བོན་རྒྱ་བསྟན་འཛིན་རབ་རྒྱས།
གཅིག སྔོན་འགྲོའི་ངུ་ངག
རྣམ་དཔྱོད་དང་སྐྱེས་སྦྱངས་ཤེས་རབ་ཀྱིས་ན་མཉམ་གྱི་རྒྱ་ནག་པ་ཚོ་རྗེས་སུ་བསྐྱུར་ནས་གྲག་ཡོང་གིན་པ་ཚོར། ངས་”རྡོ་བཀད་ནས་སྐྱེ་བཞིན་པའི་གངས་ལྷ་མེ་ཏོག་”ཅེས་འབོད་ཀྱི་ཡོད། ཁོ་ཚོ་མཐོང་ཐེངས་རེར་༼ཤུག་སོན་ཕ་བོང་༽ཞེས་པའི་སློབ་ཚན་དང་དེའི་འདྲ་པར་མིག་ལ་མངོན་ཡོང་གི་འདུག ཁོང་ཚོའི་སྐད་གྲགས་ནི་རྒྱ་གཞུང་གི་རྣམ་གྲངས་ཀྱིས་བཟོས་པའི་སྐད་གྲགས་མ་རེད་ལ། རྒྱ་གཞུང་གིས་ཆེད་མངགས་ལག་ཆར་བཟོས་པའི་སྐད་གྲགས་ཀྱང་མ་རེད། དེ་དག་ནི་རྒྱལ་མཆོག་ཐམས་ཅད་མཁྱེན་པའི་གཟི་བྱིན་དང་བོད་ཀྱི་ཉམ་ངའི་གནས་བབ་ལ་དམིགས་པའི་སྙིང་རྗེས་གནང་བའི་སྐད་གྲགས་ཀྱང་མ་རེད། ཁོང་ཚོ་མི་བུ་རང་རང་གི་ཤེས་རབ་དང་རྣམ་དཔྱོད། འབད་བརྩོན་གྱི་རྔུལ་ཆུར་བརྟེན་ཏེ་ཡར་ལངས་ཤིང་། ལྗིད་ལ་རྩུབ་པའི་རྡོ་ཕ་བོང་གིས་མནན་ཡང་མ་ནོན་པར་རྡོ་བཀད་
ནས་སྐྱེས་པའི་གངས་ལྷ་མེ་ཏོག་རྐྱང་རེད། དཔེར་ན། ལུས་རྩལ་བ་ཆོས་དབྱིངས་སྐྱིད་ཀྱིས་ལོ་ཌོན་ཨོ་ལིམ་ཕིག་གི་འདུར་རྒྱུག་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་ལོན་པ་ད་ལོར་ཁྱབ་བསྒྲགས་བྱས་ཏེ། ཨོ་ལིམ་པིག་གི་རྟགས་མ་དང་དེའི་དངུལ་དོད་སོགས་ཐོབ་ཀྱང་། རྒྱ་ནག་གི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཆེ་བསྟོད་མཛད་སྒོ་དང་དངུལ་དོད་སོགས་ད་དུང་ཐོབ་མེད་པ་དང་། དེ་བཞིན་རྒྱལ་སྤྱིའི་ཤུགས་རྩལ་འགྲན་བསྡུར་བ་སྐོར་ཞིག་བྱུང་བ་དང་། གླུ་བའི་སྡེ་རུའང་གཞོན་སྐྱེས་མང་པོ་ཞིག་སྔ་ཕྱིར་ཐོན་ཡོད། ཚང་མས་བོད་ཀྱི་ལྭ་བ་རེ་གོན་ཐབས་དང་། རོལ་ཆས་རེ་འཁུར་ཐབས ཐ་ན་དབྱིངས་ཀྱི་འགྱུར་ཁུགས་རེ་རེའི་ལམ་ནས་ཀྱང་བོད་ཅེས་པའི་ཆ་ཤས་རེ་མངོན་ཐབས་སུ་འབད་པ་ལྷུར་ལེན་བྱེད་ཀྱིན་པ་མངོན་གསལ་ཡིན་པས། ངེད་མངོན་སུམ་ལ་བསྙོན་ནས་འགྲེལ་ལོག་བྱེད་མི་ཕོད། འདི་དག་ལ་ཤེས་ཡོན་པ་དང་ཆབ་སྲིད་པ་ཡིན་ཟེར་མཁན་ཚོས་རྒྱ་ནག་གི་ལག་ཆར་དོགས་པའི་ཚུལ་གྱིས་དང་ལེན་བྱེད་ཀྱི་མེད། ཁ་ཤས་ཀྱིས་གཞོན་སྐྱེས་ཚོ་ལས་རིགས་སླ་ཤོས་ལ་དབྱིངས་འཕར་བཅུག་ནས་རིག་གནས་ཀྱི་གཞི་རྐང་དང་དཀའ་གནད་ལ་འབད་བརྩོན་གྱི་འདུན་པ་ཉམས་འཇུག་པའི་གླེང་ཕྱོགས་ཀྱང་བཟོས་མྱོང་། ཡིན་ནའང་། རྣམ་གྲངས་དང་གཟན་གྱིས་མ་བཟོས། དམིགས་བསལ་དང་སྙིང་རྗེས་མ་གནང་བའི་ཁོང་ཚོའི་འཇོན་ཐང་དེ་ངོམ་པར་འོས་པ་ཡིན། ཁོང་ཚོ་རང་སྟོབས་འབའ་ཞིག་གིས་ལངས་པ་རེད། ཁོང་ཚོ་གུས་པར་འོས་པ་ཡིན། གཅེས་པར་འོས་པ་ཡིན། ཡི་རངས་པའི་གནས་ཡིན། ངའི་སེམས་ཀྱི་གཅེས་ཕྲུག་ཤ་སྟག་ཡིན།
རྒྱ་ནག་ནང་ཁུལ་ཙམ་མིན་པར་མཐུན་སྒྲིལ་དང་མཛའ་བརྩེ། འགྲོ་བ་མིའི་ཐོབ་ཐང་རྩ་དོན་དུ་བཟུང་བའི་རྒྱལ་སྤྱིའི་སྡིངས་ཆ་དང་། འཛམ་གླིང་རང་བཞིན་གྱི་ཆེ་བསྟོད་གཟེངས་རྟགས་དང་། གར་སྟེགས། རྩེད་རིགས་ཚུན་ཆད་ཀྱི་རྒྱབ་ལྗོངས་ལ་རྒྱ་ནག་གི་ཇུས་ནག་ཞུགས་ཏེ། རྒྱ་ནག་གི་ལྐོག་ཇུས་དང་སྒོར་ཤེད་ཀྱིས་རུལ་མྱགས་སུ་གྱུར་དང་འགྱུར་བཞིན་ཡོད་པས། རྒྱ་ནག་གི་འགྲན་བསྡུར་རེ་རེའི་རྒྱབ་ན་སྐྱུག་བྲོ་བའི་ཇུས་གཞི་རེ་ཡོད་ངེས་ཤིང་། དེའང་རྒྱ་ནག་པའི་མི་གཤིས་དང་ཆབ་སྲིད་ལ་ཐད་ཀར་འབྲེལ་ཡོད། ཡིན་ནའང་། རྒྱ་ནག་གི་གནམ་འོག་ན་ཡོད་པའི་གཞོན་སྐྱེས་ཤིག་ལ་མཚོན་ན། རྒྱ་ནག་རྒྱལ་ཡོངས་རང་བཞིན་གྱི་སྡིངས་ཆ་དག་ནི་མི་ཚེའི་ལམ་ཁ་ཞིག་ཡིན་པར་བསྙོན་དུ་མེད།
སྐུ་གཤེགས་དཔའ་རྒོད་ཚེ་དབང་ནོར་བུ་ལགས་ཀྱིས་རྒྱ་ནག་གི་སྡིངས་ཆ་ཆེ་ཁག་མང་པོ་རིམ་བརྒྱུད་དུ་འགྲིམས་པའི་སྐབས་ཀྱི་ཐད་གཏོང་ལེ་ཚན་ནས་ཡང་ཡང་ཨར་ལ་གཏད་པའི་གཏམ་རྒྱུད་གཅིག་པུར་ཞིབ་འཇུག་བྱས་ནའང་། སེམས་ལ་མྱ་ངན་གྱི་སྤྲིན་ནག་འཁྲིགས་པས། མངོན་པར་གསལ་བ་དང་མི་གསལ་བའི་དཀའ་ངལ་ཡོད་ཚད་དངོས་སུ་མྱངས་པའི་ཁོང་གིས་རྒྱ་ནག་གི་གནམ་འོག་ན་བདེ་སྐྱིད་མེད་པ་དང་། རྒྱ་ནག་གི་གདུག་རྩུབ་དང་ཇུས་ནག་གིས་མྱི་གསོད་པར་ངེས་པ་རྙེད་དུས། བྱམས་བརྩེ་དང་དྲང་བདེན། བོད་སེམས་དང་བོད་ཀྱི་རིག་གནས་བཅས་ཀྱི་ན་སྨིན་པའི་ཁོང་ལ་མཚོན་ནས་བཤད་ན། ཚེ་སྲོག་ལ་མེ་བགོས་ནས་བདེན་པ་གསལ་འདོན་བྱེད་རྒྱུ་ནི་ཏན་ཏན་ཆེས་མཐའ་མའི་གདམ་ག་རེད་འདུག
ཡིན་ནའང་། ཁོང་འདི་ལྟར་བཞུད་པར་སེམས་གཏིང་ནས་སྐྱོ་སོང་། ཚོད་ཚོད་ལ་ཁོའི་གཞས་གདངས་དང་གར་ཉམས་མིག་ལ་སྣང་ཡོང་གི་འདུག ངས་ཡང་ནས་བསྐྱར་དུ་ཁོའི་གླུ་ངག་ལ་ཉན་ཞོར་སེམས་པ་མིག་ཆུས་སྦངས་པ་ཡིན། ངས་ཚེ་དབང་ནོར་བུའི་སྐོར་རྒྱས་པ་ཞིག་འབྲི་རྩིས་བྱས་མོད། རྒྱུ་ཆ་དང་ཤེས་ཚད་བཅས་ཀྱི་དབང་གིས་འཐུས་ཚང་དང་འདོད་པ་ཁེངས་པ་ཞིག་འབྲི་ཐུབ་ཀྱི་མི་འདུག དེར་བརྟེན། ནོར་བུ་ཞེས་པའི་སྙན་ངག་ཅིག་བྲིས་ནས་བཀྲམས་ནའང་དོ་སྣང་བྱེད་མཁན་མེད་པའི་ཚོར་བ་བྱུང་བ་མ་ཟད། རང་སེམས་ཀྱང་ཡང་ནས་བསྐྱར་དུ་ཚེ་དབང་ནོར་བུའི་ཕྱོགས་སུ་ཤོར་བ་དང་རྨི་ལམ་ཚུན་ཆད་ནས་ཁོང་གི་གཞས་རྣ་བར་ལྷང་ལྷང་གྲག་པ །དྲ་ལམ་ལ་ཁོང་གི་གནས་ཚུལ་ཡང་ཡང་འཚོལ་དགོས་པ་སོགས་སེམས་བདེ་ལ་འབབ་ཐུབ་ཀྱི་མི་འདུག དེར་བརྟེན། རྩོམ་ཡིག་འདི་ངས་རང་སེམས་བདེ་ལ་འབབ་ཐབས་དང་ངའི་སེམས་ཀྱི་ཚེ་དབང་ནོར་བུ་ཡིན། ད་དུང་ཁོང་ལ་ཕུལ་བའི་ནོར་བུ་ཞེས་པའི་སྙན་ངག་གི་རྒྱབ་ལྗོངས་ཀྱང་ཡིན།
གཉིས་པ། ཚེ་དབང་ནོར་བུ་སུ་རེད།
ཚེ་དབང་ནོར་བུ་ལགས་སྤྱི་ལོ་ ༡༩༩༦ ལོའི་ཟླ་༡༠ ཚེས་༩ ཉིན་ཕ་ཆོས་རྒན་དང་མ་བསོད་ནམས་དབང་མོ་གཉིས་ཀྱི་བུར་ལྷ་ས་ནག་ཆུ་ཁར་སྐྱེས་ཤིང་། སློབ་གྲྭ་ཆེ་ཆུང་རིམ་པར་བརྒྱུད་བོད་ལྗོངས་སློབ་གྲྭ་ཆེན་མོ་མཐར་ཕྱིན། ཆེད་ལས་རྣོ་སྦྲེང་དང་རྣོ་སྦྲེང་རྡུང་རྩལ་ལ་རྒྱ་ནག་རྒྱལ་ཡོངས་རང་བཞིན་གྱི་གདེང་འཇོག་ལྡན་པའི་གཞོན་སྐྱེས་ཤིག་རེད། ཉེ་རབས་བོད་ཀྱི་གླུ་བ་ན་གཞོན་པའི་སྡེ་ན་ཁོང་ལྟ་བུའི་བོད་ཀྱི་རིག་གནས་ཅན་ཉུང་། སྤྱི་ལོ་ ༢༠༡༤ ལོ་ནས་བཟུང་འགྲན་བསྡུར་དང་ཆེད་ཚོགས་མང་པོར་ཞུགས་མོད། ད་ལྟའི་བར་དུ་ཁོ་ལ་ཐོབ་འོས་པའི་བྱ་དགའ་གཅིག་ཀྱང་ཐོབ་མྱོང་མེད། དེའང་བོད་ཀྱི་རིག་གནས་ཅན་དང་གཤིས་ཀ་ཅན་ཡིན་པར་འབྲེལ་ཡོད། ཡིན་ནའང་། གར་སྟེགས་རེ་རེ་བཞིན་ལྟད་མོ་བའི་ཡིད་སེམས་བཀུགས་ནས་མིག་ཟུང་འཕྲོག་སྟེ། རྗེས་འདེད་པ་ས་ཡ་བརྒྱ་ཕྲག་བརྒལ་བའི་གཞོན་སྐྱེས་གླུ་བ་ཞིག་རེད།
