམས་ཅད་མཁྱེན་གཟིགས་རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་བ་མཆོག་གིས་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་གཟེངས་བསྟོད་ཐེངས་དུ་མར་གནང་ཞིང་། དཔེར་མཚོན་ན། ༈ “དེང་ཕྱིན་ཆད། རང་རྒྱལ་ནང་དུ། བྱ་བ་གང་ཐད་ནས། ང་རང་གི་ཚབ་ཏུ། རྙིང་མའི་དགོན་པ། རྡོ་གྲུབ་ཆེན་གྱི་དབུ་འཛིན་གྲུབ་ཆེན་སྤྲུལ་སྐུ། ཀློང་ཡངས་བཞག་པ་ཡིན་པས། དེ་ལྟར་དབྱིངས་མངའ་ཞུ། ཞེས་རབ་ལོ་༡༧ ཆུ་འབྲུག ཕྱི་ལོ་ཉིས་སྟོང་བཅུ་གཉིས་ཟླ་8ཚེས་12ཉིན། རྡོ་གྲུབ་ཆེན་མིང་བཏགས་པས་ཕུལ།” ཞེས་ཕྱག་བྲིས་དངོས་མ་ཕྱག་ཐམ་དང་བཅས་པ་བསྩལ་པ་ལྟ་བུས་མཚོན་ཏེ་རྡོ་གྲུབ་ཆེན་བཞི་བའི་རྒྱལ་ཚབ་དང་ཐུགས་སྲས་མཚུངས་ཟླ་དང་བྲལ་བར་སྒོ་ཀུན་ནས་གྲུབ་པས། གཟུར་གནས་ཆོས་སྤྱན་ལྡན་པ་རྣམས་ཀྱིས་དགོངས་དབྱིངས་སུ་འཇགས་པར་འཚལ་ལོ། །
མདོར་ན་གོང་དུ་མཚོན་ཙམ་སྨྲས་པ་ལྟར་རྗེ་འདིའི་བཀའ་དྲིན་སུམ་ལྡན་གྱི་བླ་མར་གྱུར་པའི་སེ་ར་ཡང་སྤྲུལ་རིན་པོ་ཆེ་དང་། མཁན་པོ་ཡིད་བཞིན་ནོར་བུ། ༧རྡོ་གྲུབ་ཆེན་རིན་པོ་ཆེ་རྣམ་པ་གསུམ་གས་མས་བུ་གཅིག་པོ་ལ་བརྩེ་བ་ལྟར་ལུགས་གཉིས་ཀྱི་བཀའ་དྲིན་ཕལ་བའི་བློ་ཡུལ་ལས་འདས་པ་ལྟ་བུས་བསྐྱངས་ཤིང་། ཁོང་གིས་ཀྱང་ཇི་སྐད་དུ། “སྐལ་བ་ངན་པའི་སློབ་མ་ཕལ། །རང་དོན་ཚགས་སུ་ཚུད་པའི་མཐར། །ཕྲིན་ལས་བསྒྲུབ་ལ་བསྙེལ་བའི་བློས། །འབྲོས་པ་དག་དང་ཁྱོད་མི་འདྲ། །”ཞེས་གསུངས་པ་ལྟར་རྒྱལ་དབང་པདྨ་ཀ་ར་དང་གཉིས་སུ་མི་ཕྱེད་པའི་ཆོས་ཀྱི་རྗེ་བོ་དེ་དག་གི་དགོངས་དོན་ཁོ་ན་སྐྱོང་ཞིང་། བླ་མ་རྡོ་རྗེ་འཆང་དེ་དག་ཐོག་མར་མཇལ་བ་ནས་གསུང་གི་ཆ་ཤས་ཙམ་ཡང་མ་བཅག་པར་ཅི་གསུང་གི་བཀའ་བཞིན་བསྒྲུབས། མཉེས་པ་གསུམ་གྱིས་བསྟེན་པ་མ་གཏོགས་ཐ་ན་སྤྱན་ལོག་ཅིག་གཟིགས་པ་ཙམ་གྱིས་ཀྱང་ཐུགས་ལ་མི་འབབ་པའི་ལས་བསགས་མ་མྱོང་བར་ཉམས་བཞེས་གནང་། བདོག་རྒུ་གཅེས་རྒུ་ཀུན་ཀྱང་བླ་མར་ཕུལ་ཏེ་ཚེ་འདིའི་རྙེད་བསྟོད་སྙན་གྲགས་ཙམ་དུ་མ་ཟད་ལུས་ངག་ཡིད་གསུམ་ཡང་ཁ་ཚིག་ཙམ་མ་ཡིན་པར་བླ་མར་ཕུལ་ཏེ། སྒྲུབ་བརྒྱུད་གོང་མའི་རྣམ་ཐར་བཞིན་གནང་། རང་གར་ཁས་འཆེ་བ་རྐྱང་རྐྱང་མ་ཡིན་པར་བླ་མའི་བཀའ་རྩི་དང་ལེན་གྱི་ཆེད་དུ། དབང་དྲག་དང་ངོ་སོ། འཇིག་རྟེན་པའི་ཁ་སྨྲས་གླེང་བརྗོད། བཟང་ངན་རེ་དོགས་གང་ལའང་མི་འཛེམས་པ་སྟེ། ཇི་སྐད་དུ། “བླ་མ་ཤིན་ཏུ་བསྲུང་བས་མཛངས་པ་དང་། །བཀའ་བཀྱོན་དག་ལ་མི་ཁྲོ་རྟ་མཆོག་བཞིན། །གྲུ་ལྟར་འགྲོ་འོང་གནས་ལ་སྐྱོ་བ་སྤངས། །ཟམ་པ་ལྟ་བུར་བཟང་ངན་ཐམས་ཅད་ཐེག །བཟོ་སྟེགས་བཞིན་དུ་ཚ་གྲང་གང་ཡང་བཟོད། །བཀའ་བཞིན་ཉན་པ་བྲན་ཁོལ་ལྟ་བུ་དང་། །ང་རྒྱལ་སྤངས་པ་ཕྱག་དར་ལྟ་བུ་དང་། །དྲེགས་པ་སྤངས་པ་ཁྱུ་མཆོག་རྭ་ཆད་ལྟས། །བླ་མ་བསྟེན་ཞེས་སྡེ་སྣོད་དག་ལས་གསུངས། །འབྱོར་བ་ཡོད་ན་དཀོན་མཆོག་བཞི་བ་མཆོད། །ཞབས་ཏོག་སྲི་ཞུ་ལུས་ངག་བཀོལ་བའི་ལས། །མཐའ་དག་ནམ་ཡང་ཆུད་ཟོས་གྱུར་པ་མེད། །མཉེས་པ་གསུམ་གྱི་ནང་ནས་སྒྲུབ་པ་མཆོག །”ཅེས་ཀུན་མཁྱེན་ཆེན་པོ་འཇིགས་མེད་གླིང་བའི་《ཡོན་ཏན་རིན་པོ་ཆེའི་མཛོད་》ལས་འབྱུང་བ་ནི། དམ་པ་འདིའི་མཛད་རྣམ་དངོས་བྲིས་བྱས་པ་དང་གཉིས་སུ་མེད་དོ། །དེ་ལྟར་མོས་གུས་ཁོ་ནས་བླ་མའི་ཐུགས་རྒྱུད་སྒུལ་བ་ནི་རྡོ་གྲུབ་ཆེན་སྐུ་ཕྲེང་བརྒྱུད་པ་དང་བཅས་པའི་སྒེར་ཆོས་སུ་ཟབ་བོ་བྱས་ཀྱང་ཆོག་སྟེ། ཇི་སྐད་དུ། “ཀུན་མཁྱེན་འཇིགས་མེད་གླིང་བ་ལ། གཞན་པ་དག་གིས། ཁྱོད་ཀྱི་སློབ་མ་རྡོ་བླ་དེ་ལ་ཡོན་ཏན་ཇི་ཙམ་ཡོད་དྲིས་པས། ཁོའི་དད་པའི་སྟོབས་ཀྱིས་བདག་གི་ཡོན་ཏན་ཐམས་ཅད་འཕྲོག་ཤོར་བས་ང་དང་མཉམ་གསུངས།” ཞེས་ཉག་རོང་བླ་མ་རིག་འཛིན་གར་གྱི་དབང་ཕྱུག་གིས་《བླ་མའི་རྣལ་འབྱོར་》དུ་དྲངས་ཡོད་པ་དང་། གྲུབ་དབང་སྐུ་ཕྲེང་གསུམ་པས་ཀྱང་། “ཀུན་མཁྱེན་རྗེ་ཁྱོད་ལན་རེ་དྲན་པས་ཀྱང་། །སྙིང་གི་གདུང་བ་སེལ་ཕྱིར་གལ་ཏེ་ཁྱོད། །རྗེས་དྲན་མཚན་མར་འགྱུར་ན་དེ་ཡི་སླད། །དེའུ་མགོའི་ཁྱི་རྣམས་ལའང་བདག་ཕྱག་འཚལ། །”ཞེས་སོགས་འབྱུང་བས་མཚོན་པའི་ཕྱིར་རོ། །
གཞན་གྱིས་མཆོད་ཕྱིར་དང་། བཀུར་ཕྱིར་མ་ཡིན་པར་སྐུ་ན་ཆུང་ངུའི་དུས་ནས་ཀྱང་བྱམས་སྙིང་རྗེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མིན་ལྷན་སྐྱེས་སུ་མངའ་བ། ཟང་ཟིང་གི་འབྱོར་བ་ཅི་དང་གང་འདྲའི་རིན་ཐང་ཆེ་བར་གླེང་བ་ཡིན་ཀྱང་ཞེན་འཛིན་ཕྲ་མོའང་མི་གནང་བར་སྦྱིན་གཏོང་འབའ་ཞིག་ལ་གོམས་ཤིང་། རྟག་པར་སེམས་ཅན་མགུ་ཐབས་ཁོ་ན་ལ་བརྩོན་པ་སྒོ་ཀུན་ནས་བསྟེན་པ་ནི་རྗེ་འདིའི་རྣམ་པར་ཐར་པ་བླ་ན་མ་མཆིས་པ་ཞིག་གོ། །《དབུ་མ་འཇུག་པ་》ལས། “ཇི་ལྟར་བྱིན་ཅིག་སྒྲ་ཐོས་སེམས་ལས། །རྒྱལ་སྲས་བདེ་འབྱུང་དེ་ལྟར་ཐུབ་རྣམས་ལ། །ཞི་བར་ཞུགས་པའི་བདེ་བ་བྱེད་མིན་ན། །ཐམས་ཅད་བཏང་བས་ལྟ་ཞིག་སྨྲོས་ཅི་དགོས། །”ཞེས་བྱང་སེམས་བདག་ཉིད་ཆེན་པོ་རྣམས་ལ་སློང་མོ་བས་བྱིན་ཅིག་ཅེས་པའི་སྒྲ་ཐོས་པ་ལ་སེམས་པ་ལས་བདེ་བ་འབྱུང་བ་དེ། ཐུབ་རྣམས་ཞི་བར་ཞུགས་པའི་བདེ་བས་ཀྱང་མི་མཚོན་ན་བདོག་རྒུ་བཏང་ཟིན་པའི་ཚེ་ལྟ་སྨྲོས་ཀྱང་ཅི་དགོས་པར་བསྟན་པ་བཞིན་ནོ། །
ཕྱི་ལོ་1993.7.20ལུགས་རྙིང་ཟླ་༦ཚེས་༡ལ། རྡོ་གྲུབ་ཆེན་རིན་པོ་ཆེ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་བོ་མཆོག་གི་ཐུགས་ཀྱི་དགོངས་བཞེད་གཞིར་བྱས། སྲིད་གཞུང་གིས་ཀྱང་ཁས་ལེན་དང་སྦྲགས་ཆོག་མཆན་བཀོད་ཅིང་། མཆོག་སྤྲུལ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་དང་། ཡར་ལུང་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུ་འཛིན་འོག་རྡོ་གྲུབ་ཆེན་དགོན་པའི་ལས་སྣེ་ལྷན་རྒྱས་བཀའ་གྲོས་གཅིག་མཐུན། གྲུབ་ཆེན་བླ་ཡག་གཉིས་ཀྱི་རྒན་གཞོན་སེར་སྐྱ་མཐའ་དག་གིས་དད་གུས་ཀྱི་མེ་ཏོག་སྙིམ་པར་བསྐྱིལ་ཞིང་། འོས་འབྱོར་གྱི་འབུལ་བ་མཐོ་རུ་བརྩེགས། ཅ་དག་གི་གོས་ལྭ་ཆ་འགྲིག་བྱས་ནས་ཆིབས་བསུ་རིང་ཐུང་དུ་མས་སྣ་དྲངས་ཏེ། སྤྲུལ་སྐུ་ཡིད་བཞིན་ནོར་བུ་རིག་འཛིན་རྒྱ་མཚོ་ཚང་། རྡོ་གྲུབ་ཆེན་དགོན་གསང་ཆེན་དངོས་གྲུབ་དཔལ་འབར་གླིང་དུ། ༧རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་བ་༧རིག་འཛིན་བསྟན་པའི་རྒྱལ་མཚན་གྱི་ཡང་སྤྲུལ་འཁྲུལ་མེད་དུ་གསེར་ཁྲི་མངའ་གསོལ་རྒྱ་ཆེན་པོ་བྱས་ཤིང་། མཚན་ལ་”༧རྡོ་གྲུབ་ཆེན་སྐུ་ཕྲེང་ལྔ་བ་༧ཐུབ་བསྟན་ཀློང་ཡངས་རིག་འཛིན་རྒྱ་མཚོ་”ཞེས་གསོལ་བ་དང་སྦྲགས་མཎྜལ་འདེགས་འབུལ་སོགས་ཧ་ཅང་གཟབ་རྒྱས་བྱས། མགོ་ལོག་ཁག་གསུམ། རྡོ་འཛི་སྨར་གསུམ། སྙི་གསེར་རྫ་ཁོག རྒྱ་རོང་ཁྱོ་ཁོ། ཤར་རོང་བོ་རེ་སྐོང་སོགས་ཀློང་ཆེན་སྙིང་ཐིག་གི་ཆོས་དང་བརྒྱུད་པའི་དམ་ཚིག་འཛིན་པ་དང་། གཞན་ཡང་ཀཿདཔལ་རྫོགས་གསུམ་གྱི་སྐྱེས་ཆེན་བླ་སྤྲུལ་གང་མང་དང་། གྲུབ་མཐའ་སོ་སོའི་དགོན་སྡེ་དང་ཡུལ་ཤོག་སོ་སོ་ནས་མི་ཆེན་དང་སྐུ་ཚབ་སོགས་མགྲོན་པོ་གང་མང་ཆུ་སྣ་བརྡོལ་བ་ལྟ་བུ་བྱུང་ཞིང་། དགའ་སྟོན་གྱི་ཡོ་ལང་རྒྱ་ཆེན་པོ་བྱས་སོ། །
ཕྱི་ལོ་1992རེ་སྐོང་མགོ་དགེ་དགོན་ནམ་《ཐེག་ཆེན་ཚུལ་ཁྲིམས་དར་རྒྱས་གླིང་》གི་ཨ་ལགས་ཐུབ་བསྟན་ལགས་ཀྱིས་གདན་ཞུས་ལྟར་རིན་པོ་ཆེ་ཚང་གྲྭ་འཁོར་ཉུང་ཤས་(དགེ་ཐུབ་བཟང་། བུ་ཆུང་ཀུན་བཟང་། རིག་མཆོག དབོས་པ།)དགོན་དེ་ཉིད་དུ་ཕེབས་ཏེ་ཤར་རེབ་གོང་ཕྱོགས་སུ་ཆིབས་བསྒྱུར་ཐོག་མ་གནང་། རིམ་བཞིན་གཏེར་སྟོན་ཆོས་སྒར། གཏེར་སྟོན་དགོན། སེང་ཁྲི་དགོན་སོགས་དགོན་པ་ཁ་ཤས་ལ་ཕེབས་ནས་ཆོས་འབྲེལ་དང་ཕྱག་དབང་གནང་སྟེ་སེར་སྐྱ་དད་ལྡན་གང་མང་གི་རེ་བ་དོན་ཡོད་པར་གནང་།
ཕྱི་ལོ་1993བོད་རབ་རྒྱན་ཆུ་བྱ་ལོའི་འབྲུག་ཟླའི་ཚེས་གཅིག་ལ་རྫ་རྒྱལ་དགོན་གྱི་དགོན་བདག་སྤྲུལ་སྐུ་གསལ་བྱེད་ཀྱིས་གདན་ཞུས་ལྟར། རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་དང་། རྫ་ཁྲ་མ་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུ་རྣམ་གཉིས་ཀྱིས་ཕྱག་བཏབ་རྫ་རྒྱལ་དགོན་ཞབས་ཀྱིས་བཅགས་ཤིང་། གཞན་ཡང་རྒྱལ་སྲས་རིག་པའི་རྡོ་རྗེའི་གདན་ས་དགེ་མང་དགོན་དང་། འཇིགས་མེད་ངོ་མཚར་རྒྱ་མཚོས་ཕྱག་བཏབ་རྫ་ཀི་ལུང་དགོན་དུ་གདན་འདྲེས་ཞུས་ཤིང་། སྦས་རྟེན་ཀུན་མཁྱེན་ཕྱི་མའི་སྐེད་ཕུར་སོགས་ཀྱི་མཇལ་ཁ་ཕུལ་ཞིང་། གནས་དེའི་རིག་འཛིན་འཇིགས་མེད་གླིང་བའི་ཞབས་རྗེས་སོགས་རྟེན་གསུམ་ཡོངས་ལ་མཇལ་ཁ་ཞུས། ཁོང་གིས་ཀྱང་གནས་དེར་རྡོ་ལ་ཞབས་རྗེས་ཤིག་གནང་བས་ཀུན་ངོ་མཚར་བར་གྱུར། དེ་ནས་རིམ་ཕེབས་ཀྱིས་མུ་རའི་རྡོ་ཁ་ན་བླ་མ་ལུང་རྟོགས་བཞུགས་པ་དང་མཇལ་འཕྲད་གནང་། གུས་བཀུར་ཚད་མེད་དང་བཅས་ཁོང་གི་སྲས་མོ་ཚེ་ལས་འདས་པ་ལ་ཆོས་ལུང་ཞུས། བླ་མ་ལུང་རྟོགས་དང་བཅས་པ་དཔལ་སྤྲུལ་རིན་པོ་ཆེའི་རྡོ་ཁར་བྱོན། དཔལ་སྤྲུལ་གདན་སར་ཁང་བརྩེགས་མཆོད་རྟེན་ཞིག་བཞེངས་ཡོད་པར་རབ་གནས་མཛད་པར་ཞུས་པས་དེ་བཞིན་གནང་ཞིང་། ཁོང་གིས་ཕྱག་དར་ཞིག་ཕུལ་བ་དེ་ཤིན་ཏུ་ཡ་མཚན་པོར་བསྡད་སོང་བས་དེར་ཡོད་ཚང་མ་ངོ་མཚར་བའི་གནས་ལ་བཀོད། ཕྱིས་ནངས་མོ་ཞིག་ལ་བླ་མ་ལུང་རྟོགས་ཀྱིས་”མདང་དགོང་བདག་གི་རྨི་ལམ་ལ། དབུས་མོའི་ཆ་བྱད་ཅན་ལྔ་ཕ་ཀིའི་རི་རྩེ་དེ་ན་འགྲོ་ཡིན་ཡོད་པ་དེ་ཚོས་གླེང་བར། ད་ལན་བླ་མ་རྡོ་གྲུབ་ཆེན་ཕེབས་ཡོད་པས་ངེད་ཚོ་ལ་བཀའ་གཏད་དམ་བསྒྲགས་རེ་ཨེ་ཡོད་སྙམ་ཡང་བྱས་མ་སོང་། ད་བྱེད་རྒྱུ་ཨེ་ཡིན་ནམ། ཟེར་བ་ཞིག་རྨིས་སོང་བས། དེ་རིང་ཡིན་གཅིག་མིན་གཉིས་འུ་ཚོས་སྤྲུལ་སྐུ་ཚང་ལ་ཅིག་གསུང་དུ་གསོལ་དགོས་”གསུངས་ནས་ཞུས་པར། སྤྲུལ་སྐུ་རིན་པོ་ཆེས་ཀྱང་དེ་བཞིན་གནང་ངོ་། །དེ་ནས་ལྕང་མ་རི་ཁྲོད་དུ་ཕེབས་ཤིང་རྫ་ཁོག་གི་འབུལ་བ་རྣམས་ཐུབ་དགའ་ཡིད་བཞིན་ནོར་བུའི་སྐུ་གདུང་བཞེངས་བཞིན་ཡོད་པ་དེའི་ནང་དུ་དབུལ་ལོ།།
ཕྱི་ལོ་1994བོད་རབ་གནས་ཤིང་ཁྱི་ལོར་གྲུབ་ཆེན་རིན་པོ་ཆེས་རིན་ཆེན་གཏེར་མཛོད་ཀྱི་བཀའ་དབང་གནང་གྲུབ་པའི་རྗེས་ཀྱི་ཉིན་ཞིག་ལ་རིན་པོ་ཆེས་རྗེ་འདི་ལ། “བསྟན་དགོན་གྱི་ཁུར་བཞེས་རྒྱུ་དེ་ཧ་ཅང་དཀའ་ཁེག་ཆེ་བས། ངས་འདི་ལས་དགོས་ཀི་སྙམ་པ་ཞིག་སྨྲོས་དང་། ངས་ཁྱོད་ལ་རོགས་དན་བྱེད། གཞན་སུ་ལའང་ཁ་ཐུག་གྲོས་བསྡུར་སོགས་བྱེད་མི་དགོས་”གསུངས་པར། རྗེ་ཡིས་ཐུགས་འདང་གང་མང་གནང་ཡང་། སློབ་གྲྭ་ཞིག་གི་ཕན་པས་ཆེ་བ་མི་འདུག་དགོངས་ནས་དེ་ཚུལ་རིན་པོ་ཆེར་ཞུས་ཚེ། ཁོང་གིས་ཀྱང་ཐུགས་ཧ་ཅང་མཉེས་པའི་གསུང་འཕྲོས་གནང་ཞིང་། ཉིན་ཁ་ཤས་ཀྱི་རྗེས་སུ་རིན་པོ་ཆེ་གསང་སྟབས་ཀྱིས་ཕེབས་ཏེ་རྗེ་ལ་ “དེ་རིང་འུ་གཉིས་རི་ཁྲོད་དུ་འགྲོ།” གསུངས་ཤིང་གཞན་དག་ལ་གྲུབ་དགོན་གྱི་ཁོར་ཡུག་ཏུ་སྤྲོ་འཆམ་ལ་ཕེབས་རྒྱུ་ཡིན་བཟོས་རྩང་ཆུང་ཐང་དུ་ཕེབས། རིན་པོ་ཆེ་རྣམ་གཉིས་དེར་ཡུད་ཙམ་སྐུ་ངལ་བསོས་ནས་བཞུགས་ཚེ། བུ་མོ་ཞིག་འགྲོ་བ་གཟིགས་པར། རིན་པོ་ཆེས། “ཡ། སྤྲུལ་སྐུ། གན་གྱི་མིང་ལ་ཅི་ཟེར་བ་རེད་”གསུངས་པར་རྗེ་ཡིས། “དངོས་གྲུབ་མཚོ་ཞུ་བ་རེད་ལགས་”ཞུས་པར། ཁོང་གིས། “ཡ། ཁྱོད་ཀྱིས་བོས་དང་”གསུངས། རྗེ་ཡིས་བོས་པར་ཨ་ལན་བསྙད་བྱུང་བས་རིན་པོ་ཆེས། “དངོས་གྲུབ་མཚོ་ལྟར་རྡོལ་བ་ཞིག་འབྱུང་རྒྱུ་རེད། རྟེན་འབྲེལ་ཡག་པོ་བྱུང་སོང་”གསུངས། དེ་ནས་རྗེ་ཡིས་རིན་པོ་ཆེར་ཆིབས་རྟ་ཞིག་གྲ་སྒྲིག་གནང་ནས་དེར་བཅིབས་ཏེ་བརྫི་མེད་ཀཿཐོག་ཏུ་ཕེབས་པར། དེར་ཡང་བུ་ཆུང་འཆི་མེད་ཚང་གི་ཁྱིམ་ན་འབྲོག་གླུ་ཞིག་ལེན་གྱིན་འདུག་པས། རིན་པོ་ཆེ་ཚང་ཧ་ཅང་ཐུགས་མཉེས་པོ་གནང་ནས། “ད་འུ་གཉིས་ཀྱི་སློབ་གྲྭ་དེ་ཡག་པོ་ཡོང་ས་རེད་”གསུངས་ནས་གྲུབ་ཆེན་རི་ཁྲོད་དུ་ཕེབས། དེར་ཡང་རྟེན་འབྲེལ་གྱི་ཚན་ཁ་བསམ་གྱིས་མི་ཁྱབ་པ་དང་། གསུང་འཕྲོས་གང་མང་གནང་བ་ཐོས་ཀྱང་ཞིབ་འབྲིའི་རྔོ་མ་ཐོགས། ལོ་དེ་གའི་བོད་ཟླ་བཅུ་བའི་ཚེས་བཅུ་དགུའི་ཉིན་《རྡོ་གྲུབ་ཆེན་ཀུན་ཕན་ཤེས་རིག་སློབ་གླིང་》ཞེས་པའི་ང་ཚོའི་དྲིན་ཆེན་མ་ཡུམ་གཉིས་པ་དེ་འཇིག་རྟེན་འདིར་རྡོ་གྲུབ་ཆེན་རིན་པོ་ཆེ་རྣམ་པ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་སྐུ་བལྟམས་པར་གྱུར་ཏོ། །དེ་ལྟར་དུ་འབྱུང་བའང་བརྡ་ལུང་ལས། “རྡོ་ཡུལ་གྱི་བསྟན་གནས་བཟང་བོ་དེརཿ ཡིད་སྨོན་ནི་ལྷོ་བྱང་གཉིས་ནས་བྱེདཿ ཕོ་བྲང་སྟེང་གསེར་གྱི་གཉྫི་འཛུགསཿ རི་ཁྲོད་དུ་ཁྲ་བོའི་བསྟན་པ་དརཿ”- ཞེས་རྡོ་རྗེའི་གསུང་གིས་བསྔགས་པར་
བྱས་ཡོད་དོ། །
ཐོག་མའི་སྐབས་སུ་སློབ་གྲྭ་འདི་སྦྲ་གུར་ལ་བརྟེན་པ་ཙམ་ཡིན་ལ། དེ་དུས་སློབ་གཙོ། མཁན་པོ་བསོད་ནམས་ཉི་མ། དགེ་རྒན། རྫ་མཁན་ཐུབ་བཟང་། སྒྲོན་འཛམ། སློབ་མ།20 ཇ་མ། ཆུ་མ་བཅས་མི་གྲངས་25ཡོད། དེ་ཡང་སྐྱ་ལམ་ལས་འཕྲུལ་ལམ་མེད་པའི་མཐོ་གཞོངས་ཀྱི་ས་ཆ་ཞིག་ཏུ། སྤྱི་ལེ་ཕྱེད་གཉིས་ཀྱི་རི་འདབས་ནས། བཏུང་ཆུ་དང་། ཁྲུས་ཆུ་རི་སྒང་དུ་སྐྱེད་དགོས་པའི་རིའི་ཟོམ་ཞིག་ཏུ། ཁ་སྣ་རང་བདག་མི་ཐུབ་པའི་བྱིས་པ་སྐོར་ཞིག་ལ་ལང་ཚོ་དང་ཤེས་རིག་གི་རྨང་གཞི་གདོད་འདིང་དགོས་ལ། ཕྱག་དངུལ་གྱི་ཆ་རྐྱེན་ཇི་ལྟར་ཞན་རུང་། དབུལ་ཁྱིམ་དང་དྭ་ཕྲུག་སོགས་ཉམ་ཐག་པའི་བྱིས་པར་ཁ་གཏད་དེ་སློབ་མ་བསྡུ་རུག་གནང་། ཁྱད་པར་དུ་ཕྱི་ཚོགས་ཀྱི་བསམ་བློ། སྲིད་གཞུང་གི་ལྟ་ཚུལ། ལས་སྒྲུབ་མི་སྣ་མངགས་གཏོང་སོགས་གང་ཅིའི་ཐད་ནས། དཀའ་ཁེག་དང་ངལ་དུབ། ཁས་བཤད་པ་ཙམ་གྱིས་བརྗོད་མི་བཏུབ་པ་གང་མང་དང་ཕྲད་ནའང་། ཞུམ་པ་མེད་པའི་དཔའ་སྤོབས་དེས་སུན་སྣང་དང་ལེ་བརྡ་མེད་པར། ཙག་རླུང་དང་ཁ་ཆར་རྒོད་པའི་མཐོ་གཞོངས་འདིར་འཁོར་བགྲོད་ས་ལམ་ཆེས་ཐབས་རྡུགས་ཤིག་ལས་མེད་ནའང་དཀའ་ངལ་ཡོད་ཚད་ཐོད་དུ་བསུས་ཏེ། བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་སྒྱུར་མགོ་ཚུགས།