འཛམ་གླིང་ཞི་བདེ་ལ་ཚེ་སྲོག་གི་འབོད་པ་གཏོང་ཞིང་། གདུང་བའི་མུན་ཁུང་ལ་ཚེ་སྲོག་གི་མར་མེ་སྒྲོན་མཁན། འཛམ་གླིང་ཞི་བདེ་དང་བོད་རྒྱལ་ཁབ། བོད་མི་རིགས་ཀྱི་བདེན་དོན་ལ་བསྐལ་བ་སྟོང་འཇིག་གི་བར་དུ་ཚེ་སྲོག་གི་བདེན་དཔང་བྱེད་མཁན་གྱི་དཔའ་རྒོད་བརྒྱ་དང་ང་བརྒྱད་བྱུང་བའི་གྲས་ཀྱི་ཆེས་ཆེ་བའི་གྲགས་ཆེན་མི་སྣ་ཡིན། དེ་དག་གི་ཁྲོད་དུ་བླ་མ་སྤྲུལ་སྐུ་ཡོད་ལ། དགེ་བཤེས་དང་སློབ་མ། ཐ་ན་དགུང་གྲངས་བརྒྱད་ཅུ་བརྒལ་བའི་བགྲེས་པོ་བཅས་ཡོད་ཀྱང་རྒྱ་བོད་གཉིས་ཀྱི་ཁྲོད་དུ་རྗེས་འདེད་པ་ས་ཡ་མང་པོས་ཉིན་ལྟར་མིག་གིས་འཚོས་ཤིང་རྣ་བས་ཉན་ནས་ཡོད་པ་ཁོང་གཅིག་པུ་ཡིན། རྒྱ་གཞུང་གིས་ཁ་སྒོ་གཞང་གསུམ་ནས་མེར་བསྲེགས་མཁན་ཚོ་ནི་རིག་འཚོ་མ་ཟིན་པར་སྒྲོག་པའི་རྫུན་ཁུང་ཡང་ཁོང་གིས་ཐལ་བར་བརླགས་ཡོད།
ཁོང་ནི་བོད་ཀྱི་རིག་གནས་ལ་གཏིང་རྒྱུས་ཆེ་བའི་ཕ་བཟང་པོ་ཞིག་གི་ཐུ་འོག་ནས་འཚར་ཞིང་། མཛེས་མ་དང་གླུ་མ་གྲགས་ཆེན་ཞིག་གི་བུ་ཡིན་པས། གཤིས་རྒྱུད་བཟང་བ་དང་རང་གཤིས་བརྟན་པ། གསུང་སྐད་སྙན་པ་དང་སྐྱེ་གཟུགས་མཛེས་པ་ལ་དབང་བོས་ཆོག་མི་ཤེས་ཤིང་། མཛའ་མཐུན་དང་གཤིས་འཇམ། དྲིན་གཟོ་དང་ཁྲེལ་ལྡན། གཉེན་ལ་བརྩེ་ཞིང་དགྲ་ལ་ཤིན་ཏུ་དཔའ་བ་ཞིག་རེད། ཁོང་གིས་བོད་རྒྱ་དབྱིན་གསུམ་གྱི་གཞས་བཏང་ཡོད་ཀྱང་རྒྱ་གདངས་ཀྱི་གཞས་གཅིག་ཀྱང་བཏང་མེད། ཁོང་གིས་རྒྱ་གཞས་ཀྱང་བོད་ཀྱི་འབྲོག་གླུའི་གདངས་དང་ནུབ་ཕྱོགས་དེང་རབས་ཀྱི་གཞས་གདངས་ཟུང་འབྲེལ་གྱིས་བཏང་ཡོད། གཞན་གྱིས་འགྲན་མི་བཟོད་པའི་ཁོའི་གླུའི་ཁྱད་ཆོས་ཀྱང་འདི་རུ་ཡོད། ཡོན་ཏན་ཕྱི་མ་འདི་དག་དོན་ཚན་རྗེས་མ་དག་གི་ནང་དུ་ངས་གསལ་འདོན་བྱ་རྒྱུ་ཡིན།
གསུམ་པ། ཚེ་དབང་ནོར་བུའི་ཨ་ཕ་སུ་རེད།
ཚེ་དབང་ནོར་བུའི་ནར་སོན་དང་ཡོན་ཏན། རིགས་ཞེན་དང་མཛའ་བརྩེ་བཅས་པ་ཁོང་གི་ཨ་ཕ་དང་འབྲེལ་ཡོད་སྙམ། ཁོང་གི་ཨ་ཕ་ནི་མི་ཚེ་གང་བོར་རོལ་དབྱངས་གསར་རྩོམ་དང་གླུ་གར་རིག་གནས་རྒྱུན་འཛིན་ལ་འབད་པའི་མི་བོ་ཆེ་ཞིག་རེད། ནག་ཆུ་རྫོང་གི་ཟློས་གར་ཁང་ལ་འགན་འཛིན་གཉིས་ཡོད་པའི་གཅིག་དང་། རྒྱ་ནག་གིས་ཀྱང་རྒྱལ་ཁབ་རིམ་པའི་རོལ་མོ་རྒྱུན་འཛིན་པར་བདམས་ཡོད། ཁོང་གིས་རང་གི་ཁྱིམ་ཚང་ནང་དུ་རྒྱ་ནག་རྒྱལ་ཡོངས་ལ་སྐད་གྲགས་ཡོད་པའི་གླུ་བ་གཉིས་སྐྱེད་སྲིང་བྱས་ཡོད། གཅིག་ནི་ཁོང་གི་ཆུང་མའམ་ཚེ་དབང་ནོར་བུའི་ཨ་མ་བསོད་ནམས་དབང་མོ་ལགས་ཡིན། བསོད་ནམས་དབང་མོ་ལགས་འབྲོག་མོ་དཀྱུས་མ་ཞིག་ཡིན་ནའང་ཆོས་རྒན་ལགས་ཀྱིས་ཟློས་གར་ཚོགས་པར་ཞུགས་བཅུག་ནས། རིམ་གྱིས་འགྲན་བསྡུར་སྣ་ཚོགས་ལ་མངགས་ཏེ་སྐྱེད་སྲིང་བྱས་ཡོད། དཔེར་ན། མོས་བླངས་པའི་གཞས་༼ཀོང་པོའི་བུ་མོ་༽སོགས་ཀྱི་གཞས་གདངས་ཁོས་བརྩམས་ཡོད། ཡིན་ནའང་། ཕྱིས་སུ་ཁོང་གཉིས་ཁ་ཁར་ཕྱིན་འདུག
གཅིག་ནི་ཁོང་གི་བུ་ཚེ་དབང་ནོར་བུ་ལགས་ཡིན། ཆོས་རྒན་ལགས་ཀྱིས་རོལ་མོའི་དབྱངས་རྟ་གང་ཞིག་ཡིན་ནའང་དེའི་ནང་དུ་མཚོ་མཐའ་ནས་སྐྱེས་པའི་མི་རིགས་ཚོས་འགུག་མི་ནུས་པའི་འབྲོག་གླུའི་དབྱངས་རྟ་འཇོག་རྒྱུ་ནི། གཞས་ལ་བོད་གཤིས་ཡོད་རྟགས་སམ་བོད་ཀྱི་རོལ་མོ་རྒྱུན་འཛིན་གྱི་གནད་ཅིག་ལ་ངོས་བཟུང་ཡོད་པར་སྙམ་སྟེ། ནོར་བུའི་ཨ་མ་དང་ནོར་བུ་ཟུང་གི་གླུ་དབྱངས་ཡིན་ན་ནང་དུ་འབྲོག་གླུའི་གདངས་ཡོད་པས་ཁྱབ་པ་དང་། འབྲོག་གླུའི་གདངས་ཡོད་པའི་རྐྱེན་གྱིས་དབྱིན་སྐད་དང་རྒྱ་སྐད་ཀྱི་གཞས་ཡིན་ནའང་བོད་གཞས་ཀྱི་བྲོ་བ་དཔོག་པ་ཞིག་རེད་སྙམ། ཚེ་དབང་ནོར་བུའི་གཞས་ལ་དེ་ལས་ལྷག་པའི་ཁྱད་ཆོས་ཤིག་ཡོད་པ་ནི། ནུབ་ཕྱོགས་དེང་རབས་གླུ་དབྱངས་ཀྱི་འགུག་ཡོད་པ་དེ་ཡིན། ཁོས་བླངས་པའི་བོད་ཀྱི་འབྲོག་གླུ་ལའང་དེང་རབས་གླུ་དབྱངས་ཀྱི་འགུག་ཡོད་པས། རྒས་ཉམས་མེད་པར་ལང་ཚོ་དར་བབ་ཀྱི་གཞས་རྣམ་ཐོན་ཡོད། ནོར་བུའི་བོད་རྒྱ་དབྱིན་གསུམ་གྱི་གཞས་གང་ལའང་དེང་རབས་ཀྱི་འགུག་དང་འབྲོག་གླུའི་གདངས་ཡོད་པ་ནི་ནོར་བུའི་གླུ་དབྱངས་ཀྱི་ཐུན་མིན་ཁྱད་ཆོས་སུ་མཐོང་ཞིང་ཁོང་གིས་ཀྱང་དེར་བརྩོན་པ་བསྐྱེད་ཀྱི་ཡོད་ཚོད་དེ། ཚེ་དབང་ནོར་བུས། ” ངས་བསམས་ན། ངས་རྒྱ་ལས་བརྒལ་བའི་གླུ་དབྱངས་ཡག་པོ་རེ་རྩོམ་ཐུབ་ཀྱི་རེད། མི་རིགས། ཕ་ཡུལ། བོད་ཀྱི་དམངས་གླུ་བཅས་ལ་བརྟེན་ནས་ང་གླུ་དབྱངས་ཀྱི་ཕ་མཐར་བགྲོད་ཐུབ་ཀྱི་རེད། ” ཅེས་བཤད་ཡོད།
ཁོང་གི་ཕ་ལགས་ཀྱིས་གཞས་གདངས་བརྩམས་པའི་ཚེ་དབང་ནོར་བུའི་གཞས་ཤིག་མཐོང་མ་མྱོང་ནའང་། ཚེ་དབང་ནོར་བུ་ལ་སི་ཁྲོན་བརྙན་འཕྲིན་ཁང་གི་བཅར་འདྲིའི་སྐབས་སུ། “ང་རང་ཧ་ཅང་ཆུང་བའི་དུས་ནས་ཕ་ལགས་ཀྱིས་ཉིན་ལྟར་གླུ་དབྱངས་ཀྱི་བརྩམས་ཆོས་རྩོམ་གྱིན་པའི་ཁྲོད་ནས་འཚར་ལོངས་བྱུང་ཞིང་། ག་ལེར་ཤེས་མེད་ཚོར་མེད་དུ་ངའི་ཁྲག་རྩའི་ནང་དུའང་རོལ་དབྱངས་ཐིམ་པ་རེད། ” ཅེས་འགྲེལ་ཡོད། ཕ་བཟང་པོ་འདིས་རོལ་མོར་བརྩེ་བ་གང་ཞིག་དགོས་པ། འབད་བརྩོན་ཇི་འདྲ་བསྐྱེད་དགོས་པ། རང་ཉིད་ཀྱི་ལག་ལེན་དང་འབད་བརྩོན་གྱིས་བུ་ལ་བསྟན་པ་ལས། བུའི་རྣམ་དཔྱོད་ལ་བཀག་རྒྱ་གནང་མེད། བུའི་གླུ་དབྱངས་ཀྱི་སྐོར་ཁོང་ལ་བཅར་འདྲི་བྱེད་སྐབས་སུ། ཆོས་རྒན་ལགས་ཀྱིས་ “ངའི་བུས་བཟོས་པའི་རོལ་དབྱངས་འདི་དག་ཅི་ཞིག་ཡིན་ད་ལྟའང་ངས་ཤེས་ཐུབ་ཀྱི་མི་འདུག ཡིན་ནའང་། ཁོའི་གླུ་དབྱངས་ཀྱི་དམིགས་ཡུལ་ངའི་བསམ་ཡུལ་ལས་འདས་སོང་། དུས་རབས་གསར་བའི་དབྱངས་རྟ་དང་། དེང་རབས། མི་རིགས། གསར་གཏོད། སྲོལ་རྒྱུན་བཅས་པར་རང་ཉིད་ལ་ལྟ་བའམ་དམིགས་ཡུལ་ཞིག་འདུག ” ཅེས་སྡོམ་བསྐྱོན་ཡོད། ཚེ་དབང་ནོར་བུའི་གླུ་དབྱངས་རེ་རེའི་ནང་ནས་ཡོན་ཏན་དེ་དག་ཚུར་མངོན་ཐུབ་པ་ཞིག་རེད། ལྷག་པར་ཁོང་ཕ་བུ་གཉིས་ཀྱིས་མང་པོ་ཞིག་ལ་འགན་བླངས་ཤིང་། གདོང་གཏད་པའི་བརྒྱུད་རིམ་ནི་ནོར་བུའི་གླུ་དབྱངས་རེ་རེར་ཞིབ་པར་ཉན། གཞན་དང་གཤིབ་ནས་བསྡུར་ན་གསལ་ངེས་པས་མང་པོ་མི་འབྲི།