དེ་ཡང་རྩ་བའི་སྒྲིག་ཁྲིམས་ཆེན་པོ་བཞི། ཡན་ལག་གི་སྒྲིག་ཁྲིམས་དྲུག རྒྱུན་དུ་ཡིད་འཇོག་དགོས་པའི་སྒྲིག་ཁྲིམས་བརྒྱད། རྒྱུན་གྱི་སྒྲིག་ཡིག་བརྗེད་ཐོ་སོགས་ཅུང་ཟད་ཆ་ཚང་ཞིང་གོ་རིམ་ལྡན་པའི་སློབ་གྲྭ་ཞིག་གི་སྔོན་དངོས་ཀྱི་ཆ་རྐྱེན་དག་གཏན་ལ་ཕབ་སྟེ་སྔ་ཕྱིའི་སློབ་མའི་སྤུས་ཀ་དང་། སློབ་གྲྭའི་རྒྱང་རིང་གི་མདུན་ལམ་དག་གཙང་འོང་བའི་ཐུགས་འདུན་རྨ་མེད་ཀྱིས་དུས་རབས་ཀྱི་དཀྱོག་མཚམས་ཐོད་ཀྱིས་བརྒལ། ཕྱིས་རིམ་བཞིན་ཕྱིའི་དཔལ་འབྱོར་དང་། ནང་སློབ་མའི་ཤེས་ཡོན་དང་སྤུས་ཀ གྲངས་འབོལ་སོགས་ཇེ་བཟང་དུ་བཏང་ཞིང་།
སྒོས་སུ་གོང་སྨོས་མཁན་བསོད་ནམས་ཉི་མ་མཆོག་དང་། མཁན་ཨོ་རྒྱན་འཕྲིན་ལས། མཁན་ཀློང་ཡངས། སྤྲུལ་མཐར་ཕྱིན། རེབ་གོང་མཁན་འཇམ་དཔལ་རྡོ་རྗེ། མཁན་ཐུབ་བསྟན་རྡོ་རྗེ་སོགས་ཆེད་མཁས་སློབ་དཔོན་དུ་མ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ། དཔལ་བླ་རུང་། རེབ་གོང་གཏེར་སྒར། རང་དགོན་སོགས་ནས་གདན་དྲངས་ཏེ། སྔ་གཞུག་ཀུན་ཏུ། སུམ་རྟགས་དག་སྙན། སྒྲ། དཀོན་མཆོག་རྗེས་དྲན། འདུལ་བ་རྒྱས་བསྡུས་དུ་མ། ཀློང་སྙིང་སྔོན་འགྲོ། སྤྱོད་འཇུག མཁས་འཇུག ངེས་སྒྲོན། ལྟ་གྲུབ། མི་ཕམ་རྟགས་རིག ཚད་མ་རིགས་གཏེར། གྲུབ་མཐའ་རིན་ཕྲེང་། ཐེག་དགུའི་རྣམ་བཤད། དབུ་མ་རྒྱན། དམ་ཆོས་དོགས་སེལ། ཤེར་འགྲེལ་ཀེ་ཏ་ཀ ལུགས་ཀྱི་བསྟན་བཅོས། ཡོན་ཏན་མཛོད་སོགས་མདོ་སྔགས་རིག་གནས་དུ་མའི་སློབ་སྦྱོང་འཕེལ་རྒྱས་ཕུན་སུམ་ཚོགས་པོ་བྱུང་ངོ་། །
བོད་རབ་གནས་ས་གླང་ཟླ་༡༠བའི་ཚེས་༨ནས་བརྩམས་ཏེ་སྔ་ཕྱིར་ལོ་གཉིས་རིང་ལ་ཆེད་གཉེར་གྱིས་མཐོ་བོད་རིག་གནས་ཀྱི་རྐང་འཛིན་པ་ཞིག་གི་ལང་ཚོའི་མྱུ་གུ་འབུས་པའི་གོ་རིམ་དང་བསྟུན་པའི་སྦྱོང་གཞིའི་ཡིག་ཆ་རྩོམ་སྒྲིག་དང་པར་སྐྲུན་གནང་སྟེ་སྦྱོང་གཞི་འཐུས་ཚང་དུ་བཏང་བ། ལོ་རེ་བཞིན་ལོ་མཇུག་རྒྱུགས་སྤྲོད་ཆེན་མོར་གྲུབ་དབང་ལྔ་བ་རིན་པོ་ཆེ་སྐུ་དངོས་འབྱོན་གྱིས་རྒྱུགས་ལེན་དང་། རྒྱུགས་གཞི་གཏན་འབེབས། དྲི་བ་འདོན་སྤྲོད། འཛིན་གྲྭ་གཏན་འབེབས་སོགས་ཕྱག་ལས་རྒྱ་ཆེར་མཛད། ཕྱི་ལོ་ཉིས་སྟོང་ཡར་སྔོན་དག་ཏུ་གྲུབ་དགོན་ནས་གཟའ་འཁོར་རེ་རེ་བཞིན་དུ་ཞབས་ཐང་དང་འཕྲུལ་ཆས་ཅི་རིག་གིས་ཕེབས་ནས། སློབ་གྲྭའི་གཙང་སྦྲ་དང་འཕྲོད་བསྟེན། སློབ་མ་ཚོའི་ཟས་གོས་གནས་མལ་དག་ལ་རྒྱུས་ལོན་དང་གོ་བསྡུར། ཆུང་ས་ནས་རྩེད་གྲོགས་ཚུན་ཆོད་གནང་བས་མཚོན་ཕྱོགས་གང་ཅིའི་ཐད་ནས་ཀྱང་སྐུ་ཚེགས་དང་འོ་བརྒྱལ་ཚད་མེད་གནང་བས་༧གྲུབ་རྗེ་ཐམས་ཅད་མཁྱེན་པ་དང་རྣམ་པ་གཉིས་ཀྱི་ཐུགས་བཞེད་མིང་དོན་ཆ་འཛོམས་སུ་གྱུར།
ཟླ་མེད་ཅིང་དྲན་སོས་བྱ་འོས་པའི་སྐུ་ངལ་དེ་དག་ལ་བརྟེན་ནས་གྲུབ་ཆེན་བླ་ཡག་གཉིས་ཀྱིས་མཚོན་མ་བུའི་དགོན་སྡེ་ཁག་གི་ཁོར་ཡུག་ན་ཤེས་ཡོན་པ་དང་། མཐོང་བརྒྱུད་ཕྱག་བཞེས་སྐྱོང་བའི་མྱུ་གུ་གསར་བ་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་ལྟར་གྱུར་དང་འགྱུར་བཞིན་པའོ། །ཁོར་ཡུག་འདིའི་ན་གཞོན་ཚོ་ཡིག་རྨོངས་ལས་གྲོལ་བར་བྱས་པ་དེ་ཁོ་ནའང་བཀའ་དྲིན་བླ་ན་མཐོའོ། །དེའི་ཕྱིར་རྗེས་བརྩེ་སྤྱི་བོར་ཐོབ་པ་ཚོས་ཁོག་ན་སྙིང་ཞིག་ཡོད་ཕྱིན་བདག་ཉིད་ཆེན་པོ་འདིའི་བཀའ་དྲིན་ནི་ནམ་ཡང་བརྗེད་དུ་ཕངས་སོ། །ཇི་སྐད་དུ། “མི་མཁས་པ་སླེབས་པའི་སྔ་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །”ཞེས་གསུངས་པ་ལྟར་གདོད་མའི་རི་གྲོང་བདག་ཅག་གི་ཕ་ཡུལ་ལྟ་བུ་ཕར་ཞོག ས་མགོ་ལོག་དང་ཡུལ་མདོ་སྨད་ཕྱོགས་ཀྱི་རིག་གསར་རྗེས་ཀྱི་སྒེར་གཉེར་སློབ་གྲྭའི་ཐོག་མ་འདི་འཛུགས་སྐྲུན་བགྱི་བའི་གོ་རྟོགས་འཁྲུངས་པའང་ལས་སླ་བོ་ཡིན་ག་ལ་སྲིད། དེས་ན་སྙིང་སྟོབས་དང་གཏན་ཚིགས་འདིས་ཆོལ་གསུམ་སོ་སོར་གོ་སྐོན་བློ་འགུགས་ཀྱི་ཐབས་ཚུལ་གསར་བ་ཞིག་གི་སྒོ་གླེགས་ཕྱེས་ཡོད་པ་མཁྱེན་རྟོགས་ཟབ་ཅིང་ཡིད་གཞུངས་པ་ཚོས་ཅིས་ཀྱང་དགོངས་ངེས་སོ། །དེའི་ཕྱིར་དེང་དུས་མལ་ས་བདེ་མོའི་ནང་ནས་སྐད་ཡིག་འབོད་སྐུལ་བྱེད་པ་ཡིན་ཟེར་ནས་རྩོམ་ཉོག་གིས་ཁོར་ཡུག་སྦགས་པ་དང་ཡེ་མི་མཚུངས་སོ། །ཇི་སྐད་དུ། “རྒྱུ་ཚེགས་གཉིས་ལ་མ་ཐུག་པར། །ཁ་ཡག་ཅན་དེ་སུ་ཡང་ཡིན། །དགྲ་འདྲེ་གཉིས་དང་མ་ཐུག་ན། །རང་ཚུགས་ཅན་རེ་སུ་ཡང་ཡིན། །སྐྱིད་སྡུག་སྟེང་དུ་མ་བབ་ན། །ཨ་མའི་གོ་ཁར་སུ་ཡང་བཟང་། །”ཞེས་གསུངས་པ་ལྟར་རོ། །
གཞན་ཡང་ཕྱི་ལོ་1994ལོར་རང་དགོན་དུ་སྨན་བྱེད་མི་སྣ་སྐུང་འགུགས་ཀྱིས་སྨན་ཁང་བཙུགས་པ་ནས། སྨན་རིན་ཆེས་སླ་བའི་སྒོས་སྐྱེ་འགྲོ་དུ་མའི་ཚེ་སྲོག་འཆི་བའི་འཇིགས་པ་ལས་བསྐྱབས་ཤིང་། ཕྱིའི་སྙན་གྲགས་ཙམ་ལ་རེ་བ་མ་ཡིན་པར་དབུལ་ཕོངས་རྣམས་ལ་སྨན་དང་། ཟས་གོས། ཡོ་བྱད་སོགས་ཀྱི་གནང་སྦྱིན་གང་མང་བསྩལ། སྔ་གཞུག་ཏུ། རྒྱ་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ཉ་ལྕོང་། སྦལ་བ། ཟོག ལུག རྟ་སོགས་བཤས་ཚོང་དང་གསོད་གཏུབས་ཀྱིས་མནར་བའི་སྲོག་ཆགས་དུང་ཕྱུར་མང་བོ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་འཆི་བའི་འཇིགས་པ་ལས་ཐར་ངེས་ཀྱི་སྦྱིན་པ་བསྩལ་པ། ཆེད་གཉེར་ཉ་འཛིན་ར་བ་གཏན་བླུ་བྱས་པ་ལྟ་བུས་མཚོན་རྒྱ་ཆེ་ལ་གཏིང་མི་དཔོག་པའི་མཛད་རྣམ་མཐའ་ཡས་སོ། །དེ་ལྟར་མཛད་པ་ཀུན་ཀྱང་དྲིལ་སྒྲོག་དང་། གཞོག་སློང་། ཁ་གསེག ལད་ཟློས་ཙམ་མ་ཡིན་པར་དོན་དམ་ནང་གི་ཐུགས་བསྐྱེད་རྣམ་པར་དག་པས་མཚམས་སྦྱར་བ་ཤ་སྟག་ལགས་པས། རྒྱལ་བསྟན་དང་དགེ་འདུན་ལ་བསྙེན་བཀུར་ཞུས་པ། སེམས་ཅན་གྱི་བདེ་དོན་ལ་བརྩོན་པ། ཡར་མཆོད་མར་སྦྱིན་གང་གནང་བ་དག་ལ་ཟིན་ཐོ་དང་རྩིས་གདབ་མེད་ལ། ལྷག་ཏུ་དགེ་ལས་གང་ཞིག་ང་ཚོ་གྲྭ་ཚང་དང་དགོན་སྡེ་དམངས་ཕལ་བ་དག་ལྟ་ཅི། ངོས་ཀྱི་ཞབས་འབྲིང་པ་དག་ལའང་གསང་བ་བགྱི་ཞིང་། མཛད་པ་གང་དང་གང་བསྐྱངས་ནའང་སྔོན་ལ་འུར་སྒྲོག་མེད་པར་ཁ་ཁུ་སིམ་མེར་བྱ་བ་དེའི་མཇུག་རྫོགས་པར་སྐྱོང་བ་སོགས་གླེང་རིན་དང་། རྗེས་སུ་སློབ་རིན་བདོག་ངེས་ཀྱི་དམ་པའི་ངང་ཚུལ་བསམ་གྱིས་མི་ཁྱབ་བོ། །
ཕྱི་ལོ་1996བོད་རབ་རྒྱན་མེ་བྱི་ལོའི་ཟླ་བཅུ་བའི་ཚེས་བཅུ་ནས་ལྔ་བ་རིན་པོ་ཆེ་ངོས་ཀྱི་བདག་རྐྱེན་ཁོ་ནའི་འོག ལོ་རེ་ཞིང་རི་ཁྲོད་བསམ་གཏན་དགེ་འཕེལ་གླིང་དུ། གྲྭ་བཙུན་འདུས་པ་རྒྱ་མཚོས་ཚོམ་བུ་ཚོགས་སྒྲུབ་ཀྱིས། ཀློང་ཆེན་སྙིང་གི་ཐིག་ལེའི་ནང་སྒྲུབ་རིག་འཛིན་འདུས་པ་དང་། ཡུམ་ཀ་བདེ་ཆེན་དཔལ་ཕྲེང་གང་རུང་གི་ཚོགས་འཁོར་གྱི་དུས་མཆོད་དབུ་འཛུགས་གནང་། ཕྱིས་ཕྱི་ལོ་2007ནས་རྡོ་གྲུབ་ཆེན་དགོན་ནང་ནས་འདོན་མགོ་ཚུགས་ཤིང་ཞི་ཁྲོ་ངན་སོང་སྦྱོང་བའི་དུས་མཆོད་དུ་བསྒྱུར། འདི་ནི་སྐུ་ཕྲེང་སྔ་མ་དག་གི་རིང་ནས་དར་བའི་ཞི་ཁྲོ་ངན་སོང་སྦྱོང་བའི་སྒྲུབ་པའི་ཁ་བསོས་པ་ཞིག་ཀྱང་ཡིན།
གོང་གསལ་བོད་རབ་རྒྱལ་ས་འབྲུག་ཕྱི་ལོ་1988ནས་རྡོ་གྲུབ་ཆེན་བཞི་བ་རིན་པོ་ཆེས་དབུ་མཛད། གྲུབ་དགོན་མཁན་སྤྲུལ་ལྷན་རྒྱས་སེར་སྐྱ་མཆོག་དམན་ཀུན་གྱི་རེ་སྨོན་ལྟར་གདན་ས་གཏན་འཇགས་གནང་བ་ནས་བཟུང་། སྔར་ཞུས་ལྟར་གྱི་ཀློང་སྙིང་བསྟན་པའི་མངའ་བདག་ཅིག་གི་ཕྱག་ལས་རྒྱ་ཆེ་ལ་རྒྱུན་རིང་བའི་མཛད་རྣམ་གཞིར་བྱས། དེའི་ཞར་ལ་རྡོ་གྲུབ་ཆེན་དགོན་པའི་ཕུར་བ་སྒྲུབ་ཆེན། སྒྱུ་འཕྲུལ་ཞི་བའི་སྒྲུབ་མཆོད། རྟེན་སྙིང་དང་སེང་གདོང་གི་དགུ་གཏོར། དེ་བཞིན་དུ་སྤྱི་སྲུང་། སྤྱི་བསང་སོགས་འདོན་ཚོགས་སྒོ་ཆེ་ཕྲ་ཀུན་ལ་གྲྭ་དམངས་ཕལ་བ་བཞིན་དུ་ཆོས་ཁྲིམས་བརྩི་སྲུང་དང་། དབང་བསྐུར་རབ་གནས་སོགས་ཀྱི་རྡོ་རྗེ་སློབ་དཔོན་གྱི་ལས་རིམ་ཡོངས་རྫོགས་བརྩེ་བཞེས་ཀྱིས་ལོ་འཁོར་དུ་མའི་རིང་ལ་རྡོ་གྲུབ་ཆེན་དགོན་པའི་ཁྲི་བཞུགས་རྒྱུན་འཇགས་གནང་། ལོ་རེ་རེ་བཞིན་གྱི་དགུན་དཔྱིད་ཀྱི་ཟླ་བ་རྣམས་དང་། གཞན་ཁོམ་སྐབས་ནམ་ཡོད་ལ་སྐུ་མཚམས་དམ་བཅད་ཀྱིས་བསྙེན་སྒྲུབ་དང་། འབུམ་ལྔའི་བསགས་སྦྱངས་ཆ་ཚང་། སྤྱི་སྒེར་གྱི་གྲྭ་འཁོར་དུ་མ་ལ་འོས་བབ་དང་བསྟུན་ནས་ཀློང་སྙིང་སྔོན་འགྲོའི་ཁྲིད་ཀ་སོགས་གདམས་ཁྲིད་རྒྱས་བསྡུས་ཅི་རིགས། མདོར་སྒྲུབ་བརྒྱུད་གོང་མའི་རྣམ་ཐར་ཉག་གཅིག་གིས་དུས་འདའ་བ་གནང་ངོ་། །
སྔ་གཞུག་རྣམས་སུ་སྲིད་གཞུང་གིས་གོ་གནས་རིམ་བཞིན་བསྩལ་པ་ཡང་། རྡོ་གྲུབ་ཆེན་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་(主人)དང་བོ། པདྨ་རྫོང་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ། མགོ་ལོག་ཁུལ་སྲིད་གྲོས་གཙོ་གནས་པ།(主席) ཞིང་ཆེན་སྲིད་ཀྲུའུ་བུའུ་ཡན། ཀྲུང་ཀོ་ནང་བསྟན་མཐུན་ཚོགས་ཀྱི་ལས་ཧྲི།(历史) ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས། མགོ་ལོག་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་སོ། །
ཕྱི་ལོ་2002ཆུ་ཕོ་རྟའི་ལོར་གྲུབ་སྤྲུལ་ལྔ་བ་རིན་པོ་ཆེའི་ཕྱག་རྫས་ཀྲུང་དངུལ་ཁྲི་700ལྷག་དང་། མཁན་སྤྲུལ་བློ་བཟང་དོན་གྲུབ་གྱིས་ཕྱག་དངུལ་ཁྲི་བརྒྱ་གནང་སྟེ། ཐུབ་བསྟན་རྣམ་པར་རྒྱལ་བའི་གཙུག་ལག་ཁང་གི་རྨིང་བཏང་ཞིང་། ཕྱི་ལོ་2004ཤིང་ཕོ་སྤྲེལ་གྱི་ལོར་མཇུག་རྫོགས་པར་གྲུབ་ནས། སྐྱབས་རྗེ་གྲུབ་དབང་རྡོ་རྗེ་འཆང་ཆེན་པོ་༧རྡོ་གྲུབ་ཆེན་འཇིགས་མེད་ཐུབ་བསྟན་འཕྲིན་ལས་དཔལ་བཟང་བོ་མཆོག་དང་། གྲུབ་རྗེ་རིག་འཛིན་རྒྱ་མཚོ་ཉིད། གཟན་དཀར་སྤྲུལ་པའི་སྐུ་ཐུབ་བསྟན་ཉི་མ། མཁན་སྤྲུལ་བློ་བཟང་དོན་གྲུབ། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། རྨེ་བ་ཤེར་ཕྲེང་སྤྲུལ་སྐུ། གཏེར་སྟོན་པདྨ་གཏུམ་པོ། བླ་མ་རིག་འཛིན་ཉི་མ། ལྷ་སྤྲུལ་ཀར་དབང་ཉི་མ། ཁྲ་གླིང་བསྟན་པའི་ཉི་མ། གཡུ་ཐོག་ཀརྨ་བསོད་ནམས། ཁྱོ་སྤྲུལ་ངག་དབང་བློ་གྲོས། གྲུབ་དབང་ནམ་མཁའ་ཚང་། གཏེར་རྒན་སྤྲུལ་སྐུ། ཨ་ལགས་དམག་གསར་ཚང་། ཨ་ལགས་གདུགས་དཀར། གཏེར་སྟོན་སྤྲུལ་སྐུ་སོགས་སྐྱེས་ཆེན་བླ་སྤྲུལ་བསམ་གྱིས་མི་ཁྱབ་པ་དག་དང་འདུས་སྡེ་སྟོང་ཕྲག་ལྷག་གིས་རབ་ཏུ་གནས་པའི་མེ་ཏོག་ཉིན་བཞིའི་བར་དུ་གཏོར་རོ། །དེ་སྐད་དུ་ལྕགས་ཁུང་རྡོ་རྗེ་དགྲ་འདུལ་གྱིས། “ལྷོ་ནས་ཕྱག་རྡོར་སྤྲུལ་པ་འབྱུངཿ མཐའ་ཡི་དམ་སྲི་ཟིལ་གྱིས་གནོནཿ རིག་པའི་རྡོ་རྗེའི་རང་འོད་རྒྱསཿ སྦས་ཡུལ་སྲིན་མོའི་ལྗོངས་སུ་ནིཿ སྐུ་གསུམ་ཞིང་ཁམས་ལྷུན་གྱིས་གྲུབཿ འབྲེལ་ཚད་ཨོ་རྒྱན་གནས་སུ་འདྲེནཿ” ཞེས་དང་། ཨོ་རྒྱན་འཕྲིན་ལས་གླིང་བའམ་དཔའ་བོ་ཆོས་དབྱིངས་རྡོ་རྗེའི་ལུང་དུ་བསྟན་པ་ལས། “དུས་དེ་ནས་རྡོ་ཡུལ་རྩང་ཆེན་དུ༔ ལྷ་སྤྱན་རས་གཟིགས་དང་པདྨ་འབྱུང༔ བསམ་བཞིན་དུ་མི་ཡི་གཟུགས་བཟུང་སྟེ༔ པད་འབྱུང་དང་སྤྱན་གཟིགས་ལྷ་ཁང་བཞེངས༔” ཞེས་གཙུག་ལག་ཁང་གི་རྟེན་གཙོ་སློབ་དཔོན་ཆེན་པོ་དང་འཕགས་པ་སྤྱན་རས་གཟིགས་ཡིན་པར་ལུང་གིས་ཟིན་ཅིང་། བཞེངས་མཁན་ཡང་མགོན་པད་འབྱུང་དང་ལྷ་སྤྱན་གཟིགས་ཀྱི་སྤྲུལ་པའི་རོལ་གར་ཡིན་པར་རྡོ་རྗེའི་ལུང་གིས་གསལ་བར་བསྔགས་སོ། །
ཕྱི་ལོ་2008-2009རྒྱུ་ཟངས་དཀར་ཁོ་ན་ལས་གྲུབ་པའི་བལ་ལུགས་ཀྱི་ཨོ་རྒྱན་རིན་པོ་ཆེ་སྣང་སྲིད་ཟིལ་གནོན། གདོང་ལྔ་ལྡན་པའི་འགྱོག་ཁྲི་ཕུད་པད་གདན་ནས་དབུ་ཞྭའི་རྩེ་དབར་ལ་རྨི་21ཅན། བཀའ་བསྟན་རེ་རེ་ལའང་ཚར་བཞི་བརྒྱ་ལྷག་དང་། རྡོ་རྗེ་ཕུར་བ། གུ་རུ་སིདྡྷི། གཟུངས་ཆེན་སྡེ་ལྔ་སོགས་དུང་ཕྱུར་གང་མང་། ཕྱི་ནང་གཟུངས་རྟེན་གྱི་རིམ་པ་གཞུང་ནས་བཤད་པ་ལྟར་ཆ་ཚད་དང་ལྡན་པ་ཞིག ཀྲུང་དངུལ་ཁྲི་སྟོང་ལྷག་གིས་བཞེངས་སྐྲུན་གནང་ཞིང་ཕྱི་ལོ་2009ལོར་རྡོ་གྲུབ་ཆེན་སྐུ་འཕྲེང་བཞི་བ་ཚང་དང་སྐུ་ཉིད་སྐྱེས་ཆེན་བླ་སྤྲུལ་གང་མང་(འདུ་ཁང་ཆེན་མོའི་རབ་གནས་ལ་བཞུགས་པ་ཕལ་མོ་ཆེ་དང་། ད་དུང་དེ་ལས་གཞན་པའང་)བཅས་འདུས་སྡེ་རྒྱ་མཚོས་ཉིན་བཞིའི་རིང་ལ་རབ་ཏུ་གནས་པར་བགྱིས་པས་རིང་བསྲེལ་བབ་པ། གུ་རུའི་ཚེ་བུམ་ལས་ཚེ་ཆུའི་རྒྱུན་ཉིན་དུ་མར་བབ་པ་དགོན་གྲོང་ཀུན་ལ་གསལ་བ་སོགས་ཤིན་ཏུ་ངོ་མཚར་གྱི་རྟགས་ཁྱད་པར་བ་མང་དུ་བྱུང་ངོ་། །དེ་སྐད་དུ་ཡང་༧རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་བ་སྐུ་ན་ཤིན་ཏུ་གཞོན་ནུའི་དུས་ཀྱི་ལུང་བསྟན་ལས། “དེ་ལྔ་བརྒྱའི་འགྲོ་བའི་བསོད་ནམས་དངཿ དུས་འབྱུང་འགྱུར་སྐབས་ཀྱི་རྟེན་འབྲེལ་ལསཿ སྨོན་ལོག་དང་དམ་སྲིའི་རྫུ་བག་དངཿ ལོག་སྤྱོད་མཁན་དགྲ་འདྲེའི་བསམ་སྦྱོར་ལསཿ བཤད་སྒྲུབ་ཀྱི་བདག་པོ་མཁས་བཙུན་དངཿ དཔལ་འབྱོར་གྱི་བདེ་དགའ་ཀུན་ལ་འཚེཿ སྐབས་སྐབས་སུ་འདྲ་མིན་གར་གྱིས་བསྒྱུརཿ གནས་འདི་ཡི་མདུན་ཐང་ལྷོ་སྟོད་ཆརཿ ལས་དབང་དྲག་ས་གནད་འཛོམས་ས་དེརཿ དཔལ་སངས་རྒྱས་ཐམས་ཅད་འདུས་པའི་སྐུཿ དཔལ་བདུད་འདུལ་རྡོ་རྗེ་ཀུ་མ་རའིཿ རྟེན་འབུམ་དང་དཔལ་ལྡན་མཚོ་སྐྱེས་རྗེཿ རང་རིགས་ཀྱི་དབང་ལྷར་སྐུར་སྤྲུལ་བཿ མགོན་མ་ཧཱ་དེ་བ་ཕྱི་ནང་གསངཿ གང་ཞལ་བསྙེན་གནད་དུ་ཐེབས་བྱས་ནཿ ལོག་སྨོན་གྱི་བར་ཆད་མཐའ་དག་ཞིཿ རྒྱལ་བསྟན་གྱི་གཟི་མདངས་ལྷག་པར་རྒྱསཿ བཤད་སྒྲུབ་ཀྱི་བསྟན་པའི་སྡེ་རྒྱས་ཤིངཿ སྨིན་གྲོལ་གྱི་ཞིང་མཆོག་གཅིག་ཏུ་འགྱུརཿ ལས་མཐུན་རྐྱེན་ལེགས་ཚོགས་ཕུན་སུམ་ཚོགསཿ བཀའ་བླ་མེད་ཨ་ཏི་ཡང་ཏིག་གིཿ སྒྲུབ་ཕྲིན་གྱི་བ་དན་ས་བླར་མཐོཿ མགོན་ཡེ་ཤེས་སྒྱུ་མའི་རོལ་གར་གྱིསཿ ཕྱོགས་ཀུན་ཏུ་བསྟན་པའི་མངའ་དབང་བསྒྱུརཿ” ཞེས་ལུང་གིས་བསྔགས་ཤིང་རྡོ་གྲུབ་རྒན་བྱང་ཆུབ་རྡོ་རྗེས་མགོ་ལོག་གསེར་རྟ་སྤྱི་ལ་སྨན་པར་ལུང་བསྟན་ཞིག་འདུག་ཀྱང་མ་ཕྱི་དག་ངེས་ཤིག་ལག་སོན་མ་བྱུང་བས་འདིར་བཀོད་མེད།
ལྷག་ཏུ་བྱ་བ་ལས་ཀྱི་འཁོར་ལོ་བསྐོར་ཚུལ་ནས་གླེང་བ་འདི་དམ་པ་ཁོང་གི་ཐུགས་ལའང་འབབ་ཀྱིན་མི་འདུག་སྟེ། རྒྱུན་གྱི་ཞལ་འཕྲོས་རྣམས་སུ། “སྤྱིར་རྒྱལ་བའི་བསྟན་པ་ནི་ལུང་རྟོགས་ཀྱི་སྙིང་བོ་ཅན་ཡིན་ཞིང་། དེ་འཛིན་པ་ལ་ཐོས་བསམ་སྒོམ་སྒྲུབ་ལས་གཞན་པ་ཞིག་མེད་པས། ཅིས་ཀྱང་སྒྲུབ་བརྒྱུད་གོང་མའི་མཛད་རྣམ་ལ་གཟིགས་ནས་དེ་ཀ་ནང་བཞིན་མཛད་དགོས་པ་ལས། ཐོས་པ་མེད་པར་སྒོམ་སྒྲུབ་བྱེད་ལོས་ཀྱང་། ལག་རྡུམ་བྲག་ལ་འཛེགས་པ་ལྟར་མི་ཕན་ལ། ཐོས་དོན་གོ་ཡུལ་དུ་ལུས་ནས། རང་གིས་དཔེ་ཆ་སྦྱངས་པ་དེ་གཞན་གྱི་སྐྱོན་རྟོག་དང་། གཞན་ཞུ་དག་བྱེད་སྤྱད་ཁོ་ན་ལས། རང་རྒྱུད་འདུལ་ཐབས་སུ་མ་བཀོལ་ན། “ཤེས་རབ་ཀྱི་རལ་གྲི་སོ་གཉིས་མ། །ཤེས་བྱའི་མཁའ་ལ་གདེང་ཆེ་ན། །རང་མགོ་གཅོད་པ་ཨ་ཙ་མ། །”ཞེས་པ་དེ་ཡིན་པས། ཅིས་ཀྱང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་པ་གལ་ཆེ། རང་ཉིད་ལ་མཚོན་ན་ཁ་ན་ཤེས་རྒྱ། རྐུབ་ན་སྡོམ་པ་གང་ཡང་མེད་ཀྱང་སྒྲུབ་བརྒྱུད་གོང་མའི་རྣམ་ཐར་དེ་ཚོར་འགལ་འཁྲུལ་དང་། མ་འདང་ས་ཕྲ་མོའང་མེད་པར་ཡིད་ཆེས་མཁན་ཞིག་ཡིན་པས་ནམ་ཡང་དེ་ལྟ་བུར་སློབ་གཉེར་སྐྱོན་མེད་རེ་བྱེད་པར་སྨོན་པ་དང་སྐུལ་བ་ཡིན།” ཅེས་དང་། “རྒྱལ་བསྟན་དཔུང་གིས་མི་ཐེག་པས་རང་ཆེ་འབྱིན་པ་སོགས་ཡོན་ཏན་ཅུང་ཙམ་རེ་ལས་མེད་ནའང་ང་རྒྱལ་དང་ཡིན་སྣང་། དེ་བཞིན་དུ་གཞན་ལ་དམན་འདང་ལྟ་བ་སོགས་མི་བྱེད་པར་ཞུ་”སོགས་གསུངས་པས་མཚོན་ནོ། །