ད་དུང་བཤད་འདོད་པ་ཞིག་ལ། ཕོ་ལོ་ཉི་ཤུ་ཟིན་ཞིང་ཨ་ཕར་གྱུར་ཚར་བའི་ཚེ་དབང་ནོར་བུ་ལགས། རྒྱ་ནག་ལ་གླུ་དབྱངས་འགྲན་བསྡུར་བྱེད་པར་སོང་ནས་ཅུང་འགོར་ཏེ་ཕྱིར་ཡོང་ཁར། ང་ཕ་ཡུལ་ལ་ལོག་པར་འདོད། ངའི་ཨ་ཕ་ལགས་དང་བུ་མོ་གཉིས་ཧ་ཅང་དྲན་གི ང་མགྱོགས་པོར་ཡུལ་ལ་ལོག་འདོད་ཅེས་ནོར་བུའི་སྐད་གྲགས་ཅན་གྱི་གཞས་༼ཡུལ་ལ་ལོག་པ་༽ཞེས་པ་བཏང་ཡོད། འདི་ལས་ཕ་བུ་གཉིས་ཀྱི་མཛའ་བརྩེ་དང་དེའི་རྒྱབ་ཏུ་བསྐུང་བའི་ཁེར་རྐྱང་དང་བྱམས་བརྩེ་སོགས་དཔོག་པ་ཞིག་རེད། དགུང་ལོ་བགྲེས་པའི་ཕ་རྒོད་པོ་ཆོས་རྒན་ལགས་ཀྱི་ད་ལྟའི་དཀའ་སྡུག་གི་འཚོ་བ་ཇི་འདྲ་ཞིག་ཡིན་ནམ། སྙིང་ལ་སྡུག་པའི་བུ་ཤོར་བའི་མྱ་ངན་ཆེན་པོའི་སྟེང་རྒྱ་གཞུང་གི་མནར་གཅོད་ཀྱང་ཉིས་བརྩེགས་ཀྱི་ཚུལ་དུ་ཡོད་དམ། ཡང་ན་ཁུ་སིམ་མེར་ཚ་མོའི་མགོ་ལ་བྱིལ་བྱིལ་གཏོང་གིན་མིག་ཆུ་གྲང་བསིལ་བསིལ་སེམས་ལ་བབས། མ་ཎི་དང་མར་མེ་ཆད་མེད་དུ་བཞུགས་ཡོད་ཨང་། ཡང་ན་མུན་ཁུང་གང་ཞིག་ན་ཡང་ནས་བསྐྱར་དུ་ཨར་ལ་གཏད་ཀྱིན་ཡོད་དམ། དངོས་གནས་ངས་བསམ་ཕོད་ཀྱི་མི་འདུག ངས་ནོར་བུ་བསམ་ག་ལ་ཕོད་ནོར་བུའི་རྗེས་ཀྱི་ཕ་མ་དང་བུ་མོ། ཆུང་མ་དང་གཉེན་ཚན་སོགས་ཀྱི་གནས་ཚུལ་ཡང་བསམ་པར་མི་ཕོད།
བཞི་པ། ཚེ་དབང་ནོར་བུའི་ཨ་མ་སུ་རེད།
ཚེ་དབང་ནོར་བུའི་ཨ་མ་ནི། སྐད་གྲགས་ཅན་གྱི་གཞས་མ་བསོད་ནམས་དབང་མོ་ཡིན། ཁོང་མ་བུ་གཉིས་ཀྱི་གླུ་སྐད་ལ་འདྲ་བའི་ཆ་ཞིག་ཡོད་པ་ནི། གཉིས་ཀར་འབྲོག་གླུའི་གདངས་དང་ལྡན་པ་དེ་ཡིན། དེ་ལས་ཁོང་གཉིས་མ་བུ་ཙམ་དུ་མ་ཟད་གླུ་རྒྱུད་གཅིག་པ་ཡིན་པའི་སྣང་བའང་སྤྲོད་པ་ཡིན། བསོད་ནམས་དབང་མོ་ལགས་ཀྱིས་རང་གི་ཕ་ཡུལ་དང་སྲོལ་རྒྱུན་བཅས་པར་བསྟོད་གླུ་མང་པོ་ཕུལ་ཡོད་པ་མ་ཟད། བོད་ཀྱི་གླུ་གདངས་ཁྱེར་ནས་རྒྱལ་ཁབ་མང་པོ་བསྐོར་ཡོད། ཡིན་ནའང་། རྒྱ་ནག་གིས་ཚེ་བརྟན་སྒྲོལ་མའི་རྒྱུན་འཛིན་པར་ཆེད་དུ་སྐྱེད་སྲིང་བྱས་པའི་སྣང་བ་ཞིག་ཀྱང་འཁོར་བ་ནི། རྒྱ་ནག་ནས་མོ་ལ་བྱ་དགའ་འབུལ་སྐབས་ཚེ་བརྟན་སྒྲོལ་མ་མོ་ལ་བྱ་དགའ་སྤྲོད་པར་གདན་ཞུ་བྱས་ཤིང་། རྒྱ་ནག་གི་བརྒྱུད་ལམ་ཁག་གིས་ཚེ་བརྟན་སྒྲོལ་མ་གཉིས་པ་དང་ཚེ་བརྟན་སྒྲོལ་མའི་སློབ་མ་རུ་འུར་བ་མ་ཟད། ཚེ་བརྟན་སྒྲོལ་མའི་གཞས་ངན་གྲགས་ཅན་༼པེ་ཅིན་གསེར་གྱི་རི་ལ་༽ཞེས་པའང་གཏོང་བཅུག་ཡོད།
ཁོང་མོ་༡༩༩༡ ལོ་ནས་ནག་ཆུ་རྫོང་གི་དྲིལ་བསྒྲགས་ཚན་པར་ཞུགས་པ་དང་། ༢༠༠༢ ལོར་ཐོག་མར་ལྷ་སའི་བརྙན་འཕྲིན་བརྒྱུད་མངོན་པ་ནས་བཟུང་གར་སྟེགས་ཆེན་པོ་སྣ་ཚོགས་བརྒྱུད་དེ་བྱ་དགའ་སྣ་ཚོགས་འཐུས་པ་རེད། གུང་ཁྲན་ཏང་གི་དུས་ཆེན་དམིགས་བསལ་བ་མང་པོ་ཞིག་ལ་ཆེད་དུ་གཞས་གཏོང་བཅུག་པ་མ་ཟད། ཐ་ན་དམག་ལྭ་ཚུན་ཆད་བསྐོན་ནས་རྒྱ་ནག་ལ་བསྟོད་གཞས་འབུལ་བཅུག་ཡོད། རྒྱ་ནག་གིས་རང་ལ་བསྟོད་གླུ་འབུལ་བའི་མི་སྣ་གཅིག་སྐྱེད་སྲིང་གི་ཆེད་དུའང་འདི་འདྲའི་ཞིབ་ཚགས་ཀྱི་གོ་རིམ་ཞིག་བརྒྱུད་པར་བསམས་ན། རྒྱ་ནག་གི་ཇུས་ནག་ལ་སུའང་ངོ་མཚར་སྐྱེ་བ་མ་ཟད། སྙིང་རྗེ་བའི་ཚོར་བ་ཞིག་ཀྱང་ངང་གིས་སྐྱེ་བ་ཡིན།
གང་ལྟར་དེ་ནས་བཟུང་། མོ་རང་ལ་ཕ་ཡུལ་ནས་ཟུར་ཟ་དང་སྐྱོན་བརྗོད་ཀྱི་མགོ་བཙུགས་ཡོད། ཕྱིས་སུ་ཏང་ཡོན་ཞིག་དང་གཉེན་བསྡེབས་ཡོད། ཚེ་དབང་ནོར་བུས་”ཕ་མ་ད་དུང་རྒས་མེད་ལ། ངའི་རྒྱབ་རྩར་བཞེངས་ཡོད་”ཅེས་པའི་ཚིག་ཙམ་ལས་ནོར་བུའི་བརྙན་ལམ་གང་དུའང་མོའི་སྐོར་གསལ་ཁ་མེད། ཡིན་ནའང་། མ་དྲིན་མོ་ཆེ་རང་གི་སྙིང་ལ་སྡུག་པའི་བུར་བརྩེ་བ་སྨོས་མེད་ཡིན་པས། ནོར་བུས་རྒྱ་ནག་གི་གར་སྟེགས་ཆེ་ཁག་མང་པོ་བརྒྱུད་པའི་སྐབས་སུ་མི་མངོན་པའི་ཚུལ་དུའང་དཔུང་དང་སྡོངས་གྲོགས་སུ་ལངས་ཡོད་ངེས་ལ། ལྷག་པར་ནོར་བུས་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་སྲོག་མེར་བསྒྲོན་པའི་སྐབས་འདིར་གདུང་བས་མནར་ཡོད་པར་ཐེ་ཚོམ་མེད་པ་མ་ཟད། རང་ཉིད་ཀྱི་བསྟོད་གླུའི་ཞིང་ཁམས་ལ་ཞེ་སྤོ་གཏིང་ནས་ལངས་ཡོད་ངེས་པ་ཡིན། དེ་ལས་ཀྱང་གལ་ཆེ་བ་ནི། སྐབས་འདིར་མོ་རང་ཆེད་དུ་སྐྱེད་སྲིང་བྱེད་མཁན་གྱི་རྒྱ་གཞུང་གི་མི་སྣ་ཚོར་བརྡ་ལན་གསལ་བོ་ཞིག་དང་འདང་རྒྱག་གསར་བ་ཞིག་སྤྲད་ཡོད་པ་དེ་རེད། ཏང་གིས་ཆེད་དུ་སྐྱེད་སྲིང་བྱས་པ་ལྟར་རྣམ་ཀུན་གླུ་སྐད་སིང་སིང་ཏང་ལ་བསྟོད་གླུ་འབུལ་མཁན་མ་ཞིག་དང་། གཞུང་ཕོགས་ཀྱིས་གསོས་ཤིང་རྒྱལ་ཁབ་རིམ་པའི་མི་སྣར་དམིགས་འཛུགས་བྱས་པའི་ཕ་ཞིག་ལ། འདི་འདྲའི་བུ་ཞིག་སྐྱེས་པ་ཀླད་པའི་རྒྱུད་དག་ལ་མ་ཤོང་བར་བསམ་བློ་བསྐྱར་མ་ཞིག་གཏོང་གི་ཡོད་ཚོད། རྒྱ་ནག་ལ་བརྡ་ལན་ངོ་མ་ཞིག་སྤྲད་ཡོད་པ་རེད། ཁྱིམ་ཚང་གཅིག་རྒྱ་ནག་ཅན་དུ་བསྒྱུར་བའམ་འདུལ་སྦྱོང་གི་གོ་རིམ་ལ་དཀའ་ངལ་དེ་འདྲ་ཡོད་ན། མི་རིགས་ཤིག་རྒྱ་ནག་ཅན་དུ་བསྒྱུར་བའི་རྨི་ལམ་ནི་དེ་ལས་ཀྱང་ངོ་མཚར་པོ་དང་སྟོང་བསམ་ཤ་སྟག་ཏུ་སྙམ་ཡོད་ངེས།
ནོར་བུའི་ཆུང་མ་དང་བུ་མོའི་སྐོར་ནས་ཀྱང་གླེང་བར་བྱ་བ་ཡོད་མོད། རྒྱས་གླེང་མི་བྱ། ཁོང་གཉིས་ནི་ཚེ་དབང་ནོར་བུའི་ཏུའུ་ཏུའུ་ཆེ་བ་དང་ཏུའུ་ཏུའུ་ཆུང་བ་རེད། ཚེ་དབང་ནོར་བུས་སང་ཉིན་གྱི་ཕོ་སར་ལས་གླུ་དབྱངས་ལྔ་བ་དེ་༼love you like a love song.༽བླངས་རྗེས་”འདི་ངའི་ཏུའུ་ཏུའུ་ཆེ་ཆུང་གཉིས་ལ་ཕུལ་བ་ཡིན།” ཞེས་ལན་ཕུལ་བ་དེས་འཐུས་པར་བྱ། ཏུའུ་ཏུའུ་ཞེས་པ་ཁོང་གི་ཆུང་མ་དང་བུ་མོར་འཇུག་མིན་ཐད་དྲ་ལམ་ནས་གླེང་མོལ་སྣ་ཚོགས་བྱས་ནའང་། ཞིབ་པར་བཀླགས་ན་གསལ་ངེས་ཡིན། ཆུང་མ་ནི་མཛེས་མ་བསྟན་དབྱངས་ལྷ་མོ་༼丹拥拉姆༽ལགས་དང་བུ་མོ་ཕལ་ཆེར་ད་ལོར་ལོ་ལྔར་སོན་ཡོད། ༢༠༡༧ ལོའི་ཞབས་མཆན་ཞིག་ནང་ཟླ་ཤས་སྔོན་དུ་ནོར་བུར་བུ་མོ་ཞིག་སྐྱེས་པར་བྲིས་ཡོད། དེ་ལས་གཞན་གྱི་དཔང་རྟགས་མ་རྙེད།
ལྔ་པ། རྒྱ་ནག་གི་བུ་ངར་ལེ་ཚན་གྱི་བོད་ཀྱི་བུ་ངར།
སྤྱི་ལོ་ ༢༠༡༤ ལོར། ལོ་ན་བཅོ་བརྒྱད་ལ་སོན་པའི་བོད་ཀྱི་བུ་ངར་ཚེ་དབང་ནོར་བུ་ལགས། རྒྱ་ནག་ཀོང་ཏུང་བརྙན་འཕྲིན་ཁང་གིས་བསྡུས་པའི་རྒྱ་ནག་གི་སྐར་ཆེན་ལམ་བུ་རྒྱ་ནག་གི་བུ་ངར་༼中国好男儿༽ཞེས་པའི་ལེ་ཚན་ནང་ཞུགས་པ་མ་ཟད། རྒྱ་མཚོའི་ངོས་ལས་རྨིད་བཞི་སྟོང་བརྒལ་བའི་བོད་ཀྱི་རི་བྲག་རྫ་གསུམ་གྱི་ཁོང་གསེང་ན། ངར་གྱིས་མཆེད་པའི་བོད་ཀྱི་ཐུན་མིན་གླུ་གདངས་སྲོག་ལ་ཞུགས་པའི་དེང་རབས་ཀྱི་དཔེ་གསར་འགྱུར་ཁུགས་ཤིག་ལ། ཆེས་ཕུལ་དང་རབ་ཏུ་གྱུར་བའི་རྣོ་སྦྲེང་དཀྲོལ་རྩལ་གྱི་ལང་ཚོ་བསྣན་ཏེ་གར་སྟེགས་ལས་གྲག་དུས། དཔྱད་འདེམས་པ་ཚང་མའི་ཡིད་གཡོས་ཤིང་། གླུ་སྒྲ་གསར་བ་དེར་དོ་སྣང་གསར་བ་བྱེད་དགོས་བྱུང་བ་མ་ཟད། ལྟད་མོ་བ་ཁྲི་སྟོང་གི་རྣ་བ་ལའང་ངོ་མཚར་བའི་གླུ་ངག་གསར་བ་ཞིག་གི་རེ་ཁཱ་དང་པོར་ཕབ། དེ་ནས་བཟུང་ཚེ་དབང་ནོར་བུ་མིག་ཟུང་ཁྲི་ཕྲག་གིས་འཚོས་ཤིང་ཁོང་གི་གླུ་སྒྲ་ཉན་མཁན་ཁྲི་སྟོང་གི་སྙན་དབང་གསོ་བའི་བདུད་རྩི་རུ་གྱུར། དེ་ནས་བཟུང་མི་གྲངས་དུང་ཕྱུར་ཅན་གྱི་རྒྱ་ནག་རྒྱལ་ཁབ་ཀྱི་སྐར་ཆེན་མི་སྣའི་གྲས་སུ་རྡོག་པ་སྤོས་པ་རེད།
རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་བཞི་༼པེ་ཅིན། ཧྲང་ཧེ། ཁྲིན་ཏུའུ། ཀཱང་ཀྲིག༽ ལས་ རིམ་གྱིས་གླུ་བ་བཅུ་གཉིས་རེ་བསལ་ཏེ། རྒྱལ་ཡོངས་ཀྱི་གླུ་བ་བརྒྱད་ཅུ་འདེམས་ནས་འགྲན་གཤིབ་དང་བསྐྱར་ལེན་སོགས་བརྒྱུད་འགྲན་བསྡུར་བྱས་པ་རེད། ཚེ་དབང་ནོར་བུ་ཁྲིན་ཏུའུ་འགྲན་ཁུལ་ནས་ཡར་སོང་བ་རེད། རྒྱ་ནག་རྒྱལ་ཡོངས་ཀྱི་གླུ་བ་ཞེ་གཉིས་པ་དང་རྒྱ་ནག་ནུབ་བརྒྱུད་ཀྱི་གླུ་བ་བཅུ་གཉིས་བསལ་བའི་གྲས་སུ་ཚུད། སྐབས་དེར་ཚེ་དབང་ནོར་བུ་རང་འགུལ་གྱིས་ཕྱིར་བུད་ནས་ཐ་མའི་འགྲན་བསྡུར་ལ་ཚུད་ཐུབ་མེད། བོད་ཀྱི་གླུ་བ་ཚོར་གླུ་སྐད་དམིགས་བསལ་ཡོད་ནའང་རོལ་མོའི་ཤེས་བྱ་མེད་པའི་ཁྱབ་མཐའ་ཅན་གྱི་རྒྱ་ནག་པའི་ལྟ་ཚུལ་ལ་ཐེངས་དང་པོར་ཁོང་གིས་དོགས་སློང་བྱས་པ་རེད། དགེ་རྒན་ཞིག་གིས་ཀྱང་། བོད་ཁུལ་ནས་གླུ་བ་མང་པོ་འདིར་ཞུགས་ནའང་རྣོ་སྦྲེང་རོལ་མོའི་སྒྱུ་རྩལ་ལ་བྱང་ཆ་ཅན་ཁྱེད་རང་ཐེངས་དང་པོ་རེད་ཅེས་གདེང་འཇོག་བྱས། སྐབས་འདིར་ཚེ་དབང་ནོར་བུ་རང་འགུལ་གྱིས་ཕྱིར་འཐེན་བྱས་པའི་རྒྱུ་མཚན་གང་ཡིན་གྱི་དཔང་རྟགས་མ་རྙེད། དེ་ཕྱིས་ཤིག་ལ་རྒྱ་ནག་གི་གླུ་སྐད་སྙན་མོའི་ནང་དུ་ཞུགས་རོགས་ཞེས་པའི་བརྡ་སྦྱོར་འབྱོར་ཡང་ཞུགས་མི་འདུག དེའི་རྒྱུ་རྐྱེན་ཡང་གསལ་བོ་མ་རྙེད།
དྲུག་པ། སང་ཉིན་གྱི་ཕོ་སར་ལས་འཕགས་པའི་བོད་ཀྱི་ཕོ་སར།
ཚེ་དབང་ནོར་བུ་འགྲན་བསྡུར་མང་པོར་ཞུགས་མྱོང་བ་ལས་གླེང་སློང་ཆེ་ཤོས་དང་བག་ཆགས་ཟབ་ཤོས་ནི། ༢༠༡༧ ལོར་སང་ཉིན་གྱི་ཕོ་སར་༼明日之子༽ལེ་ཚན་ལས་ཨང་རིམ་དགུ་བ་བླངས་པ་དང་། ཨང་རིམ་དགུ་བ་ནས་བཙན་ཚུགས་ཀྱིས་ཕྱིར་ཕུད་པ་དེ་ཡིན། སྐབས་དེར་ཁོང་གླེང་སློང་ཆེས་ཆེ་བའི་གླུ་བ་རུའང་གྱུར་ཡོད། ཚེ་དབང་ནོར་བུ་གར་སྟེགས་དང་བྲལ་རྗེས་མིག་ཆུས་སྐྱེལ་མ་བྱེད་མཁན་མང་པོ་བྱུང་བ་མ་ཟད། དྲ་རྩོམ་ཡང་མང་པོ་ཐོན། དེ་ཚང་མ་དྲང་པོ་མ་བྱས་པའི་འཁང་རའི་ཆར་གཏོགས་པ་ཡིན། འགྲན་བསྡུར་འདིར་ཚེ་དབང་ནོར་བུས་༡༽ འབྲོག་གླུ། 牧歌 ད་དུང་། When I was your man (གཞས་འདི་གཉིས་འགྲན་སྐོར་གཅིག་ལ་བཏང་བ་རེད།) ༢༽ Sorry seems to be the hardest word. ༣༽ Hello. ༤༽ Runaway Baby. ༥༽ love you like a love song. ༦༽ love yourself. བཅས་བོད་གཞས་གཅིག་དང་དབྱིན་གཞས་ལྔའམ་དྲུག་བཏང་ཡོད། རྒྱ་ནག་གི་གར་སྟེགས་ནས་རྒྱ་གཞས་གཅིག་ཀྱང་མ་བཏང་བ་ལ་དཔྱད་འདེམས་པ་ཚོ་དང་བཀོད་སྒྲིག་པ་ཚོ་ཚོར་བ་རྣོན་པོ་སྐྱེས་པ་མ་ཟད།
གླུ་དབྱངས་ལྔ་བ་བླངས་པ་དང་གླུ་དབྱངས་བཞི་པ་བླངས་ནས་འགྲན་གཤིབ་པ་ལེ་ཅིན་ཐོ། (廖俊涛 )ཕམ་པར་བརྒྱབ་པ་ཞེ་ལ་བཅངས་ནས་དགེ་རྒན་ཞེ་ཀྲི་ཆིན་(薛之谦)གྱིས་ཆེད་དུ་གར་སྟེགས་ནས་དཔྱད་འདེམས་ཀྱི་ཚུལ་དུ་”ནོར་བུ། ང་ཁྱོད་ལ་སེམས་གཏིང་ནས་སྙིང་ལངས་ཀི ཁྱོད་ཀྱིས་ང་ཆེས་དགའ་བའི་གླུ་བ་(ལེ་ཅིན་ཐོ) བདའ་སོང་། ངས་ཁྱོད་ཀྱི་སྐྱོན་ཆ་འགའ་འདོན་གི་ཡིན། ཁྱོད་བོད་པ་ཞིག་ཡིན་ནམ་མིན། ” ཞེས་ཟུར་ཟའི་ཚུལ་དུ་དྲིས། ནོར་བུས་ “ཡིན་”ཞེས་ལན་བཏབ་པར། དགེ་རྒན་དེས། “བོད་པ་ཡིན་ན། ཐེངས་བཞི་ལ་དབྱིན་གཞས་གཏོང་དོན་ཅི།” ཞེས་ལྡོག་འདྲི་བྱས། ནོར་བུས་” རྗེས་མར་བོད་གཞས་གཏོང་བར་གྲ་སྒྲིག་བྱས་ཡོད། ” ཅེས་ལན་བཏབ། དགེ་རྒན་དེས་མུ་མཐུད། ” གར་སྟེགས་ལས་ཏུང་ཏུང་ཏུང་ཞེས་གཞས་གཏོང་ན་ཅུང་ཟད་དཔེ་གསར་གྱི་རྣམ་པ་སྟོན་དགོས་ཀྱང་སྟོན་གྱི་མི་འདུག ངའི་ཚོར་བ་ལས་ཁྱོད་ཀྱི་ཡར་རྒྱས་མངོན་མི་ཐུབ་ཀི ཡིན་ནའང་། ཁྱེད་རང་གཞས་བཏང་ན་ཧ་ཅང་ཡག་པོ་འདུག ཤུགས་རྒྱོབས། ” ཞེས་ཉན་ན་དགོད་ཤོར་བའི་དཔྱད་བརྗོད་ཅིག་བྱས་པ་མ་ཟད། དགེ་རྒན་གཞན་དག་གིས་ཀྱང་རྒྱ་གཞས་གཏོང་བར་རེ་སྐུལ་བྱས། ཚེ་དབང་ནོར་བུས་དེ་འཕྲལ་གཞས་དྲུག་པའང་ཁྱོད་རང་ཉིད་ལ་དགའ་བར་གྱིས་༼love yourself.༽ཞེས་པའི་དབྱིན་གཞས་དེ་བཏང་བ་མ་ཟད། གཞས་བཏང་ཚར་བ་དང་། འགྲན་ཡ་”བང་ཅིན་ལིས་༼王竟力༽རྒྱལ་བར་ཤོག་”ཅེས་བཤད། ད་དུང་བཀོད་སྒྲིག་པས་ཟུར་ཉན་དཔྱད་བརྗོད་པར་ཆེད་དུ་སྒྲུག་པ་ཚོའི་ཁྲོད་ནས་ཀྱང་། ནོར་བུ་ཁྱོད་ཀྱིས་གར་སྟེགས་ནས་ཀྲོག་ཀྲོག་བྱེད་པ་ཞིག་ལས་འགྲན་བསྡུར་བྱེད་པ་ཞིག་ཚོར་གྱི་མི་འདུག ཁྱོད་ཀྱི་གཞས་དེ་དག་དཔེ་གསར་རེད་བསམ་གྱི་ཡོད་ནའང་ངས་ལོ་བཅུ་གྲངས་ཡར་སྔོན་གྱི་རྣམ་པ་ཞིག་མཐོང་གི་འདུག་ཅེས་ཆེད་དུ་སྐྱོན་བརྗོད་བྱས།
ལྟད་མོ་བ་བླུན་པོ་ཀུན་ལ་དེ་དག་གིས་ཐད་ཀའི་བསམ་ཚུལ་དྲང་མོར་བརྗོད་པ། ཐད་གཏོང་བྱེད་ཀྱིན་པའི་སྣང་བ་སྐྱེ་ནའང་། དེ་ནི་གློག་བརྙན་ཞིག་གི་འཁྲབ་རྩལ་ལས་ཀྱང་བྱང་ཆ་དང་ཇུས་འགོད་ལྡན་པའི་སྒོ་ནས་ཚེ་དབང་ནོར་བུ་དགེ་སློབ་གཉིས་འདུལ་སྟངས་ཤིག་ཡིན་པ་རྣམ་དཔྱོད་ཅན་གྱི་ལྟ་མོ་བ་ཀུན་ལ་ར་འཕྲོད་ཡོད། ཚེ་དབང་ནོར་བུའི་སྐབས་འདིའི་དགེ་རྒན་ནི། ཚེ་དབང་ནོར་བུ་ནི་གར་སྟེགས་འདིའི་ཆེས་ཁྱད་འཕགས་ཀྱི་གླུ་བར་བསྔགས་བརྗོད་ཀྱིས་རྒྱབ་སྐྱོར་ཆེན་པོ་གནང་མཁན་དང་། ཚེ་དབང་ནོར་བུའི་གླུ་ལ་ཧ་ཅང་དགའ་བའི་རྒྱ་ནག་གི་གླུ་བ་གྲགས་ཅན་དགེ་རྒན་དཔའ་དཔའ་花花(华晨宇)ལགས་ཡིན་ལ། ཚེ་དབང་ནོར་བུ་གར་སྟེགས་ལས་འཕུད་དུས། མིག་ལ་མཆིལ་ཞགས་འཁོར་ཞིང་རབ་ཏུ་ཕམ་ནས་ངག་ཀྱང་མ་ཁྲོལ། དཔྱད་བརྗོད་རྩོམ་པ་པོ་ཞིག་གིས་ཀྱང་། དགེ་རྒན་དཔའ་དཔའ་ནི་སྒྱུ་རྩལ་བ་རྣལ་མ་ཞིག་ལས་རྒྱབ་ལོགས་ཀྱི་བཀོད་ཇུས་མཐོང་མཁན་ཞིག་མ་རེད། འཁྲབ་སྟོན་ལ་བྱང་ཆ་ལྡན་པ་ཁོ་ཚོས་དཔའ་དཔའ་དགེ་སློབ་གཉིས་འདུལ་རྒྱུ་ཤིན་ཏུ་ལས་སླ་ནའང་། ཀུན་ལས་ཁྱད་འཕགས་ཀྱི་གླུ་བ་ཁོང་དྲང་བདེན་གྱི་ཟོལ་གྱིས་གར་སྟེགས་ལས་བདའ་བར་སྐྱུག་བྲོ་བའི་འཁྲབ་སྟོན་སྣ་ཚོགས་ཤིག་བྱེད་དགོས་ཐུག་ཡོད་པ་རེད། གནད་ཀྱི་འགག་རྩ་ངོ་མ་ནི་ཚེ་དབང་ནོར་བུས་ཁྲམ་ལས་ངོས་ལེན་མ་བྱས་པ་དེར་ཐུག་ཡོད་ཅེས་བརྗོད་པ་ནི་ཤིན་ཏུ་མད་པར་འདོད་དེ། ཚེ་དབང་ནོར་བུར་སི་ཁྲོན་བརྙན་འཕྲིན་ཁང་གི་བཅར་འདྲིའི་སྐབས་སུ་ “ང་ཕྱིར་བོད་དུ་ལོག་དགོས་ཞེས། ཚོགས་པ་དང་མཉམ་འབྲེལ་གྱི་གན་རྒྱར་མིང་རྟགས་བཀོད་མེད།”ཅེས་ལན་བཏབ་པ་དེས་ཡོད་ཚད་ལ་བདེན་དཔང་བྱས་ཡོད། འདི་གླུ་སྐད་སྙན་མོའི་སྐབས་ཡིན་ནའང་། འདིས་འགྲན་བསྡུར་སྔ་མ་དཔོག་པ་མ་ཟད། འདི་ལས་ཚེ་དབང་ནོར་བུས་རང་ཚུགས་དང་ཁོང་ལ་རིམ་པར་འཕྲད་པའི་དཀའ་ངལ་སྣ་ཚོགས་ཤིག་ལའང་ཚོད་དཔག་ཐུབ་པ་ཞིག་རེད། ནོར་བུས་ཚོགས་པ་དེའི་གན་རྒྱར་ངོས་ལེན་བྱས་ཡོད་ན། དམག་ལྭ་གོན་ནས་ཏང་ལ་བསྟོད་གླུ་འབུལ་མི་དགོས་ཀྱང་བོད་ལྭ་ཅན་གྱི་རྒྱ་ཕྲུག་ཚོ་ལྟར་中国爱拉索 ཞེས་གར་སྟེགས་ལས་རྒྱུག་དགོས་པས། བོད་ཀྱི་རིག་གནས་ཅན་གྱི་གླུ་བ་ཚེ་དབང་ནོར་བུ་ཤི་དགོས་ཀྱང་རང་གི་གླུ་ངག་རང་གི་མི་རིགས་ཀྱི་བླ་སྒུལ་བའི་ལས་སུ་བཀོལ་མི་སྲིད།