ཕྱི་ལོ་2009.11སྐྱབས་རྗེ་ལྔ་བ་རིན་པོ་ཆེ་སྐུ་དངོས་འབྱོན་གྱིས་ཧོར་གཏེར་སྟོན་དགོན་ནས་《རྡོ་གྲུབ་ཆེན་བདེ་ཆེན་ཞིང་སྒྲུབ་ཆེན་མོ་》དབུ་འཛུགས་གནང་བར། ཤིན་ཏུ་བཀྲ་ཤིས་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པའི་ངང་དུ། དགོན་སྡེ་དང་། ཆོས་དད་མང་ཚོགས་མཐའ་ཀླས་པའི་རེ་སྨོན་གྲུབ་ཅིང་། དད་གུས་ལྷ་ཕྱག་གྲངས་སུ་བརྩེགས་ནས་དགའ་དུང་གི་སྤྱན་ཆབ་ས་ཡི་ཐིག་ལེར་བསྟིམས་སོ། །
ཕྱི་ལོ་2010.9.26བོད་རབ་གནས་ལྕགས་སྟག་ཟླ་བརྒྱད་པའི་ཚེས།18 ཉིན་རྡོ་གྲུབ་ཆེན་གྱི་དགོན་ལག་གསང་ལུང་དགོན་དུ། གྲུབ་དབང་ལྔ་བ་རིན་པོ་ཆེ་སྐུ་དངོས་གསང་སྤྲུལ་ཐུགས་དཀྲོག་ཏུ་ཕེབས། ཁོང་གིས་འདས་མཆོད་ནང་དུ་ཀྲུང་དངུལ་ཁྲི་2དང་། བླ་སེར་དང་མང་ཚོགས་ལ་སེམས་གསོ་དང་བསླབ་བསྒོ་རྒྱས་པར་གནང་། ཆོས་དང་དམ་ཚིག་གི་འབྲེལ་བ་གཙོ་བོར་དགོངས་ནས་རྒན་པ་མི་བཞི་དང་སེར་སྐྱ་རིས་མེད་ཀྱི་རེ་འདུན་ལྟར། གྲུབ་དགོན་ནས་མཁན་འཇིགས་པོ། སྤྲུལ་མོས་པ། སྤྲུལ་ལྷུན་གྲུབ། སྤྲུལ་འཇིགས་མེད། སྤྲུལ་ཤེར་ཉི་རྣམས་རེས་མོས་ཀྱིས་ལོ་ལྟར་རྡོ་རྗེ་སློབ་དཔོན་དུ་མངགས་གཏོང་འོང་བའི་བཀའ་གཙིགས་དང་། བླ་མ་གསང་ལུང་དགོན་པར་ལྷག་བསམ་དཀར་ཞིང་སྐུ་ཚེ་གང་བོར་ཞབས་ཕྱི་ཞུས་པའི་བླ་གྲྭ་རྒན་ཤོས་རྣམས་ལ་ཟླ་ཕོག་བསྩལ་པ་སོགས་ཤིན་ཏུ་ཐུགས་བརྩེ་ཟབ་མོ་གནང་ངོ་། །
ཕྱི་ལོ་2005 རྡོ་གྲུབ་ཆེན་བཞི་བ་རིན་པོ་ཆེས་བཀའ་གནང་ཐོབ་པ་བཞིན་རྒྱ་ནག་ཏུ་འགྲོ་དོན་ལ་ཕེབས་པ་ནས་བཟུང་། རྡོ་གྲུབ་ཆེན་དགོན་དུ་མདོ་ཁམས་དཔལ་རི་མཐོང་གྲོལ་ཆེན་མོ། སྙིགས་ལྔའི་རྒུད་འཇོམས་གུ་རུ་འཇའ་ཟུག་མ། བཤད་གྲྭ་ཐུབ་བསྟན་འཕེལ་རྒྱས་གླིང་གི་འདུ་ཁང་། གེ་སར་རྣམ་ཐར་ཟློས་གར་གླིང་གི་ལྷ་ཁང་། བཅས་ལ་ཀྲུང་དངུལ་ཁྲི་ཕྲག་ལྔ་སྟོང་བདུན་བརྒྱ་ལྷག་གི་འགྲོ་གྲོན་བཏང་སྟེ་གསར་བཞེངས་གནང་བ་དང་། ཕྱི་ལོ་2007ལོ་ནས་གྲུབ་དགོན་བཤད་གྲྭའི་མི་སྣ་ཡོངས་ལ་ཟླ་ཕོག་དང་། གྲུབ་དགོན་གྲྭ་རྒན་བྱིང་ལ་ཟླ་རེར་སྒོར་500རེའི་གནང་སྦྱིན། དགོན་པའི་ལས་སྣེ་སུམ་ཅུ་ཁ་གྲངས་ལ་ཟླ་ཕོག གཞན་ཡུལ་ཤུལ་སོགས་གནོད་ཐེབས་ས་ཁུལ་དུ་མར་ཁྲི་སྒོར་དུ་མའི་གནང་སྦྱིན། གྲུབ་དགོན་དུ་གཡང་ཊི་དཀར་བོ་ལས་གྲུབ་པའི་མཆོད་རྟེན། གྲུབ་དགོན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོ་སླར་བསྐྲུན། གསེར་ཁང་མཐོང་བ་རང་གྲོལ། ཇོ་བོ་ཡིད་བཞིན་ནོར་བུའི་གཙུག་ལག་ཁང་སངས་རྒྱས་སྟོང་སྐུ་དང་བཅས་པ། མདོར་རྡོ་གྲུབ་ཆེན་དགོན་པའི་འགྲོ་སྒོ་ཆེ་ཕྲ་ཆུང་གསུམ་དང་། ཐ་ན་ཚྭ་རྡོག་སྨག་མ་ཞིག་ཡོད་པ་ཀུན་ཀྱང་བདག་ཉིད་ཆེན་པོ་འདིའི་སྐུ་ཚེགས་དང་འོ་བརྒྱལ་ལ་མ་བརྟེན་པ་ཞིག་ཧ་ཅང་དབེན་ནོ། །
དེ་ཡང་མཁན་སྤྲུལ་དོན་གྲུབ་རིན་པོ་ཆེའི་ཞལ་ནས། “མཆོག་སྤྲུལ་ཀློང་ཡངས་རིན་པོ་ཆེས་སྐུ་ཁམས་བདེ་མིན་དང་འོ་བརྒྱལ་ཤིན་ཏུ་ཆེ་མིན་ལ་མ་ལྟོས་པར། རང་རེའི་དགོན་སྡེའི་ནམ་ཡང་ཟད་པ་མེད་ཅིང་། སུ་ཡང་མགུ་མི་སྲིད་ཅིང་། ངོ་མེད་པའི་ལས་འགན་ལ། ཉིན་མཚན་ཀུན་གཅིག་ཏུ་བསྒྲིལ་ཏེ་འབད་རྩོལ་གནང་བཞིན་པ་འདི་ནི། སྐུ་ཕྲེང་གོང་འོག་གཉིས་ཀས་ཐུགས་ངལ་ལ་མ་ལྟོས་པར་ཐུགས་བརྩེ་མཐའ་མེད་པས་རྗེས་སུ་བཟུང་བའི་མངོན་རྟགས་སུ་ཆེ།” ཞེས་གསུངས་པ་ལྟར་བསྟན་དགོན་འདིའི་ཆེད་དུ། བསྙུན་གཞིས་ཟིན་ཅིང་རྒྱུན་དུ་ལྔ་བ་རིན་པོ་ཆེ་ཉིད་ཀྱི་གསོལ་ཟས་དང་ན་བཟའ་སོགས་ཤིན་ཏུ་སྐྱོ་བོ་བྱུང་ནའང་མས་བུ་གཅིག་པོ་ལ་བརྩེ་བ་ལྟར་དཀའ་བ་དང་དུ་བླངས། ངལ་བ་ཁྱད་དུ་བསད་ནས་སེམས་དཔའ་ཆེན་པོའི་མཛད་རྣམ་ཧ་ཅང་མོད་པས་སུག་རིས་འདི་ཙམ་གྱིས་བརྗོད་པར་ག་ལ་སྤོབས་སོ། །《དབུ་མ་འཇུག་པ་》ལས། “རང་ཤ་སྟེར་ལའང་གུས་པར་བྱས་པ་ཡིས། །སྣང་དུ་མི་རུང་དཔོག་པའི་རྒྱུར་ཡང་འགྱུར། །”ཞེས་པ་ལྟར། བདག་ཉིད་ཆེན་པོ་དག་གིས་བསྟན་པ་དང་སེམས་ཅན་གྱི་དོན་དུ་ལུས་སྲོག་ལ་ལྟོས་མེད་བསྩལ་ཐུབ་པ་འདིས། ཐུགས་རྒྱུད་ཀྱི་ཡོན་ཏན་སོ་སྐྱེ་དག་གི་བློའི་སྤྱོད་ཡུལ་མ་ཡིན་པ་དག་ཀྱང་རྗེས་སུ་དཔག་ནུས་པར་གདོན་མི་ཟའོ། །
ཕྱོགས་གཅིག་ནས་གླེང་ན་གྲུབ་རྗེ་ཁོང་ཀློང་ཆེན་སྙིང་ཐིག་གི་བསྟན་པའི་བདག་པོ་ཡིན་ཞེས་ཀྱང་བརྗོད་ཆོག་ལ། རྣམ་པ་གཅིག་ཏུ་ན། བསྟན་དགོན་འདིའི་ཞབས་ཞུ་བ་དང་། ཉེར་གནས་དང་ལས་བྱེད་པ་ཁོ་ནའི་ཚུལ་དུའང་བཞུགས་པ་ལགས་སོ། །དེ་ཡང་ཇི་སྐད་དུ། རྒྱལ་བ་གཉིས་པ་སློབ་དཔོན་དབྱིག་གཉེན་ཞབས་ཀྱིས། “འཇིག་རྟེན་ན་ཟོང་གིས་མ་ཉོས་པའི་བྲན་ཞེས་བརྗོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་དེ་དག་ཡིན་ཏེ། བདག་ཉིད་ཆེན་པོ་དེ་དག་ནི། འབྱོར་བའི་མཆོག་ཁྱད་པར་ཅན་ཐམས་ཅད་བརྙེས་ཀྱང་ཐུགས་རྗེའི་གཞན་གྱི་དབང་དུ་གྱུར་པའི་ཕྱིར་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་ཁྱི་དང་འདྲ་བར་ང་རྒྱལ་མེད་པར་གནས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བརྙས་གནོད་བྱས་པ་ཐམས་ཅད་བཟོད་ཅིང་ངལ་བ་དང་མནགས་པ་ཐམས་ཅད་ཀྱང་ཉམས་སུ་ལེན་པ་ཡིན་ནོ། །”ཞེས་གསུངས་པ་ལྟ་བུའི་དམ་པའི་མངོན་རྟགས་རྣམས་རང་གཤིས་སུ་མངའ་བ་ཞིག་གོ། །ཁོ་བོས་ནམ་ཡིན་ཀྱང་དབྱིག་གཉེན་ཞབས་ཀྱི་ལུང་ཚིག་དེ་ཡིད་ལ་འཁོར་མ་ཐག་ཏུ། བཀའ་དྲིན་མཉམ་མེད་བླ་མ་མཆོག་གི་མཛད་ཚུལ་རྣམས་བློ་ངོར་འཆར་འོང་བ་ནི་དགག་ཏུ་སྤྱོད་པ་ཞིག་མིན་ནོ། །གཞན་ཡང་ཀུན་མཁྱེན་འཇིགས་མེད་གླིང་བའི་རང་རྣམ་ལས། “མཐར་མཛད་པ་བརྟུལ་བར་གྱུར་ཀྱང་ཡང་སྲིད་ངེད་ཀྱི་སར་ཕེབས་ནས་རང་དབང་ཅན་དུ་འགྱུར་བའི་ཐུགས་བསྐྱེད་དགོས་ཞེས་རྐང་བ་ལ་མགོ་གཏུགས་ནས་སོང་།” ཞེས་རྡོ་གྲུབ་ཆེན་གྱིས་ནན་ཞུས་ཕུལ་བར་གསལ་བས་ད་ལྟ་དེའི་ཞུ་འབྲས་ལ་ལོངས་སྤྱོད་པའི་སྐལ་བ་བཟང་བོ་ཐོབ་པར་སྙམ་མོ། །
གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་རིན་པོ་ཆེས། “ཀློང་ཆེན་ནམ་མཁའ་ཡངས་པའི་ཆོས་ཀྱི་མཛོད༎ སྐལ་བཟང་སྐྱེ་དགུའི་གཙུག་ནོར་སྤྲུལ་པའི་སྐུ།། འཆི་མེད་བི་མ་ལ་དང་པདྨ་བཞིན༎ བདེ་ཆེན་རྡོ་རྗེའི་སྐུ་རུ་བཞུགས་གསོལ་འདེབས༎ ཞེས་པ་འདི་ནི་རྡོ་གྲུབ་ཆེན་བཤད་གྲྭའི་མཁན་སྤྲུལ་དག་གི་བཞེད་སྐོང་དུ་གུས་འབངས་ཐུབ་བསྟན་ཉི་མས་སྦྱར་བ་ལགས་སོ། །” ཞེས་གསུངས་པ་དང་།
ཇི་སྐད་དུ། མཁན་སྤྲུལ་དོན་གྲུབ་རིན་པོ་ཆེའི་ཞལ་ནས། “དྲི་མེད་དགེ་བའི་ལྷ་ལམ་ཡངས་པ་ནས། །བསོད་ནམས་བྱེ་བའི་འོད་སྟོང་གཟི་འོད་ཆེ། །མཁྱེན་པའི་རང་གཟུགས་འཇའ་ལུས་རྡོ་རྗེའི་སྐུ། །བདག་ཅག་མགོན་དུ་རྣམ་པར་རྒྱལ་བའི་དྲུང་། །མཆོག་སྐུ་ཡབ་ཡུམ་ཐུགས་བསྐྱེད་མཁྱེན་ནུས་དང་། །བཟོད་པའི་བ་དན་མཐོ་བའི་འཕྲིན་ལས་ཆེ། །ལྷུན་གྱིས་གྲུབ་འབྲས་མཐོང་གྲོལ་གཙུག་ལག་ཁང་། །བསྟན་འགྲོའི་ཆོས་གཞིར་བསྐྲུན་པ་ཨེ་མ་ཧོ། །གཏན་གྱི་མགོན་པོའི་ཐུགས་རྗེའི་ཉི་འོད་དང་། །གང་གི་ངོ་མཚར་མཛད་པའི་འོད་དཀར་མཐུས། །ཐུབ་བསྟན་རིག་པ་འཛིན་པའི་གཙུག་ལག་ཁང་། །ཀུན་བཟང་དགའ་ཚལ་བཞད་འདི་ཨེ་མ་ཧོ། །འདིས་མཚོན་རྣམ་དཀར་དགེ་བ་གང་ཡོད་མཐུས། །བསྟན་འཛིན་ཞབས་བརྟན་བསྟན་པ་དར་ཞིང་རྒྱས། །གཙུག་ལག་ཁང་འདི་བཤད་སྒྲུབ་སྙིང་བོས་ཕྱུག །འགྲོ་ཀུན་རྣམ་མཁྱེན་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་གུས་དོན་གྲུབ་གྱིས་གསོལ་བ་བཏབ་པ་དགེ།” ཞེས་ཕྱི་ལོ་2004ལོར་ཕུལ། དེ་བཞིན་དུ་གཏེར་སྟོན་བདེ་བའི་རྡོ་རྗེས། “གླང་ཆེན་དཔལ་སེང་མིའི་སྤྲུལ་པཿ ཀློང་ཡངས་རིག་འཛིན་རྒྱ་མཚོའི་གཏེརཿ”ཞེས་དགོངས་གཏེར་ལས་སྤྱན་དྲངས་པ་ལྟ་བུས་མཚོན་ཕྱོགས་དུས་ཀུན་ནས་གཟུར་གནས་བློ་ལྡན་དུ་མས་བསྔགས་པའི་མེ་ཏོག་འཐོར་བཞིན་པའོ། །
སྤྱིར་གནའ་མིའི་ཁ་དཔེར། “བོད་གོང་བ་ཅན་དང་ཕྲེང་བ་ཅན། །”ཟེར་བ་ལྟར་ང་ཚོའི་མྱེས་སྲོང་བཙན་ལ་སོགས་པ་དག་ལས་འབྲས་ལ་བརྩི་མཐོང་ཆེ་ཞིང་གནས་ལུགས་ལ་གདེང་འཇོག་ཟབ་པའི་མི་རིགས་ཤིག་ཡིན་ནའང་། དེང་སྙིགས་མ་ལྔ་བདོ་བའི་དུས་སུ་རྒྱལ་གདོན་གྱིས་བརླམས་པའི་སྐྱེ་བོ་དག་གི་ངན་སྤྱོད་དང་ཀུན་རྟོག་ལ་མཐའ་མི་ཟིན་ཅིང་། ལྷག་ཏུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “ཕྲག་དོག་ཁྲག་གིས་མྱོས་པའི་འུ་བཙུགས་སྟག །འཇིགས་པའི་ང་རོ་སྒྲོག་པའི་ཚང་ཚིང་དུ། །གཅིག་པུར་ལུས་པའི་བདེན་པའི་བུ་ཆུང་ལ། །ཤེས་རབ་ཅན་གྱིས་མི་མངོན་དབྱིངས་ནས་གཟིགས། །”ཞེས་པ་ལྟར་ཕྲག་དོག་ཁྲག་གིས་ཆེས་ཆེར་མྱོས་པ་དག་གིས་སྐབས་ལར་རེར་གྲུབ་སྤྲུལ་རིན་པོ་ཆེ་འདི་བ་ཚང་ལ། “བོད་དང་ཐམས་ཅད་མཁྱེན་པ་ཚང་ལ་ངོ་རྒོལ་བྱེད་མཁན་རེད་”ཅེས་སྡིགས་སྨོད་བྱེད་ཅིང་། སྐབས་ལར་རེར་”ཁ་བའི་རྒྱལ་སྲས་”ཞེས་མཚན་གསོལ་ཏེ། འདིའི་ཐུགས་ན་ཁ་བའི་བསྟན་སྲིད་མ་གཏོགས་སྤྱོད་ལམ་རྣམ་བཞི་ཙམ་ཡང་བསྟེན་མ་མྱོང་བའི་ཟོལ་གྱིས་སྒྲོག་གཏམ་སྤེལ་བ་སོགས་འཇིག་རྟེན་ཁ་དཔེར། “མགོ་ལ་ཞྭ་གྱོན་གྱོན་དང་། །རྐང་ལ་ལྷམ་གྱོན་གྱོན། །”ཟེར་བ་ལྟར་བྱས་ཀྱང་། ཇི་སྐད་དུ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། “བདག་གིས་ལུས་ཅན་ཐམས་ཅན་ལ། །ལུས་འདི་ཅི་བདེར་བྱིན་ཟིན་གྱིས། །རྟག་ཏུ་གསོད་དང་སྨོད་པའམ། །བརྡེག་སོགས་ཅི་དགར་བྱེད་ལ་རག །བདག་གི་ལུས་ལ་རྩེ་བྱེད་དམ། །ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང་། །བདག་གི་ལུས་འདི་བྱིན་ཟིན་གྱིས། །འདི་ཡི་ཁ་ཏས་ཅི་ཞིག་བྱ། །”ཞེས་གསུངས་པ་ལྟར་དཀར་འདོན་དང་ངོས་ལེན་ཅི་ཡང་མ་མཛད་པར། དགག་སྒྲུབ་མེད་པར་རང་སར་འབོར་ཐུབ་ཅིང་དེ་འདྲའི་སྐད་ཆ་དག་གསན་ཚེ། ཞལ་འཛུམ་གནང་བ་ལས་ལེགས་ཉེས་ཀྱི་གསུང་ཕྲ་མོའང་མི་གནང་བར་ཐུགས་སྒམ་ཚུགས་བཙུན་པ་ལགས་སོ། །ཇི་སྐད་དུ། “དེ་ཚེ་ཆགས་སྡང་དགའ་སྡུག་དང་། །གློ་བུར་རྣམ་རྟོག་མ་ལུས་པ། །ངོ་ཤེས་ངང་ལ་རྗེས་མཐུད་མེད། །གྲོལ་ཆའི་ཆོས་སྐུ་ངོས་ཟིན་པས། །དཔེར་ན་ཆུ་ཡི་རི་མོ་བཞིན། །རང་ཤར་རང་གྲོལ་རྒྱུན་ཆད་མེད། །ཅི་ཤར་རིག་སྟོང་རྗེན་པའི་ཟས། །ཅི་འགྱུ་ཆོས་སྐུ་རྒྱལ་བོའི་རྩལ། །རྗེས་མེད་རང་དག་ཨ་ལ་ལ། །འཆར་ལུགས་སྔར་དང་འདྲ་བ་ལ། །གྲོལ་ལུགས་ཁྱད་པར་གནད་དུ་ཆེ། །འདི་མེད་སྒོམ་པ་འཁྲུལ་པའི་ལམ། །འདི་ལྡན་མ་བསྒོམས་ཆོས་སྐུའི་ངང་། །”ཞེས་དང་། “དུས་གསུམ་རྒྱལ་བས་ཞལ་བསྡུར་ཀྱང་། །འདི་ལས་ལྷག་པའི་གདམས་ངག་མེད། །རིག་རྩལ་ཆོས་སྐུ་གཏེར་སྟོན་གྱིས། །ཤེས་རབ་ཀློང་ནས་གཏེར་དུ་བླངས། །ས་རྡོའི་བཅུད་དང་འདི་མི་འདྲ། །དགའ་རབ་རྡོ་རྗེའི་ཞལ་ཆེམས་ཡིན། །བརྒྱུད་པ་གསུམ་གྱི་ཐུགས་བཅུད་ཡིན། །”ཞེས་གསུངས་པ་ལྟ་བུའི་མན་ངག་གིས་བདག་རྒྱུད་གྲོལ་བའི་རྟགས་སུ། འཇིག་རྟེན་གྱི་བསམ་སྤྱོད་སྣ་ཚོགས་སྤྲེའུའི་རྩེད་མོ་ལྟ་བུ་ཅི་དང་གང་བྱུང་བར་གླེང་ཡང་། དགག་སྒྲུབ་མེད་པར་རང་སར་བོར་ཏེ་བཟང་ངན་བླངས་དོར་གྱི་རྩིས་མི་གདབ་བོ། །
དེ་བཞིན་དུ་རྡོ་གྲུབ་ཆེན་བཞི་བ་རིན་པོ་ཆེ་དང་གྲུབ་སྤྲུལ་ལྔ་བ་རིན་པོ་ཆེ་འདི་རྣམ་གཉིས་ཀྱིས་དེང་གི་སྤྱི་ཚོགས་ཏེ་བསམ་བློ་ཀུན་སྤྱོད་གང་གི་ཆ་ནས་ཀྱང་ཁྲ་ཁྲ་ཤིག་ཤིག འགྱ་འགྱུར་ཨ་གསར་ཆེ་བ་འདིའི་རྗེས་སུ་མ་བསྙེགས་པར་རང་ཚུགས་དང་རང་ལམ་བསྐྱངས་དྲགས་པས་ཐུ་བྷོད་པ་ཚོས་”རྡོ་གྲུབ་རྡོ་རེད་”ཅེས་བཤད་གོད་པ་རེད། ཡིནའང་བྱང་སེམས་བདག་ཉིད་ཆེན་པོ་དག་ནི་དེ་ལྟར་ངེས་པར་ཡིན་དགོས་ཏེ། སྤྱོད་འཇུག་ལས། “གང་ཚེ་བདག་བསྟོད་ལྷུར་ལེན་པའམ༎ གཞན་ལ་སྨོད་པ་ཉིད་དང་ནི༎ གཤེ་བཅས་འགྱོད་དང་བཅས་གྱུར་པ༎ དེ་ཚེ་ཤིང་བཞིན་གནས་པར་བྱ༎ རྙེད་དང་བཀུར་སྟི་གྲགས་འདོད་པའམ༎ གཡོག་འཁོར་དོན་དུ་གཉེར་འདོད་པའམ༎ བདག་སེམས་རིམ་གྲོ་འདོད་གྱུར་ན༎ དེ་ཚེ་ཤིང་བཞིན་གནས་པར་བྱ༎ གཞན་དོན་ཡལ་བར་འདོར་བ་དང་༎ རང་དོན་གཉེར་བར་འདོད་པ་དང་༎ སྨྲ་བར་འདོད་པའི་སེམས་བྱུང་ན༎ དེས་ནི་ཤིང་བཞིན་གནས་པར་བྱ༎ མི་བཟོད་ལེ་ལོ་འཇིགས་པ་དང་༎ དེ་བཞིན་སྤྱི་བརྟོལ་མུ་ཅོར་དང་༎ རང་གི་ཕྱོགས་ཞེན་སེམས་བྱུང་ན༎ དེ་ཚེ་ཤིང་བཞིན་གནས་པར་བྱ༎ དེ་ལྟར་ཀུན་ནས་ཉོན་མོངས་དང་༎ དོན་མེད་བརྩོན་པའི་ཡིད་བརྟགས་ནས༎ དེ་ཚེ་དཔའ་བོས་གཉེན་པོ་ཡིས༎ དེ་ནི་བརྟན་པོར་གཟུང་བར་བྱ༎” ཞེས་སོགས་ཀྱིས་རྒྱལ་སྲས་རྣམས་ཕྱི་དང་ནང་རྐྱེན་ངན་པར་འཕྲད་ཚེ་ལྗོན་ཤིང་དང་ས་རྡོ་བཞིན་དུ་གཡོ་མེད་བརྟན་པོར་གནས་དགོས་པའི་མན་ངག་འདི་དག་གསུངས་པས་ཀྱང་ཤེས་བཏུབ་པས། མང་དུ་སྨྲ་མི་དགོས་སོ༎
སྐྱེས་བུ་དམ་པ་ཁོང་གི་ངོས་ནས་ཡིད་བཞིན་ནོར་བུ་བཞིན་དུ་རྣམ་པར་མི་རྟོག་པ་ཞིག་ལགས་ཀྱང་། ང་ཚོས་བོད་ཀྱི་ལོ་རྒྱུས་ལ་ཕྱིར་རྟོག་དང་འབྲེལ་བས་འཁྱུག་ཙམ་དཔྱད་ན། ཕྲག་དོག་དང་ཧམ་སེམས་ཀྱི་ངན་སྐྲན་དེ་རྣམས་ལོ་རྒྱུས་ཀྱི་ནག་ཉེས་ཆེ་ཤོས་ཡིན་ཏེ། བསམ་བློ་བ་དང་རྒྱང་མཐོང་བ་ཡིན་པར་སྨྲ་བ་དག་གིས་བརྟག་ལོང་དཔྱད་ལོང་མེད་པར་འུད་སྒྲོག་གི་གཏམ་ལ་གཙིགས་སུ་བཟུང་བས་མཐར་འགྱོད་བཤགས་འབུལ་བའི་གནས་སུ་སླེབས་ཡོད་པ་མི་ཉུང་བ་ཡོད། དེ་ཡང་སྡེ་སྲིད་སངས་རྒྱམ་ལྟ་བུ་ཐུ་བྷོད་པའི་བསྟན་སྲིད་ལ་བཀའ་དྲིན་ཆེ་བ་མི་དམིགས་ཀྱང་མཐར་དབུ་བཅད་པ་མ་ཟད། “ཡིད་སྐྱོ་དགོས་པ་ཞིག་ནི་སྡེ་སྲིད་ཀྱི་དབུ་དང་སྐུ་གདུང་ལ་སུས་ཀྱང་བདག་པོ་བྱེད་མ་ཕོད་པར་ཟླ་གཅིག་ལྷག་ཙམ་རིང་ལུས་”ཞེས་འུ་ཚོའི་ལོ་རྒྱུས་ལས་བྱུང་ཞིང་། གཞན་དཔའ་བོ་ལུང་ཤར་གྱི་མིག་འབྲས་གཉིས་གསོན་བྲུས་བྱས་པ་དང་། མཁས་དབང་དགེ་ཆོས་ཁྲི་མུན་དུ་བཙུད་པ། པཎ་ཆེན་རིན་པོ་ཆེ་རྒྱ་དགའ་མར་སྨྲས་པ་དག་ཀྱང་ཕྲག་དོག་གིས་མྱོས་ཤིང་བོད་ཆེན་པོའི་བསྟན་སྲིད་ལ་གཡོ་ཟོལ་གྱི་མིག་འབྲས་ཀེམ་ཀེམ་གཡོ་བ་དག་གིས་བྱས་པ་ལས་ཅི་ཞིག་ཡིན། ཇི་སྐད་དུ། “ཆོས་སྒོར་ཞུགས་ནས་ཆོས་མིན་སྤྱོད་ཅིང་། །ཆོས་བཞིན་སྤྱོད་ལ་ཁྲེལ་གྱིས་འདེབས་པ། །དུས་ངན་བདོ་བའི་མཐའ་དམག་སྟོང་ལས། །སྙིགས་མའི་སྤྱོད་ཚུལ་འདི་རང་ཐུ་འོ། །ལས་ངན་དུད་འགྲོས་ལུས་མང་འདོར་ལ། །དུས་ཀྱི་མཐའ་ཞེས་ཐམས་ཅད་སྔངས་ཀྱང་། །ངན་འགྲོར་ལྟུང་བྱེད་དུས་ངན་མ་ལགས། །དུས་ངན་དངོས་ནི་སྤྱོད་ངན་ལགས་སོ། །”ཞེས་རྫ་དཔལ་དགེ་རིན་པོ་ཆེས་གསུངས་པ་ལྟར་ཡིན་ནོ༎