འགྲན་བསྡུར་དེར་བོད་གཞས་གཅིག་དང་དབྱིན་གཞས་ཤ་སྟག་ལས་རྒྱ་གཞས་གཅིག་ཀྱང་མ་བཏང་བ་དང་། དགེ་རྒན་ཚང་མས་རྒྱ་གཞས་གཏོང་བར་བསྐུལ་ནའང་མ་བཏང་བར་དབྱིན་གཞས་ཤིག་བཏང་བ་དེས། རྒྱ་ཞེན་གནག་པོ་ཁོང་ལ་སྦས་ཏེ་དྲང་བོ་དྲང་བཞག་གི་འཁྲབ་སྟོན་པ་ཚོའི་སྙིང་ཁར་ཆུ་འཁྱག་ཕྱར་བའི་ཚོར་བ་བྱུང་ཡོད་ངེས། དེ་ནི་ཚེ་དབང་ནོར་བུའི་གསར་རྟགས་ངར་པོའམ་སྒྱུ་རྩལ་གྱི་གཤིས་ཀ་རྣལ་མ། ཡང་ན་ཚེ་དབང་ནོར་བུས་རང་ཉིད་འགྲོ་དགོས་པ་དང་བཀོད་སྒྲིག་པས་བཀོད་སྒྲིག་གཞན་ཞིག་བྱེད་ཀྱིན་པ་ཧ་གོ་ནས་གཞན་བསྟུན་ལས་རང་རྟོན་འདེམས་ཏེ་རྒོལ་ལན་སློག་སྟངས་ཤིག་ཀྱང་ཡིན།
སྐབས་དེར་ནོར་བུས་གར་སྟེགས་ཀྱི་རྒྱབ་ཡོལ་ངོས་སུ་བོད་ཡིག་གིས་ནོར་བུ་ཞེས་ཡི་གེ་ཆེན་པོ་ཞིག་བྲིས་པ་མ་ཟད། ངའི་མིང་ལ་ཚེ་དབང་ནོར་བུ་ཟེར་ཞེས་བོད་སྐད་བཤད་རྗེས་རྒྱ་སྐད་ཀྱིས་ངོ་སྤྲོད་བྱས་པ། “ངས་གཞས་གཏོང་བ་ནི་གཞན་དག་ངའི་གཞས་ལ་དགའ་བའི་ཆེད་ཙམ་མིན། ངས་གཞས་གཏོང་བ་ལས་གཞན་དག་དགའ་དང་མི་དགར་དོ་སྣང་བྱེད་ཀྱི་མེད”་ཅེས་བཤད་པ་མ་ཟད། “ངས་སེམས་གཏིང་ནས་རང་གི་འགྲན་ཡ་དེར་ཐོབ་པར་སྨོན་འདུན་ཞུ་ཡི་ཡོད། ད་ནི་ང་རང་གི་ཡུལ་ལ་ལོག་པར་འདོད།” ཅེས་སོགས་བོད་པའི་གླུ་བ་སྔོན་མ་སུས་ཀྱང་མ་འཇོན་པའི་བོད་ཀྱི་ཁྱད་ཆོས་དང་བོད་པའི་ཕོ་སར་གྱི་གཤིས་ཀ་མཁྲེགས་པོ་ཡང་ཡང་བསྟན་ཡོད། འདི་ལས་ཚེ་དབང་ནོར་བུ་དྲང་བདེན་ལ་ཡིད་ཆེས་ཟབ་པ་དང་། སྒྱུ་རྩལ་བའི་གཉུག་གཤིས་མཉེན་མོ་ལྡན་པ། མི་གཤིས་ཀྱི་ལྟ་བ་ཟབ་མོ་ཅན་པ་ཞིག་ཡིན་པར་དོ་སྣང་བྱེད་མི་དགོས་པར་ཚུར་ཚུར་མིག་ནང་ལ་སྣང་ཡོང་གི་འདུག དེ་ལས་ཀྱང་གསལ་ཙམ་བཤད་ན། སང་ཉིན་གྱི་ཕོ་སར་ཞེས་པ་ནི། གར་སྟེགས་ལས་བྱིས་པ་རློན་ནུ་ལྟར་ངུ་བའི་བང་ལིས་ཧོང་ལྟ་བུ་ཞིག་དང་། ལྐོག་ཇུས་ཀྱི་ཐག་པས་རྐང་ལག་བསྡམས་པ་ཞིག་མིན་པར། སྙན་གྲགས་དང་སྒོར་མོའི་མདུན་ནས་སྒྱུ་རྩལ་དང་རྒྱུ་འབྲས་ཀྱི་བླ་སྲུང་བར་ཤིན་ཏུ་དཔའ་བ་ཞིག་གོ་ཞེས་རྒྱ་ནག་པ་ཚོར་བརྡ་བཏང་ཡོད།
བདུན་པ། རྒྱ་ནག་གི་གླུ་སྐད་སྙན་མོའི་ཁྲོད་ཀྱི་བོད་ཀྱི་གླུ་སྐད་སྙན་མོ།
རྒྱ་ནག་རྒྱལ་ཡོངས་ལ་ཆེས་སྙན་གྲགས་ཆེ་བའི་རྒྱ་ནག་གི་གླུ་སྐད་སྙན་མོ་༼中国好声音༽ ཞེས་པའི་གླུ་དབྱངས་འགྲན་བསྡུར་གྱི་སྡིངས་ཆ་དེར། རྒྱ་ནག་མིན་པའི་ཨེ་ཤ་ཡའི་རྒྱལ་ཕྲན་འགའི་གླུ་བ་རེ་ཟུང་གིས་ཆ་ཤས་བླངས་མྱོང་བ་མ་ཟད། ཨ་རི་དང་དབྱིན་ཇི་སོགས་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ནས་འཚར་ལོངས་བྱུང་བའི་རྒྱ་ཕྲུག་འགའ་རེའང་ཞུགས་ཡོད། སྡིངས་ཆ་འདི་ལ་ཅུང་ཚད་ལྡན་གྱི་རྣམ་པ་ཡོད། དཔྱད་འདེམས་པའང་སྔོན་མ་རྣམས་ནི་ཤེས་རྒྱ་ཆེན་པོ་ཅན་གྱི་སྒྱུ་རྩལ་བ་རྒན་པ་འགའ་རེ་ཡོད་ལ། ཨང་རིམ་དགར་བའང་དྲང་པོ་བྱུང་བའི་ཚོར་བ་བདག་ལ་སྐྱེས། དེ་ནི་སྡིངས་ཆ་འདིའི་མདུན་ལམ་ལ་དམིགས་པ་ཞིག་ཀྱང་ཡིན་ངེས། གར་སྟེགས་འདིར་བོད་ཀྱི་གླུ་བ་བཀྲ་ཤིས་ཕུན་ཚོགས་ཀྱིས་༢༠༡༧ ལོར་རྒྱ་ནག་རྒྱལ་ཡོངས་ཀྱི་ཨང་དང་པོ་དང་། བསྟན་འཛིན་ཉི་མས་༢༠༡༨ ལོར་རྒྱ་ནག་རྒྱལ་ཡོངས་ཀྱི་ཨང་དང་པོ་བླངས་པ་རེད། གླུ་བ་འདི་གཉིས་ཀར་འགྱོག དྭངས། འགུག འཐེན་སོགས་གང་ཐད་ནས་གཞན་གྱིས་འགྲན་མི་ནུས་པའི་ཁྱད་ཆོས་ཅན་གཉིས་རེད། དེ་ལས་གཞན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་བཀྲ་ཤིས་ཕུན་ཚོགས་བོད་རིགས་དགེ་རྒན་ཞིག་དང་། བསྟན་འཛིན་ཉི་མ་བོད་ཀྱི་སློབ་གྲྭ་ཆེན་མོ་བ་ཞིག་ལས་གཉིས་ཀ་གླུ་གར་དང་རོལ་མོའི་ཆེད་ལས་ཤེས་བྱ་མེད་པའི་བོད་ཀྱི་རིག་གནས་ཅན་གཉིས་ཡིན་པ་དེ་རེད། འདི་གཉིས་ཀས་བོད་ཀྱི་འབྲོག་གླུའི་གདངས་དང་འཐེན་གྱི་ནུས་པ་ལ་དུས་རབས་ཀྱི་གདངས་དབྱངས་གསར་བས་རམ་འདེམས་དང་བསྡོངས་ནས་རྒྱལ་ཁ་བླངས་པ་རེད། དེ་ཡང་མདོར་དེད་ན། བོད་ཀྱི་རིག་གནས་ཀྱི་ཆ་ལ་གཞན་གྱིས་འགྲན་མ་བཟོད་པ་དང་བོད་ཀྱི་རིག་གནས་བཀོལ་ཤེས་པ་དེ་རེད། སྐབས་འདིར་བསམ་གཞིག་གཞན་ཞིག་ཡོད་པ་ནི། དེང་རབས་ཀྱི་སློབ་གསོའི་ནང་དུ་ཆེད་ལས་ཆེད་ལས་ཞེས་གལ་ཆེན་པོ་བརྩི་ནའང་ཐུན་མིན་གྱི་རིག་གནས་དང་ལྷན་སྐྱེས་ཀྱི་ནུས་པ། བརྩོན་འགྲུས་གསུམ་ནི་ཆེད་ལས་ལས་ཀྱང་ཁྱད་པར་དུ་འཕགས་པར་བདེན་དཔང་བྱས་པ་རེད། གར་སྟེགས་འདི་རུ་ས་གནས་ཁག་ནས་བསལ་འདེམས་བྱས་པའི་འགྲན་བསྡུར་བ་གཅིག་པུར་སྟོང་ཕྲག་བརྒལ་བ་དང་། མང་ཆེ་བ་ཆེད་ལས་སློབ་མ་དང་ཆེད་ལས་སློབ་ཐོན་པ། གླུ་བ་མིང་གྲགས་ཅན་བཅས་ཡིན་མོད། བོད་ཀྱི་གསར་བུ་གསར་མོ་ཚོས་གངས་སིལ་གྱི་དབྱངས་རྟ་དང་བོད་ཀྱི་རིག་གནས་ངོམ་ནས་དེ་དག་ཟིལ་གྱིས་མནན་ཏེ། མཚན་གྲགས་ཁུར་ནས་ཡོང་གི་ཡོད། མང་ཆེ་བས་བོད་ཀྱི་འབྲོག་གླུ་དང་དམངས་གླུའི་གདངས་ཀྱིས་མཚོ་མཐའི་བྱིས་པ་ཚོ་ཟིལ་གྱིས་ནོན་ནའང་རིག་གནས་དང་ཆེད་ལས་ཀྱི་ཆ་ནས་་མ་ནོན་པར་ཤོར་བའང་ཡོད་སྣང་སྐྱེས། ཡིན་ནའང་། མི་འདྲ་བ་ཞིག་ཡོད་པ་ནི། གླུ་མ་གསེར་ལྡན་སྨན་འཚོ་དང་གླུ་བ་ཚེ་དབང་ནོར་བུ་གཉིས་ཡིན། གསེར་ལྡན་སྨན་འཚོ་ནི་ ༢༠༡༩ ལོར་རྒྱ་ནག་གི་གླུ་སྐད་སྙན་མོའི་ནང་ཞུགས་ནས། ལོ་དེའི་རྒྱ་ནག་གི་གླུ་རྒྱལ་མ་ཞིན་ཧན་མཱན(邢晗铭) དང་འགྲན་གཤིབ་སྐབས་ཕམ་པ་རེད། མོའི་གླུ་གདངས་ལ་བོད་རྒྱལ་རོང་བའི་དམངས་གཞས་ཀྱི་གདངས་ཅུང་འདྲེས་པ་ལས་གཞན་དེང་རབས་ཀྱི་གཞས་གདངས་དང་སྐད་ངག་གིས་རྒྱ་ཕྲུག་ཚོ་ཟིལ་གྱིས་མནན་པ་རེད། མོ་ལ་སུས་ཀྱང་ལད་ཟློས་མི་ནུས་པའི་སྐད་ངག་ཅིག་ཡོད། ཡིན་ནའང་། འགྲན་ཡ་མར་རྒྱ་ནག་གི་གནའ་བོའི་སྐད་གདངས་དང་ཀྲེ་ཅང་བུན་ཀྲིག་གི་སྐད་གདངས་ཡོད་པ་དང་། སྐབས་དེའི་དཔྱད་འདེམས་པ་ཚོ་ནི་མཚོ་འགྲམ་ལ་རྒྱུས་ཆེ་བ་བཅས་ཀྱི་དབང་གིས་བུན་ཀྲིག་རྒྱ་མོ་དེ་རྒྱལ་སོང་བའི་སྣང་བ་བྱུང་། རྒྱ་མོ་དེའང་བྱིས་པའི་གདངས་ཅན་གྱི་སྐད་གདངས་དམིགས་བསལ་ཅན་ཞིག་རེད། ཚེ་དབང་ནོར་བུ་༢༠༢༡ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་གླུ་རྒྱལ་མ་བོའུ་ཁི་ཡེ་ལས་འགྲན་ཕམ་བྱུང་ཡོད། ཀུན་ལས་ཆེས་ཁྱད་པར་དུ་འཕགས་པ་ནི་ཚེ་དབང་ནོར་བུ་ལགས་ཡིན། གླུའི་ངོ་བོ་ལ་བོད་རྒྱ་དབྱིན་གསུམ་ཡོད་པ་དང་། གླུ་གདངས་དང་། ངག