སྤྱིར་ཆོས་འཇིག་རྟེན་མཐའ་དག་ནས་ཀུན་ཡིད་ཚིམས་པ་ཞིག་ནི་དཀའ་སྟེ། རྒྱལ་སྲས་ཞི་བ་ལྷས། “རྒྱལ་བས་ཀྱང་ནི་མ་མགུ་ན༎ བདག་འདྲ་རྨོངས་པས་ག་ལ་ཞིག།” ཅེས་དང་། རིག་འཛིན་ཆེན་པོ་འཇིགས་མེད་གླིང་བས། “ཆོས་གཙོར་བཞག་ནས་བྱ་ལམ་བསྒྲུབས་ན་ཡང་༎ འཇིག་རྟེན་མ་ཤེས་བྱ་བྱེད་ནོར་ཞེས་ཟེར༎ ཅུང་ཟད་བསྟུན་ན་མཐུན་འཇུག་ཆེ་ཞེས་སྨྲ༎ དུས་ངན་འཁོར་བ་བསམ་བཞིན་སྐྱོ་བ་འཕེལ༎”ཞེས་དང་། རྡོ་གྲུབ་ཆེན་སྐུ་ཕྲེང་གསུམ་པས། “ཐུབ་པ་ཆགས་བྲལ་ཞི་བའི་མཐར་སོན་པའང་༎ འདུ་འཛི་སྤངས་ནས་བྱང་ཆུབ་མཆོག་བརྙེས་ན༎ ཉེས་བརྒྱས་རྨས་པ་བདག་ཅག་ཆགས་སྡང་གི། །ཡུལ་ངན་ནང་དུ་དགེ་བ་ག་ལ་འཕེལ༎”ཞེས་གསུངས་པ་ལྟར་རོ༎ འདི་དག་ནི་ཞར་བྱུང་ངོ་། །
ཆོས་དང་འཇིག་རྟེན་གང་ལའང་གཟིགས་རྒྱ་ཡངས་ཤིང་ལེགས་ཉེས་རྣམ་འབྱེད་ཀྱི་རྣམ་དཔྱོད་བདོག་པའི་ངེས་དོན་གྲུབ་པའི་དབང་ཕྱུག་ལྔ་བ་རིན་པོ་ཆེ་ཉིད་ཀྱི་བཀའ་སློབ་གང་གི་སྐབས་སུའང་། ཞལ་ཏ་བསླབ་བསྒོ་ཅི་འདྲ་བྱས་ཀྱང་། སྔོན་གྱི་དཔལ་མཉམ་མེད་ཤཱཀྱའི་དབང་བོ་དང་། རྗེ་བཙུན་མི་ལ་རས་པ། དགེ་བཤེས་གླང་རི་ཐང་བ། ཀུན་མཁྱེན་ཀློང་ཆེན་ཡབ་སྲས། གྲུབ་རྗེ་སྐུ་ཕྲེང་རིམ་བྱོན། མཁན་ཆེན་རྣམ་བཞི་སོགས་ཀྱི་ཐོས་པ་སློབ་གཉེར། གཞན་དོན་ཁུར་ཁྱེར། དམ་ཆོས་ཉམས་བཞེས་སོགས་ཀྱི་རླབས་ཆེན་མཛད་རྣམ་དཔེ་འདྲེན་གནང་སྟེ། “སྔ་དྲོ་བླ་མའི་རྣམ་ཐར་དེ། ཕྱི་དྲོ་སློབ་མའི་ཉམས་ལེན་ལ་འོང་བ་ཞིག་ཅིས་ཀྱང་དགོས།” ཞེས་ཡང་དང་བསྐྱར་གྱིས་ཕྱོགས་དུས་ཀུན་གྱི་འདུས་སྡེ་དང་མང་ཚོགས་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་གནང་ཞིང་། ཉིད་ཀྱིས་ཀྱང་དོན་དང་མཐུན་པར་སྤྱོད་ཅིང་། རྟག་ཏུ་གཅོམ་སྐྱུང་ཚུལ་མཐུན་སྒོས་”ཆོས་པ་རྣམ་དག་ཅེས་པ་དེ་འདི་འདྲ་དང་དེ་འདྲ་ཡིན། རང་རྒྱུད་ལ་ཐོས་བསམ་གྱི་ཡོན་ཏན་སྣ་རེ་མ་འགོས་གོང་ནས་ཆོས་བརྒྱད་ཀྱི་བྲན་དུ་རྒྱུག་པ་འདི་རང་གིས་རང་བསླུས་ཤིང་། ཆོས་མ་འགྲུབ་གོང་ནས་བདུད་འགྲུབ། ཅེས་པ་དེར་སླེབས་ཟིན་པ་རེད།” ཅེས་གྲུབ་རྗེ་བླ་མའི་གསུང་འབའ་ཞིག་ལ་ཐུགས་དམ་གནང་ཞིང་གཙིགས་སུ་མཛད་དེ་གདམས་ངག་སྣེ་གཅིག་གི་སྟེང་ནས་འདུས་སྡེ་ཚུགས་པ་ལགས་སོ། །ཕྲིན་ལས་ཀྱི་འཇུག་པ་ཡོད་ཚད་བླ་མས་བཀས་གནང་བ་ཤ་སྟག་ཏུ་སྤྱོད་ལ། སྒོས་སུ་”ཆོས་སྲིད་དར་གྱི་མདུད་པ་འཇམ་ལ་དམ་པས་སྐྱོང་མཁས་པས་ཡུལ་མི་ཐམས་ཅད་རང་བཞིན་གྱིས་དུལ་ནས། རྗེ་བྱམས། འབངས་སྐྱིད། ཡུལ་འཇམ། གོང་འོག་བརྩི་འཚོས་འབྲེལ་བས་ཡུལ་ཁམས་རྒན་མོ་གསེར་ཁུར་ལྟར་སྤྱོད་”ཅིང་གྲུབ་རྗེ་སྐུ་ཕྲེང་གསུམ་པའི་《དགེ་བཅུ་གྲངས་ལྡན་གྱི་བཅའ་ཁྲིམས་》ལས་བྱུང་བ་ལྟར་ལྷ་ཆོས་དགེ་བ་བཅུ་རྒྱུན་སྲོལ་དུ་གོམས་པ་ཞིག་བྱུང་ངོ་། །
གྲུབ་རྗེ་ཁོང་གིས་རྨོག་གསར་སྤྲུལ་སྐུ་ལ་འདི་སྐད་དུ། “སྐྱེ་བོ་གང་མང་ཞིག་གིས་མི་ཚེ་འདི་ཙམ་རྩལ་དུ་བཏོན་ནས་འབད་པ་བྱེད་ཀྱིན་འདུག་སྟེ། ངས་བལྟས་ན་མི་ཚེ་གང་བོ་འདི་ཧ་ཅང་ཐུང་ཐུང་ཞིག་རེད། མིག་ཅིག་རྡེབ་ཡུན་ཙམ་རེད། འདི་ལ་དཀའ་ལས་རྒྱག་རིན་དང་རྩོལ་སྒྲུབ་བྱེད་རིན་ཅིག་མི་གདའ། སྐྱེ་བ་ཕྱི་མ་དག་ནི་ཧ་ཅང་ལམ་ཐག་རིང་བོ་ཞིག་དང་། དེའི་ཆེད་དུ་ད་ལྟ་ཉིད་ནས་མ་འབད་ན་ཕྱིས་སུ་གོ་སྐབས་དང་ཁོམ་ལོང་ཡོད་ས་ཞིག་ཡིན་པ་རྩ་བ་ནས་མཐོང་མི་ཐུབ་ཀི། འུ་ཚོ་སུ་དང་གང་ཞིག་ཡིན་ཀྱང་ང་ཤི་དགོས་སྙམ་པ་དང་། སྐྱེ་བ་ཕྱི་མ་དག་ནི་ཅི་འདྲའི་མཐའ་མི་དཔོག་པ་ཞིག་ཡིན་པ་སེམས་ལ་ས་ལེར་ཡོད་པ་དང་། དེར་ཡིད་ཆེས་དང་། ནམ་ཡང་རང་གིས་རང་ལ་དྲན་སྐུལ་བྱེད་པ་ནི་མ་མཐའི་ཆ་རྐྱེན་དུ་འདུག་”གསུངས་པ་དང་། ཡང་”སྤྲུལ་སྐུ་ཞེས་པ་འདིའི་མིང་ཐོབ་ཚར་ནས་བཟུང་མི་ཚེ་གང་བོ་རང་ཉིད་ལ་སྐར་ཆ་གང་ཡང་མི་དབང་བར་མཐའ་གཅིག་ཏུ་བསྟན་དགོན་གྱི་ཆེད་དུ་འབུལ་དགོས་པ་ཞིག་ཡིན་པ་ངའི་མི་ཚེའི་ཉམས་མྱོང་སྟེང་ནས་ཚོར་བ་ཞིག་ཡིན་”ཅེས་སོགས་གསུངས་པས་མཚོན་ནམ་ཡང་སེམས་ལ་སྨན་ཅིང་ཁོང་ཉིད་ཀྱི་སྤྱོད་ལམ་གྱི་སྟེང་ནས་མངོན་པའི་ཞལ་གསུང་བཅུ་དྲུག་གསེར་བཟང་བཙོ་མའི་རྗེས་སུ་བྱེད་པ་དག་ལས་ལྡན་རྣམས་ཀྱི་སྐལ་བར་གྱུར་ཏོ། །
སྔོན་གྲུབ་རྗེ་སྐུ་ཕྲེང་ཐོག་མ་ནས་ད་ལྟ་གྲུབ་དབང་རིག་འཛིན་རྒྱ་མཚོའི་དབར་རྡོ་གྲུབ་ཆེན་སྐུ་རབས་ལྔའི་རིང་ལ། གྲུབ་ཆེན་བླ་ཡག་གི་རྒན་དར་གཞོན་གསུམ་སུ་ཡིན་ཡང་བླ་མ་གྲུབ་ཆེན་ཚང་ལ་ཁ་ཞེ་གཉིས་མེད་ཀྱིས་དད་སྟོབས་ཆེ་ཞིང་། ཐ་ན་རྒན་མོ་མཐའ་འདུག་ཅིག་ཤི་ནའང་འཆི་བ་ལ་འཚེར་སྣང་བྲལ་ཞིང་”བླ་མ་དེ་དང་དེ་ལྟ་བུ་འབྱོན་ནས་འདུག་གོ་”སོགས་ཟེར་ནས་འཕོ་རྟགས་ཐོན་པ་དང་། རང་བསྲེལ་བབ་པ་བཅས་ནི་ཉུང་ཉུང་མིན་པས་ཀྱང་ཆོས་དང་བརྒྱུད་པ་འདི་ལ་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་མྱུར་བ་ཞིག་ཡོད་པར་དཔོག་ནུས་སོ། །
གཞན་སྔ་ཕྱིར་རིག་འཛིན་ཆེན་པོ་༧ཀུན་མཁྱེན་འཇིགས་མེད་གླིང་བའི་དགོངས་གཏེར་གྱི་ཆོས་སྡེ་སྙིང་ཐིག་དུམ་གཉིས་ཀྱི་གཙོས། ཐུགས་རྗེ་ཆེན་པོ་འོད་དཀར་མཐའ་ཡས། རྡོར་སེམས། དཔག་མེད་མྱུར་ལམ། སྙན་རྒྱུད་ཕུར་བ། ཐོས་གྲོལ་སོགས་དབང་གི་སྐོར་དང་། དཔལ་སྤྲུལ་སྔོན་འགྲོ་སོགས་མན་ངག་གི་སྐོར་ཏེ་ཟབ་གསང་ཆོས་ཀྱི་འཁོར་ལོ་རྡོ་གྲུབ་ཆེན་དགོན་སོགས་གནས་ངེས་མེད་དུ་ལན་གྲངས་དུ་མར་བསྐོར་བས། གསུང་སྐྱེས་སློབ་མའི་ཚོགས་ཀྱང་། རིམ་གཉིས་སྒོམ་པའི་རྣལ་འབྱོར། བསྟན་གནས་སྐྱོང་བའི་བླ་སྤྲུལ། འདུལ་བ་འཛིན་པའི་མཁན་པོ། ལུགས་གཉིས་མཁྱེན་པའི་མཁས་པ་སོགས་བགྲང་ལས་འདས་པ་སྐྱེད་སྲིང་གནང་བས་བསྟན་པ་རིན་པོ་ཆེ་ལ་ཞབས་ཞུ་ཟླ་མེད་བསྒྲུབས་དང་སྒྲུབ་བཞིན་པའི་ངང་སྐུ་འཚོ་ཞིང་གཞེས་པ་ལགས་སོ། །ད་དུང་ཡང་བསྐལ་པ་རྒྱ་མཚོར་ཞབས་པད་མི་ཤིགས་རྡོ་རྗེའི་གཤིས་སུ་བརྟན་པར་གསོལ་བ་ལན་བརྒྱར་འདེབས་སོ། །
དེ་ལྟར་རྟོགས་པ་བརྗོད་པའི་བྱིན་རླབས་ཀྱིས། །གཉུག་མ་དོན་གྱི་རང་ཞལ་མངོན་གྱུར་ཏེ། །སྒྲིབ་དག་ཚོགས་རྫོགས་སྐུ་བཞིའི་གོ་འཕང་ལ། །བཀོད་དེ་སྲིད་མཚོ་དོང་ནས་སྤྲུག་པར་ཤོག །
ཅེས་ཀློང་ཆེན་སྙིང་ཐིག་གི་བསྟན་པའི་ལྷག་ཞབས་སུ་སྐྱེས་ཤིང་། ༧རྡོ་གྲུབ་ཆེན་རིན་པོ་ཆེ་ཟུང་གི་ཞབས་རྡུལ་སྤྱི་བོས་ལེན་པའི་སྐལ་བ་སྦོམ་པོ་ཅན་གུས་འབངས་སྤྱང་ཤུལ་བ་འཇམ་དབྱངས་ཤེས་རབ་ཀྱིས་བྱུང་བ་དངོས་འབྲེལ་གྱི་མི་སྣའི་ངག་སྒྲོས་ཁུངས་དག་ལ་གཞི་བྱས་ཏེ། རང་དང་། སྐལ་མཉམ་གཞན་དག་གི་དད་གུས་ཀྱི་རྟེན་དང་། ལོ་རྒྱུས་ཀྱི་དཔྱད་གཞི་ཙམ་ལ་རེ་ཞིང་། ལྷག་ཏུ་གྲུབ་རྗེ་ལྔ་བ་རིན་པོ་ཆེ་ལྟ་བུའི་གསང་གསུམ་གྱི་ཡོན་ཏན་རྣམས་ནི་ལུས་ངག་གི་རྟགས་ལས་ཅུང་ཙམ་དཔོག་པར་བྱེད་པ་ལས་ང་ཚོའི་བསྒོ་སྐལ་དུ་འགྱུར་དཀའ་ནའང་། དངོས་བྱུང་གི་མཛད་པ་དག་ནི་གཞན་གྱིས་གཡོ་ཟོལ་དང་སྒྲོ་སྐུར་བྱེད་པ་ལ་ལྟོས་ན། འཇིག་རྟེན་ཁ་དཔེར། “གོས་གོང་བ་བཞིན་དུ་འགྲོགས། །རྩིབས་གུ་རྩིབས་མ་བཞིན་དུ་གཤིབས་”ཟེར་བ་ལྟར་ཆ་ཡོད་རྒྱུས་ཡོད་ཡིན་ཅིང་། མི་ངོ་ལོན་ལོན་གྱིས་ཚེ་ཕྱི་མ་རླུང་ལ་སྐུར་མི་ཉན་པའང་དམ་ཆོས་གླེགས་བམ་ལས་ཉུང་ཟད་མཐོང་བ་རྣམས་བཟང་དུ་རེ་ནས་ཕྱི་ལོ་2011.2.16 བོད་རབ་གནས་ལྕགས་སྟག་ཟླ་12ཚེས་13ཉིན་རྫོགས་པར་མཇུག་གྲུབ་པར་བགྱིས་ཤིང་། ཕྱིས་སུའང་དག་པར་བཅོས་ཤིང་གཏན་ལ་ཕབ་པ་ཀུན་ཏུ་དགེ་བར་གྱུར་ཅིག
ཚ་བ་མདའ་སྨྱུག་འམ་། “ཚོགས་མཐའ་དག་ལ་ཡིད་སྨོན་ཅུང་ཟད་ཙམ་ཡང་མི་སྐྱེ་བར་མགོའམ་གོས་ལ་མེ་ཤོར་བ་ལྟ་བུའི་བྲེལ་འཚབ་ཀྱི་སྒོ་ནས་ཐར་པའི་ཕྱོགས་སུ་རྒྱུག་དགོས་པ་དང་། ཚོང་དང་སོ་ནམ་སོགས་དོན་ཆུང་ཚེ་འདིའི་ལས་ལ་མགོ་འཁོར་བ་ནི་ཕྱུགས་ལས་ཀྱང་ལོད་པའི་ཕྱུགས་རང་ཡིན་པ་དང་། འཕྲལ་གྱི་ལྟོ་གོས་ཙམ་ནི་དུད་འགྲོས་ཀྱང་རྙེད་བཞིན་ཡོད་པས་འཇིག་རྟེན་འཚོ་ཐབས་ཀྱི་ཕྱོགས་ལ་ཕོ་རྒོད་པས་ནིོ་རྒོད་པའི་གོ་ཅུང་ཟད་ཀྱང་མི་ཆོད་པ་དང་། ད་རེས་ཀྱི་མི་ལུས་འདི་ནི་བསྐལ་པ་བརྒྱ་ཡི་ནང་ནས་གོ་སྐབས་ལན་གཅིག་ཁོ་ན་ཡིན་པས་འཇིག་རྟེན་འཁོར་བའི་འདུན་མ་ཡོད་ཚད་ཆེ་བཞག་ཆུང་བསྐྱུར་བྱས་ཏེ་ཟས་སྲོག་འཚོ་དང་། གོས་ལྷགས་སྐྱོབ་ཙམ་ཞིག་བསྟེན་ནས་དཀའ་ཐུབ་དང་སྒོམ་བཟླས་ཁོ་ནར་བརྩོན་དགོས་པ་དང་། འཆི་རྐྱེན་མང་ཞིང་འཚོ་རྐྱེན་ཉུང་བའི་མི་ཚེ་འདི་ནི་དྲག་རླུང་
“ཁྲོད་ཀྱི་མར་མེ་ལྟར་ད་ཡོད་ད་མེད་ཡིན་པས་སང་ཉིན་ཕན་ཆད་གསོན་པོར་སྡོད་པའི་རྩིས་གཏན་ནས་བརྒྱབ་མི་རུང་བ་དང་། དེང་སང་ནི་ལྟ་བའི་སྙིགས་མ་དང་། ཚེ་ཡི་སྙིགས་མ་དང་། སེམས་ཅན་སྙིགས་མ་སོགས་སྙིགས་མ་ལྔ་མཚོ་རྡོལ་རྡོལ་དང་རི་ལུག་ལུག་བྱེད་པའི་དུས་ཡིན་པས། དུས་ངན་འདི་འདྲ་ཞིག་ལ་རང་རེ་མི་ཡུལ་འདིར་སླེབ་པ་ནི་སྟབས་མ་ལེགས་པ་ཞིག་དང་། ལམ་འགྲོ་མ་རྒྱུགས་པ་ཞིག ལན་ཆགས་ཤིག ནོར་འཁྲུལ་ཞིག ཆགས་སྒོ་ཞིག ཕམ་ཁ་ཞིག་གྱོང་གུད་ཞིག་ལས་རིན་ཐང་དང་དོན་སྙིང་སྤུ་ཙམ་ཡང་མེད་པ་དང་། ད་ནས་མི་རིང་བར་ནད་ཀྱི་བར་གྱི་བསྐལ་པ་དང་། མུ་གེའི་བར་གྱི་བསྐལ་པ་དང་། མཚོན་གྱི་བར་གྱི་བསྐལ་པ་བཅས་དུས་ངན་བསྐལ་པའི་ཁུགས་སོ་དེ་ཚེས་རྒྱུ་ཡིན་པས་མིའི་རིགས་ཀྱི་མ་འོངས་པའི་ལས་དབང་ནི་ཡ་ང་ཞིག་ཡིད་མུག་དགོས་པ་ཞིག་ཡིན་པ་དང་། དུས་ངན་ཚེ་ལོ་བཅུ་པ་དེ་ལས་རེ་ཞིག་གཡོལ་འདོད་ན་ཐབས་ཤེས་གཅིག་རང་ཡོད་པ་ནི། མདུན་སྐྱོད་ཀྱི་གོམ་མཚམས་རྦད་དེ་བཞག་ནས་ནུས་ཤུགས་ཡོད་རྒུས་ལྟག་ལོག་བརྒྱབ་རྒྱུ་སྟེ། གནའ་རབས་ཀྱི་མེས་པོ་ཚོས་བཞག་པའི་ལམ་དང་ལུགས་སྲོལ་རྣམས་སྲུང་སྐྱོབ་བྱས་ཏེ་དེའི་ནང་དུ་འཛུལ་རྒྱུ་དང་། གནའ་རབས་ཀྱི་མཛངས་མི་ཚོས་གསུངས་པའི་ལེགས་བཤད་དག་བརྗེད་དུ་མི་འཇུག་པར་ངག་ནས་བསྐྱོར་རྒྱུ་དང་། གནའ་རབས་ཀྱི་མཁས་པ་ཚོས་གནང་བའི་གདམས་ངག་རྣམས་བཅོས་བསླད་མེད་པར་སྙིང་ལ་འཇོག་རྒྱུ་དང་། གནའ་རབས་ཀྱི་སྟོན་པ་ཚོས་གཏན་ལ་ཕབ་པའི་གྲུབ་མཐའ་དག་ལ་ཐེ་ཚོམ་མི་ཟ་བར་ཡིད་ལ་བསྒོམ་རྒྱུ་དང་། གནའ་རབས་ཀྱི་སྐྱེས་ཆེན་ཚོའི་མཛད་སྤྱོད་ལ་སྐྱོན་རྟོག་མི་བྱེད་པར་དག་སྣང་སྦྱང་རྒྱུ་དང་། མདོར་ན་ཡོད་ཚད་ལ་གནའ་རབས་ཚད་ཤིང་བཞག གནའ་རབས་ལ་མིག་དཔེ་ལྟ། གནའ་རབས་ལ་ལད་ཟློས་བྱེད། གནའ་རབས་ཚང་གཙུག་ཏུ་བཀུར། གནའ་རབས་ཉིད་ངག་ནས་བཟླ། གནའ་རབས་རང་ཡིད་ལ་བསྒོམ། གནའ་རབས་ཁོ་ནར་སྐྱབས་སུ་འགྲོ་དགོས་པ་དང་། འདས་ཟིན་པའི་གནའ་རབས་ཀྱི་དུས་དེ་ནི་རྫོགས་ལྡན་ཕུན་ཚོགས་ཀྱི་དུས་ཡིན་པས་རེ་བ་དང་ཡིད་ཆེས། སྤྲོ་“སྣང་དང་མོས་པ་ཡོད་ཚད་འདས་ཟིན་པའི་གནའ་རབས་ཀྱི་དུས་དེར་སྒོམ་དགོས་པ་དང་། ཤི་ཟིན་པའི་གནའ་རབས་ཀྱི་མི་བོ་ཆེ་རྣམས་ནི་པཎ་ཊི་ཏ་དང་། གྲུབ་པའི་དབང་ཕྱུག ཚད་མའི་སྐྱེས་བུ་དང་། ཐམས་ཅད་མཁྱེན་པ་ཤ་སྟག་ཡིན་པ་དང་། ང་ཚོ་ནི་ཁོང་རྣམ་པའི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཙམ་ཡང་མ་རག་པའི་ལས་ངན་བསོད་ཟད་སྐལ་ཆད་ཐོད་སྐམ་རྐྱང་རྐྱང་ཡིན་པ་དང་། ད་ནས་བཟུང་ང་ཚོས་ཤི་ཟིན་པའི་སྐྱེས་ཆེན་ཁོང་རྣམ་ཚོར་མྱ་ངན་གྱི་སྒོ་ནས་འོ་འདོད་འབོད། སྐྱོ་སྣང་ཆེན་པོས་སྨྲེ་སྔགས་འདོན། ཞལ་གཟིགས་གནང་བའི་འདུན་པ་བཅངས། ལུང་བསྟན་བརྒྱབ་པའི་རྟེན་འབྲེལ་བསྒྲིག བྱིན་རླབས་སྩོལ་བའི་སྙན་ཞུ་འབུལ། རྗེས་སུ་འཛིན་པའི་གསོལ་བ་འདེབས། འདུ་འབྲལ་མེད་པའི་སྨོན་ལམ་བརྒྱབ། ཐུགས་ཡིད་འདྲེས་པའི་ཐབས་ལམ་འཚོལ་དགོས་པ་དང་། ཁོང་རྣམ་པས་ང་གཟིགས་པ་ཞིག་ང་ཚོས་མི་མཐོང་། ཁོང་རྣམ་པས་མ་གསན་པ་ཞིག་ང་ཚོས་མི་གོ ཁོང་རྣམ་པས་མ་གསུངས་པ་ཞིག་ང་ཚོས་མི་འཁྱོལ། ཁོང་རྣམ་པ་“མ་ཕེབས་པའི་ས་དེར་ང་ཚོ་མི་སླེབ། ཁོང་རྣམ་པས་མ་གནང་བའི་ལས་དེ་ང་ཚོས་མི་འགྲུབ། ཁོང་རྣམ་པས་མ་དགོངས་པ་ཞིག་ང་ཚོས་མི་ཤེས་པ་དང་། ང་ཚོ་སྡུག་ཚོད་སྣ་རྩེ་ནས་བཟུང་སྟེ་འགྲོ་ཤེས་འདུག་མཁས་བྱ་དགོས་པ་ལས། མི་མཁས་མཁས་མདོག་དང་། མི་འཇོན་འཇོན་མདོག་གི་གསར་བཤད་དང་གསར་གཏོད་སོགས་བྱ་མི་རུང་བ་དང་། སྙིང་པ་དོར་ནས་གསར་པ་འཚོལ་དགོས་ཟེར་མཁན་གྱི་མི་དེ་ཚོ་ལྟ་ལོག་དང་། གཏམ་དེ་གྲས་ལྟས་ངན་ཡིན་པས་དེ་དག་ལ་དགྲ་ལྟར་ཞིང་དུག་ལྟར་འཛེམས་དགོས་པ་དང་། དེ་ལྟར་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་བརྒྱབ་བཤིག་བརྒྱབ་སྟེ་བསྡས་ན་ད་གཟོད་རྒྱ་མཐོངས་ནང་གི་ཉི་ཐིག་ཙམ་གྱི་གནས་སྐབས་འཕེལ་བདེ་ཞིག་ཡོང་རེ་ཡོད་པ་དང་། དེ་མིན་གོམ་གང་མདུན་ལ་སོང་ན་ཐུག་རྒྱུ་མུན་ནག་དང་གཡང་ས་འབའ་ཞིག་ཡིན་པ་སོགས་རང་གིས་ཡིད་ལ་བསྒོམ་ཞིང་གཞན་ལ་བསླབ་བྱ་བརྒྱབ་བཞིན་ཡོད་པ་རེད། འདི་ལྟར་འཇིག་རྟེན་དང་། མི་ཚེ། འབྱུང་འགྱུར་བཅས་ལ་ཡིད་ཆེས་རྩ་བ་ནས་བརླག་པའི་“རིག་གཞུང་གང་དེའི་བྲན་འབངས་སུ་གྱུར་པའི་མི་རིགས་ཤིག་ལ་སོ་སོའི་མི་ཚེ་དང་། མིའི་རིགས་ཀྱི་མ་འོངས་པའི་ཆེད་དུ་ནུས་ཤུགས་འདོན་པའི་སྤྲོ་སྣང་ཡོད་སྲིད་དམ། སྤྱིར་ཤར་ཕྱོགས་ལྐོག་རྒྱུར་རིང་ལུགས་པས་བསམ་གཞིག་གི་མདའ་ཁ་འཁྲུལ་སྣང་དང་མི་མངོན་པའི་དབྱིབས་སུ་གཏད་དེ་མིག་མདུན་གྱི་དོན་དག་ལ་ཁ་ཡ་ཡག་པོ་ཞིག་བྱ་མྱོང་མེད་ལ། སྒོས་གངས་ཅན་བོད་པའི་མི་རིགས་འདིས་མིག་གིས་རྒྱབ་ཏུ་བལྟས་ཤིང་རེ་བ་གཤིན་པོ་ལ་བཅོལ་ནས་བསྡད་པས། ད་གཟོད་དེང་སང་ཁ་ནུབ་གླིང་། སྣ་ནུབ་གླིང་ཟེར་ནས་འགྲམ་ཆུ་ལྷུག་ལྷུག་ཏུ་བཞུར་དགོས་པའི་གནས་བབ་འདི་འདྲ་ཞིག་ཏུ་ལྷུང་བ་ཡིན་པར་འདོད་དོ། །
ཧ་ཅང་གི་ཡག་པོ་འདུག། མངོན་པར་བསྟོད་དོ་།