འགུག་གསུམ་ལ་ཐུན་མིན་གསར་གཏོད་ཀྱི་རྣམ་པ་དང་དུས་རབས་ཀྱི་རྣམ་པ། བོད་གླུའི་རྣམ་པ་གསུམ་ལྡན་ཅན་ཡིན་པ་ནི། ནོར་བུའི་གླུ་དབྱངས་ཀྱི་ཁྱད་ཆོས་དང་རྩལ་དུ་གཏོགས་པ་ཡིན། གར་སྟེགས་འདི་རུའང་ནོར་བུས་གླུ་ཚིག་བོད་ཡིག་གིས་མངོན་བཅུག་པ་རེད། བོད་པ་མང་པོ་ཞུགས་ནའང་བོད་པ་གཅིག་གིས་ཀྱང་འདི་འདྲ་འཇོན་མེད། བོད་ཀྱི་རིག་གནས་དང་སེམས་ཁམས། གཤིས་ཀ་བཅས་མངོན་ཆེ་བ་དེས་ནོར་བུ་སྒེར་གྱི་ཁེ་ཕན་ལ་གནོད་ཡོད། ད་དུང་བསྟན་འཛིན་ཉི་མས་རང་ཉིད་ཀྱི་རྒྱབ་སྐྱོར་བར་རང་མིང་བོད་ཡིག་གིས་བྲིས་ཏེ་ཕྱར་བཅུག་ཡོད་ཀྱང་གར་སྟེགས་ཀྱི་ཡོལ་ངོས་སུ་བོད་ཡིག་འཆར་འཇུག་ཐུབ་མེད། དེའང་དམིགས་བསལ་ཞིག་རེེད། བོད་ཡིག་ལ་བརྩེ་ཞེན་ཟབ་མོ་ཅན་གྱི་ང་ལ་མཚོན་ན། གར་སྟེགས་ལས་བོད་ཀྱི་ཡི་གེ་འབྲུ་གཅིག་མངོན་ནའང་ཆེས་ཡིད་དུ་འོང་བ་ཞིག་རེད། ཚེ་དབང་ནོར་བུ་ཞུགས་པའི་སྡིངས་ཆ་ཆེ་ཤོས་གཉིས་ནི་༼རྒྱ་ནག་གི་གླུ་སྐད་སྙན་མོ་༽དང་༼སང་ཉིན་གྱི་ཕོ་སར་༽གཉིས་ཡིན་ལ། དེ་གཉིས་ཀར་གར་སྟེགས་ཀྱི་རྒྱབ་ལྗོངས་ལས་བོད་ཡིག་མངོན་བཅུག་ཡོད། རྒྱ་ནག་གི་སྡིངས་ཆ་ཆེན་པོར་བོད་གདངས་ཀྱིས་སྙན་གྲགས་འཚོལ་མཁན་མང་ནའང་བོད་ཡིག་ཤར་འཇུག་མཁན་ནོར་བུ་གཅིག་པུ་ཡིན། འདི་ཙམ་གྱིས་ཚེ་དབང་ནོར་བུ་དང་བོད་ཡིག་བར་གྱི་བརྩེ་བ་དཔོག་པ་ཞིག་དང་། ཡང་ན་ཁོང་གི་རྣམ་དཔྱོད་དང་བློ་གཤོག དེ་ལས་ཀྱང་གསལ་བོར་སྨྲས་ན་ཚེ་དབང་ནོར་བུ་བོད་ཀྱི་རིག་གནས་ཅན་དང་རིགས་ཞེན་ཅན་དུ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་ཞིག་རེད།
རྒྱ་ནག་གི་གླུ་སྐད་སྙན་མོའི་འགྲན་བསྡུར་འདིའི་རྟིང་རྩོད་པ་ཚོ་ནི། མི་སྟོང་ཕྲག་ལྷག་གི་ཁྲོད་ནས་འདེམས་ཏེ་ཡོང་དགོས་ཤིང་། མི་དྲུག་རྒྱ་ནག་གི་ཚོགས་ཁང་གྲགས་ཆེན་བྱ་ཚང་ནང་ནས་རྒྱལ་ཡོངས་ལ་ཐད་གཏོང་བྱས་ཏེ། འགྲན་གཤིབ་བརྒྱུད་ལོ་དེའི་གླུ་རྒྱལ་ཐག་གཅོད་དགོས་ཤིང་། བྱ་ཚང་ལ་མ་ཐོན་བར་དུ་སྙན་གྲགས་རྒྱས་མི་ཐུབ་ནའང་། ནོར་བུ་བྱ་ཚང་ནང་ལ་མ་ཐོན་སྔོན་ནས་རྒྱལ་ཡོངས་ལ་གྲགས་སོང་བ་ནི། ནོར་བུ་ཁོ་ནའི་ཁྱད་ཆོས་རེད། དེ་ནི་དགེ་རྒན་ཡག་ཤོས་ཚོའི་ཡིད་གཡོས་བཅུག་པའི་རྐྱེན་རེད། དཔེར་ན། ནོར་བུས་རྒྱ་གཞས་一点点 གཏོང་སྐབས།
དགེ་རྒན་ནཱ་ཡན་那英 དང་ཅེ་ཁུ་ཅོན་ཡེ་ 吉克隽逸 སོགས་ཀྱིས་བསྔགས་བརྗོད་བྱས་ཡོད་ལ། ལྷག་པར་ནཱ་ཡན་གྱིས། ཁྱོད་ལས་སུ་གང་གིས་མི་ཐོན་པའི་ལྷན་སྐྱེས་ཀྱི་བོད་པའི་གླུ་གདངས་དེ་ཧ་ལས་པའི་ཡག་པོ་རེད། དེ་དང་ཟུང་འཇུག་བྱས་པའི་ཁྱོད་ཀྱི་གླུ་དབྱངས་དེ་དེང་རབས་ཀྱི་R&B ཏག་ཏག་རེད་ཅེས་བསྔགས་བརྗོད་བྱས་ཡོད་པ་མ་ཟད། ནོར་བུས་ཀྱང་མོ་རང་དགེ་རྒན་ལ་བདམས། བར་ལམ་ནས་བཀོད་སྒྲིག་པ་སོགས་རྙོག་དྲ་ཅི་ཞིག་གི་རྐྱེན་གྱིས། ནཱ་ཡན་དཔྱད་འདེམས་དགེ་རྒན་གྱི་གྲལ་ནས་འབུད་དགོས་བྱུང་ཡོད། ནཱ་ཡན་ནི་གར་སྟེགས་དེའི་དགེ་རྒན་རྒན་ཤོས་དང་གླུ་མ་གྲགས་ཆེན་ཡིན།
ཕྱིས་སུ་དགེ་རྒན་ལོ་ཁྲང་ཡོང་廖昌永 ནོར་བུའི་དགེ་རྒན་ཡིན་ལ། ལོ་ཁྲང་ཡོང་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་རོལ་མོ་མཁས་ཆེན་ཞིག་ཡིན། ནོར་བུས་དབྱིན་གཞས་《someone you loved》བཏང་བ་དང་རྒྱ་ནག་པ་ཞིག་ལ་དབྱིན་ཡིག་གི་སྒྲ་གདངས་དེ་འདྲ་མི་ཡོང་བ་དང་། ཁྱོད་ཀྱི་གླུ་གདངས་ནང་ན་རྒྱ་གདངས་ཅུང་ཟད་ཀྱང་མི་འདུག ངས་ཁྱོད་ཁས་བླངས་པ་ཡིན། ཞེས་བསྔགས་བརྗོད་བྱས་པ་མ་ཟད། དགེ་རྒན་ལིས་རོང་ཧོས་ཀྱང་ནོར་བུའི་དབྱིན་གཞས་དེས་ང་ཚོ་ལ་དགའ་སྟོན་ཞིག་བཤམས་སོང་ཞེས་དགེ་རྒན་གཉིས་ཀྱིས་བསྔགས་པ་བརྗོད་ཡོད། ཆེད་མཁས་དགེ་རྒན་དེ་གཉིས་ལས་ཆེ་བསྟོད་དེ་འདྲ་གནང་བར་ལྟད་མོ་བོ་ཀུན་གྱིས་མཉམ་བཞག་ཡོད། ལྷག་པར་ལིས་རོང་ཧོའི་རུ་ཁག་གི་གླུ་བ་བང་ཧོང་ཧོ་(王泓昊) དང་འགྲན་གཤིབ་བྱས་པ་ལ་ལྟད་མོ་བ་ཀུན་གྱིས་མཉམ་བཞག་ཡོད། གཉིས་ཀ་སྐད་ཡག་དང་གླུ་བ། གསར་ཡག་དང་རེ་བ་ཆེ་བའི་གླུ་བ་ཡིན་པས་དོ་སྣང་དམིགས་བསལ་བྱས་ཡོད་པ་དང་། ནོར་བུ་དེ་ལས་འགྲན་རྒྱལ་བྱུང་བ་རེད། དེར་བརྟེན། ནོར་བུ་དང་པོ་ནས་རྒྱལ་ཡོངས་ལ་གྲགས་སོང་བ་རེད། ནོར་བུས་ཀྱང་དགེ་རྒན་གཉིས་ཀས་ཤ་ཚ་ཚ་དང་སྙིང་ཉེ་ཉེས་ལམ་སྟོན་གནང་ཡོད་པ་མ་ཟད། དགེ་རྒན་ལོ་ཁྲང་ཡོང་ཧ་ཅང་ཞིབ་ཚགས་ལྡན་པ་དེས་ནོར་བུར་བློ་སྐྱེད་ཆེན་པོ་བྱུང་བ་དང་། ལྷག་པར་དགེ་རྒན་ཁོང་གི་བུ་མོ་དང་ལྷན་དུ་དབྱིན་ཡིག་གི་སྒྲ་གདངས་ལ་དག་འདོན་པར་ནུས་པ་དམིགས་བསལ་ཐོན་པར་ནོར་བུས་བཤད་ཡོད།
སྐབས་འདིར་དཔྱད་འདེམས་དགེ་རྒན་ཚོས། ཁོའི་གླུ་སྐད་ནི་ཁོའི་ཤ་དང་ཁྲག་བཞུར་ནས་ཡོང་བའི་ངག་ཅིག་རེད། ཅེས་དང་། ཁོས་བོད་མཐོ་སྒང་གི་རང་བྱུང་རི་ཆུ་ནགས་གསུམ་གྱི་གླུ་སྒྲ་སྲོག་ལ་ཞུགས་པའི་དེང་རབས་ཀྱི་གླུ་དབྱངས་ཤིག་ལེན་གྱི་འདུག ཅེས་དང་། ཁྱོད་ཀྱི་གླུ་ཚིག་མི་གོ་ནའང་གླུ་དབྱངས་མགོ་ཚུགས་པ་ནས་བཟུང་ང་སྐྱིད་ལ་བསྐུར་སོང་ལྟ་བུའི་རང་གི་ཚོར་སྣང་ཙམ་ལས་ནོར་བུའི་གླུ་དབྱངས་ལ་དོགས་སློང་གི་ནུས་པ་ལྡན་པའི་དཔྱད་བརྗོད་པ་མ་བྱུང་མོད། ཀོང་ཏུང་རྒྱ་མོ་བོའུ་ཁི་ཡེར་伍珂月 འགྲན་གཤིབ་སྐབས་སུ་ནོར་བུ་འགྲན་ཕམ་བྱུང་ཡོད། སྐབས་འདིར་དཔྱད་བརྗོད་པ་ཞིག་གིས་སྐབས་འདིའི་དཔྱད་འདེམས་དགེ་རྒན་ཚང་མར་མི་རིགས་ཀྱི་ཐུན་མིན་གླུ་གདངས་ལ་ཞིབ་འཇུག་དང་དོ་སྣང་ཅན་མིན་པ་ཟད། དེང་རབས་ཀྱི་གླུ་དབྱངས་ལ་ཤེས་རྒྱ་ཟབ་མོ་ཅན་ཡང་ཉུང་བ། མང་ཆེ་བ་ཀོང་ཏུང་གི་ལོག་སྐད་བཤད་ནས་འཚར་ལོངས་བྱུང་ཞིང་དེའི་སྐད་གདངས་དང་གླུ་དབྱངས་ལ་ཤ་འདྲེས་པགས་འདྲེས་ཡིན་པ་དང་། རྒྱ་ཞེན་དང་ས་ཁུལ་གྱི་ཞེན་ཁོག་ཆེ་བ། དམིགས་ཡུལ་གང་ཞིག་དང་བཀོད་སྒྲིག་གང་ཞིག་གི་དབང་གིས་འགྲན་ཕམ་བྱུང་བར་གླེང་བ་ནི་བདེན་གཏམ་རེད་སྙམ། དཔེར་ན། ཕུར་བ་སྐྱབས་ཧི་མ་ལའི་རྒྱལ་སྲས་སུ་འདེམས་སྐབས་སྔ་མོ་ནས་ཕུར་བ་སྐྱབས་ལ་གཏན་འཁེལ་ཡོད་ནའང་ཧི་མ་ལའི་རྒྱལ་སྲས་འཚོལ་གྱི་ཡོད་རབས་ཀྱི་དྲིལ་བསྒྲགས་སྤེལ་ཏེ། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་མང་པོ་ནས་མི་སུམ་སྟོང་ལྷག་བསྡུས་ཏེ་འགྲན་བསྡུར་བྱས་ཏེ། ཐ་མར་དབང་བོ་སྐྱོན་ཅན་ཞིག་དང་ལྷན་དུ་འགྲན་གཤིབས་ཀྱིས་ཕུར་བ་སྐྱབས་ལ་ཧི་མ་ལའི་རྒྱལ་སྲས་སུ་གཏན་འཁེལ་བར་དེར་རྒྱུས་ཡོད་ཅིག་གིས་བདག་ལ་བཤད་མྱོང་། རྒྱ་ནག་གི་སྡིངས་ཆ་ཡོད་ཚད་འདི་འདྲ་ཞིག་ཡིན་ངེས། ཡག་ཤོས་དག་དང་པོ་ནས་ལམ་འཇུག་མ་བྱས་ན་ཐ་མའི་འགྲན་བསྡུར་སྐབས་ལབ་གླེང་མང་པོ་འབྱུང་བས། མེ་རྟ་དང་པོ་ནས་གསོད་པ་གར་སྟེགས་འདི་དག་གི་འཁྲབ་སྟོན་གྱི་བྱང་ཚད་ཅིག་ཀྱང་ཡིན་ནོ། །མང་གཙོའི་རྒྱལ་ཁམས་ནས་འཚར་བ་ཚོར་གཏམ་རྒྱུད་འདི་འདྲ་བཤད་ན། ཡིད་ཆེས་མི་སྲིད་ཀྱང་རྒྱ་གུང་ཁྲན་གྱི་གནམ་འོག་ན། ལས་རིགས་གང་ལའང་འཁྲབ་སྟོན་དང་ཇུས་ནག་ཟུང་འབྲེལ་ལས་དྲང་བོ་དྲང་བཞག་ཅིག་གཞི་མ་གྲུབ།
མཐར་ཚེ་དབང་ནོར་བུས། གླུ་རྒྱལ་མ་བོའུ་ཁི་ཡེ་དང་འགྲན་གཤིབ་སྐབས་ཕམ་བཅུག་ཡོད། མོ་ནི་ཚེ་དབང་ནོར་བུ་ལྟ་བུའི་ཁྱད་ཆོས་སྣ་མང་ཅན་ཞིག་མིན་ནའང་། དེང་སྐབས་རྒྱ་ནག་པས་རྒྱ་ནག་གི་གནའ་སྐད་ལ་ངོས་འཛིན་པའི་ཀོང་ཏུང་གི་སྐད་གདངས་ཅན་དང་། གདངས་དང་འགུག་གང་ལའང་དྭངས་ཆ་ཅན་གྱི་རྩེར་སོན་གླུ་མ་ཞིག་རེད།
བརྒྱད་པ། བོད་ཀྱི་སྟག་ཤར་ཁྲོད་ཀྱི་སྟག་ཤར་ཚེ་དབང་ནོར་བུ།
༢༠༢༡ ལོར་བོད་ཀྱི་སྟག་ཤར་ལེ་ཚན་༼藏风美年༽ཞེས་འགྲན་ཚོགས་ཤིག་བསྡུས་པ་རེད། ཚེ་དབང་ནོར་བུ་ལགས་བོད་ཀྱི་འགྲན་ཚོགས་ཤིག་ལ་ཞུགས་པ་འདི་ཉིད་རེད། དེར་བརྟེན། འདིའི་སྐོར་མདོར་བསྡུས་ཤིག་གླེང་བར་འདོད། སྐབས་འདིར་ནང་གསེས་རུ་ཁག་དགར་ནས་ཕུལ་བྱུང་གླུ་བ་རེས་རུ་གཙོའི་འགན་བཞེས་པ་རེད། ནོར་བུའང་རུ་གཙོ་ཞིག་རེད། ནོར་བུ་འགྲན་བསྡུར་མང་པོར་ཞུགས་པ་ལས་ཆེས་སྐྱིད་ཤོས་ཀྱི་འགྲན་བསྡུར་འདི་ཡིན་པར་ཁོང་གིས་བརྗོད་ཡོད། ང་སི་ཁྲོན་ལ་སླེབས་དུས་ཕ་ཡུལ་ལ་སླེབས་པའི་ཚོར་བ་འདུག་ཅེས་བཤད་ཡོད། ཚིག་འདིས་འགྲན་བསྡུར་གཞན་དག་བརྒྱུད་སྐབས་ཀྱི་དཀའ་ངལ་དཔོག་པ་ཞིག་རེད། སྐབས་འདིར་ཡང་ཁོས་རུ་མི་ཚོའི་འཇོན་ནུས་རྩལ་འདོན་ལ་ཤུགས་ཆེན་པོ་བརྒྱབ་ཡོད་པ་ལྟད་མོ་ལས་དངོས་སུ་མཐོང་ཐུབ་པ་ཡིན། ཐ་མར་རུ་གཙོ་རེས་འགྲན་བསྡུར་སྐབས་སུའང་ཁོ་རང་གིས་རང་གི་རུ་མི་ཚོ་གང་ནས་འཇོན་ན་དེ་རུ་མངགས་ནས་མཉམ་ལེན་ཞིག་བཀོད་སྒྲིག་བྱས་ཡོད་མོད། བཀོད་སྒྲིག་པས་བཀག་པ་རེད། སྐབས་དེར་ཁོས་ཐེ་ཚོམ་མེད་པར་ངའི་སྤུན་ཟླ་ཚོ་ཞུགས་མི་ཆོག་ན་ང་ཕྱིར་འཐེན་བྱེད་རྒྱུ་ཡིན་ཞེས་ཐག་བཅད་མོད། རུ་མི་ཚོས་ “ཁྱོད་ངེས་པར་ཞུགས་ཞེས་”ཞུ་བ་ཕུལ་ཞིང་། “ཁྱོད་དང་མཉམ་དུ་སོང་ནས་ཕམ་ན་ངེད་ཚོར་ཡང་གནོན་ཤུགས་འདུག་”ཅེས་ཐབས་མཁས་ཀྱིས་ནན་སྐུལ་བྱས་པ་བརྒྱུད་དང་ལེན་བྱས་པ་རེད། སང་ཉིན་གྱི་ཕོ་སར་ཞེས་པའི་འགྲན་བསྡུར་སྐབས་སུའང་། ཐ་ན་འགྲན་རྒྱལ་བྱུང་བའི་རྒྱ་ཕྲུག་ཚོའི་ནང་དུ། “ནོར་བུ། ཁྱོད་ནི་ནམ་ཡང་ང་ཚོ་ལས་ཁྱད་པར་དུ་འཕགས་པ་ཡིན་”ཞེས་དང་། “ཁྱོད་བོད་དུ་འགྲོ་ན་ངའང་ཁྲིད་རོགས་”ཞེས་སོགས་ཀྱི་སྐད་ཆ་དང་མིག་ཆུས་སྐྱེལ་མ་བྱས་པ་རེད། གནས་ཚུལ་འདི་དག་ལས་ཚེ་དབང་ནོར་བུ་ནི་ཐུན་མིན་གྱི་གཤིས་བཟང་དང་མཛའ་སེམས་ཅན། དྲིན་གཟོ་ལྷན་སྐྱེས་སུ་མངའ་བའི་བུ་ཞིག་ཡིན་པར་ངེས་པ་རྙེད་ཐུབ། འགྲན་ཚོགས་འདི་ལ་བོད་མིང་ཡོད་ནའང་སྐད་ཡིག་གི་ཆ་ནས་རྒྱ་ཡིག་དང་རྒྱ་སྐད་རྐྱང་བ་བེད་སྤྱད་ཡོད།
དགུ་པ། ཚེ་དབང་ནོར་བུ་རྒྱ་ནག་གིས་ཇི་ལྟར་བསད་པ་རེད་དམ།
བརྡ་འཕྲིན་གྱི་དུས་རབས་འདིར། སྐད་གྲགས་ཅན་གྱི་མི་སྣ་འདི་འདྲ་ཞིག་ཇི་ལྟར་གྲོངས་པའི་བརྒྱུད་རིམ་ཤིན་ཏུ་ལྐོག་ཏུ་གྱུར་བ་རེད་ཅེ་ན། བསམ་ཞིང་ཡིད་མི་ཆེས་པའི་གནས་ཤིག་ཡིན་མོད། དམར་པོའི་གནམ་འོག་གི་སྨག་རུམ་གྱི་མཐུག་ཚད་འདི་འདྲ་རེད། སྨག་རུམ་མཐུག་པོ་འདིའི་དཀྱིལ་ནས་བོད་པ་ཚོས་དྲང་བདེན་དང་འཛམ་གླིང་ཞི་བདེའི་ཆེད་དུ་ཚེ་སྲོག་གི་མར་མེ་བཏེགས་ནས་འོད་སྣང་སྒུམ་གྱིན་ཡོད། གནས་ཚུལ་འདི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་༢༠༢༢།༠༣།༠༤ ཉིན་དང་པོར་ཕྱི་ལོགས་སུ་བསྒྲགས་པ་རེད། དེའང་ག་དུས། ག་བར། ཅིའི་ཕྱིར། ཇི་ལྟར་སོགས་གསར་འགྱུར་གྱི་ཆ་རྐྱེན་ཅི་ཡང་འཛོམས་མེད། བང་ཆེན་གྱིས་ ༠༣/༠༦ ཉིན་བསྒྲགས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ངོས་སུ་༠༣པའི་ཚེས་ ༠༧ དང་༠༨ ། ཚེས་ ༡༢ བཅས་སུ་བསྒྲགས། དུས་བབ་ཀྱིས་ཚེས་ ༡༧ ཉིན་ཅུང་རྒྱས་པ་ཞིག་བཀོད་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་ཐ་མ་འདི་རེད། ༼༄༅། །བོད་ཀྱི་དེང་རབས་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༥ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་འདུག བོད་ཀྱི་རྒྱལ་ས་ལྷ་ས་ནི། འཛམ་གླིང་ནང་ཆེས་དམ་བསྒྲགས་ཆེ་ཤོས་ཀྱི་གྲོང་ཁྱེར་ཞིག་ཆགས་ཡོད། ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་མ་ཐག་རྒྱ་ནག་གི་ཉེན་རྟོག་པ་ས་གནས་སུ་ཡོང་སྟེ་ཁོང་ཁྱེར་ནས་ཕྱིན་ཡོད།
ཕྱི་ཟླ་ ༣ ཚེས་ ༥ ཉིན་ཁོང་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཕྱི་ལ་ཁྱབ་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པར་བརྟེན་ཁོང་གི་རང་ལུས་མེར་བསྲེགས་སྐོར་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་ཐུབ་མེད་པ་རེད། བོད་ཀྱི་ན་གཞོན་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་སྐབས་འབོད་ཚིག་དང་། ཞལ་ཆེམས་ག་རེ་ཡོད་མེད་སོགས་རྒྱ་གཞུང་གིས་དམ་བསྒྲགས་ལ་བརྟེན་ནས་ཤེས་རྟོགས་བྱུང་མེད།༽ཅེས་འཁོད། བཀའ་ཤག་གི་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན་ནང་དུ། ༼རང་ལོ་ ༢༦ ཡིན་པའི་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་ལྷ་སར་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་གྱུར་པའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་ཐོན་འདུག་ཀྱང་། རྒྱ་གཞུང་གི་དམ་དྲག་བཙན་པའི་དབང་གིས་ཁོང་འདས་གསོན་ཇི་ཆགས་དང་། དེ་མིན་གྱི་གནས་ཚུལ་རག་སོན་མ་བྱུང་། ང་ཚོས་གཞོན་སྐྱེས་འདིར་མཆོག་གསུམ་ཐུགས་རྗེའི་རྗེས་འཛིན་གཡེལ་མེད་གནང་བའི་སྐྱབས་སྨོན་ཞུ་རྒྱུ་དང་།༽ ཞེས་འཁོད་ཡོད། སྤྱི་འཐུས་ཀྱི་གསུང་འཕྲིན་ནང་དུ། ༼ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༥ ཉིན་གཞས་པ་ཚེ་དབང་ནོར་བུས་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད།༽ ཅེས་འཁོད་ཡོད། ༠༣/༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁོང་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་བཞག་པའི་སྔོན་གླེང་ནང་དུ། ༼ད་ཆ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་དངོས་བདེན་དུ་གྱུར་ཡོད་ནའང་ཚེས་ཆ་ད་ལྟའང་ཤེས་རྟོགས་གསལ་བོ་ཐུབ་ཀྱི་མི་འདུག༽ཅེས་འཁོད་འདུག གསར་འགྱུར་བརྒྱུད་ལམ་ཚང་མས་ཁོང་གི་སྐུ་ཚེ་ལོ་རྒྱུས་གཅིག་པ་བཤུ་འཁོད་བྱས་འདུག
གནས་ཚུལ་འདིའི་སྐོར་རམ་གསུང་འཕྲིན་ནང་འདས་གསོན་ཆ་མ་འཚལ་བར་གསུངས་པ་ལ་གྲོས་ཚོགས་ལས་དྲི་བ་འདྲི་སྐབས། སྲིད་སྐྱོང་གིས་སྒྲིག་འཛུགས་ཀྱིས་གནས་ཚུལ་ག་རེ་ཡིན་ནའང་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ། ངེས་པ་རྙེད་ན་མ་གཏོགས་འགོད་ཀྱི་མེད་པ་དང་། རྫུན་ཁུང་བརྟོལ་ན་ཕྱིས་སུ་སྒྲིག་འཛུགས་ཀྱི་གནས་ཚུལ་ལ་ཆ་འཇོག་མེད་པར་འགྱུར་ཉེན་ཡོད་པ་རེད། ཅས་ལན་ཕུལ་ཡོད། གསུང་འཕྲིན་བཀྲམས་པའི་ཉིན་གཉིས་ཀྱི་རྗེས་སུ་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ཅེས་དང་། མེར་བསྲེགས་བཏང་མ་ཐག་ཉེན་རྟོག་པ་ས་གནས་སུ་ཡོང་ནས་ཁྱེར་ཕྱིན་འདུག ཅེས་ཐག་བཅད་ཡོད། ཐག་བཅད་པ་གཉིས་ཀྱི་ཁུངས་ལུང་གང་ཡང་བཀོད་མེད། ཐག་བཅད་པ་གཉིས་ཞིབ་འཇུག་ཚད་ལྡན་སྔོན་སོང་གིས་བཀོད་པ་ཡིན་ན། དེ་ལུགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་མངགས་རྒྱུ་གལ་ཆེ་མོད། དཔལ་འབྱོར་ཚགས་པར་ཞིག་ནང་འཁོད་པ་ལས་ BBCདང་། CNN/Washington Post ལྟ་བུའི་རྒྱལ་སྤྱིའི་བརྒྱུད་ལམ་གཅིག་ལའང་ཁོང་གི་གནས་ཚུལ་ཐོན་མེད། ད་ནི་ཟླ་གཉིས་ཕྱིན་ཚར་ནའང་ཞིབ་འཇུག་མཐིལ་ཕྱིན་པའི་འབྲས་བུ་ད་དུང་ཐོན་མེད། འདི་འདྲ་འཐུས་ཤོར་མིན་པའི་རྒྱུ་མཚན་རྙེད་དཀའ་མོ་རེད།
སྤྱིར་སྐུ་ལུས་མེར་བསྲེགས་གནང་མཁན་༡༥༨ བྱུང་བའི་ཁྲོད་དུ་སྐུ་པར་ཙམ་ཡང་ལག་སོན་བྱུང་མེད་པ་དང་ཤི་གསོན་གནས་ཚུལ་གསལ་ཐག་མ་ཆོད་པའང་མང་པོ་ཡོད་པས། འཁང་ར་བྱས་ཀྱང་ཕན་པ་མེད་ནའང་བདེ་སྲུང་གཙོས་པའི་ཚོགས་པ་འདི་དག་གིས་ལས་ཀ་ཅི་ཞིག་ལས་ནའང་གཙོ་ཕལ་དང་གནད་ཀ་ངོས་འཛིན་རྒྱུ་གལ་ཆེན་རེད་སྙམ། བྱེ་བྲག་ལ་འབབ་རྒྱུ་མེད་པའི་སྤྱི་བཤད་ཀྱིས་རྔོ་ཅི་ཡང་མི་ཐོགས། བདེ་སྲུང་བཀའ་བློན་གསུམ་གྱི་རིང་མེར་བསྲེགས་གནང་མཁན་གྱི་དཔའ་བོ་ཚོའི་རྣམ་ཐར་གྱི་བདེན་པ་ཁ་སྐོང་མ་ཐུབ་པ་ལ་ངས་སྔར་ཡང་འཁང་ར་བྱས་མྱོང་ལ་ཕྱིས་སུའང་གླེང་ངེས་ཡིན། འདི་ནི་འཐུས་ཤོར་ཞིག་དང་གཞིས་སུ་ཡོད་པའི་རྒྱ་ཆེ་མི་མང་གི་མགྲིན་ཚབ་པའི་འགན་ཐེག་གི་མེད་པ་ཞིག་ལ་སྙམ་ཡོད། བོད་ནང་གནས་ཚུལ་མཐའ་དག་བོད་མི་ནས་བོད་མི་བརྒྱུད་རྩད་གཅོད་དགོས་པ་ཞིག་མིན་པར་མི་རིགས་གཞན་ཆེད་དུ་གཏོང་བ་སོགས་ཐབས་ལམ་མང་པོ་མང་པོ་ཞིག་ཡོད་པས་ཁག་དཀྲི་ས་རེ་ཟུང་གིས་བླ་དྭགས་པ་ཞིག་མ་རེད།
དུས་བབ་ཚང་གིས་ཟླ་འདིའི་ཟླ་སྟོད་དུ་ལྷ་སའི་བོད་ལྗོངས་མི་དམངས་སྨན་ཁང་ནང་སྨན་བཅོས་བྱེད་ཀྱི་ཡོད་པའི་ཁུངས་ལྡན་གནས་ཚུལ་ཞིག་ཐོས་པ་དང་། རྒྱ་ནག་ནང་དང་ལྷ་སར་གནས་པའི་མི་གཉིས་ཁ་མཐུན་དུ་ཕྱི་ལོགས་ཀྱི་མི་ཞིག་ལ་སྨན་ཁང་ནང་སྐུ་གྲོངས་པར་བཤད་པ་ཚེས་ ༡༧ ཉིན་ཐོས་པར་བཤད་ཡོད་མོད། ཁུངས་ལྡན་དང་པོའི་ཁུངས་གནས་གསར་འགྱུར་ནང་མི་གསལ།
ཨ་རིར་གནས་སྡོད་རྒྱ་མིའི་ཚོང་བ་ཀོ་ཝིན་ཀོས་ཚེ་དབང་ནོར་བུའི་སྐོར་གྱི་བརྙན་ཐུང་ཁ་ཤས་ཡུ་ཌོབ་ནང་བཏང་ཡོད། མེར་བསྲེགས་བཏང་བ་མིན་པར་གུང་ཁྲན་ཏང་གིས་གཅར་རྡུང་བྱས་ཏེ་ཆེད་དུ་བསད་པ་དང་། གསོད་དུས་ཡོད་པའི་མི་སྣ་ཞིག་གིས་ཁོ་ལ་དངོས་སུ་བཤད་རབས་སོགས་རྒྱུས་གཏམ་མང་པོ་མངགས་ཡོད། རྒྱ་རྒན་འདི་ལ་འུར་ཆེ་བས་བདེན་གཏམ་དུ་ངོས་འཛིན་དཀའ་མོད། དེའང་དཔྱད་གཞིའི་གནས་ཤིག་རེད་སྙམ།
མདོར་ན། ཚེ་དབང་ནོར་བུ་ལགས་ཀྱི་རིགས་ཞེན་ལ་དཔགས་ན་རྒྱ་ནག་གི་གནམ་འོག་ནས་སྐར་ཆེན་གྱི་རྣམ་པར་གསོན་མི་ཐུབ་པ་གསལ་བོ་ཡིན་པས་རྒྱ་གཞུང་གིས་བསད་པར་ཐེ་ཚོམ་མེད་ཀྱང་། མེར་བསྲེགས་ལ་ཁག་གཡོགས་ནས་གསོད་མི་སྲིད། མེར་བསྲེགས་རྗེས་ཆེད་དུ་བསད་ཅིང་གསོད་དུས་སུ་ཀོ་ཝིན་ཀོའི་གྲོགས་པོ་ཞིག་གིས་མཐོང་བ་དང་། མེར་མ་བསྲེགས་པའི་སྔོན་དུ་རྒྱ་མི་མང་གཙོ་དོན་གཉེར་བ་ཚོ་དང་འབྲེལ་བ་ཡོད་པར་བསྙད་ན། དེ་བློར་འཐད་པ་ཞིག་རེད། ད་ལྟའི་ཆར་ཁོང་མ་བསད་པའི་སྔོན་དེ་མ་ཐག་གི་སེམས་ཁམས་མཚོན་པའི་དཔང་རྟགས་གསལ་བོ་ཞིག་ཡོད་པ་ནི། སྤྱི་ལོ་ ༢༠༢༢ ལོའི་ཟླ་༠༢ ཚེས་ ༢༢ ཉིན་ཕྱི་ལ་བཀྲམ་པའི་གཞས་དེ་རེད་སྙམ། མཇུག་མཐར་གཞས་དེའི་སྐོར་ངོ་སྤྲོད་བྱེད་འདོད།
ད་དུང་ཞུ་འདོད་པ་ཞིག་ལ། བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་རབས་དང་རིམ་པ་སྤེལ་ཏེ། འདྲ་པར་སྣ་ཚོགས་དྲ་ལམ་ནས་མཐོང་རྒྱུ་ཡོད་ནའང་ཞུ་བར་བྱ་བ་ནི་རྙིང་པ་རྐྱང་བ་ཡིན་པའི་ཚོར་བ་བྱུང་། ཚེ་དབང་ནོར་བུའི་གྲོངས་རྐྱེན་ལ་ཞིབ་འཇུག་ཚད་ལྡན་ཞིག་བྱས་ཏེ། ཡིག་ཚགས་གློག་བརྙན་དང་དངོས་བཤུས་གློག་བརྙན་སོགས་ཀྱི་ལམ་ནས་གླེང་ན་ལམ་ཁ་ཞིག་ཡིན་པ་མ་ཟད། སྐར་ཆེན་ཁོང་གི་མཚན་གྲགས་དང་ལྷན་དུ་དཔའ་བོ་བརྒྱ་དང་ང་བརྒྱད་ཀྱི་རྣམ་ཐར་ཡང་རྒྱལ་སྤྱིའི་སྟེང་ནས་བསྐྱར་མངོན་བྱེད་པ་ཞིག་རེད་སྙམ། གནད་དོན་འདི་འདྲ་ཞུ་གཏུགས་ཀྱི་སྙིང་དོན་ཡིན་འོས་ལ་མགྲིན་ཚབ་པའི་འགན་འཁྲི་དང་པོ་ཞིག་ལའང་ཁོ་བོས་སྙམ།
དེ་ལས་ཀྱང་གལ་ཆེ་བ་ནི། ཚེ་དབང་ནོར་བུ་ཞེས་པ་འདི་དང་པོ་ཞུ་གཏུགས་རང་ཉིད་ལ་ཡག་པོ་ཞིག་ངོ་འཕྲོད་རྒྱུ་གལ་ཆེན་རེད་སྙམ། དེ་མིན་གླུ་བ་ཞིག་མེར་བསྲེགས་པ་རེད་ཅེས་གླེང་ཙམ་རེ་དང་མཆོད་འབུལ་རེས་འཐུས་པར་བྱས་ན་ཧ་ཅང་སླ་ཐལ་བ་རེད་སྙམ། དཔའ་བོ་དོན་འགྲུབ་དབང་ཆེན་གྱི་གཏམ་བཤད་ཅིག་གི་སྐབས་སུ། ༢༠༡༢ ལོར་ང་ཡོད་སའི་བཙོན་ཁང་གཅིག་པར་མེར་བསྲེགས་དང་འབྲེལ་ཡོད་ལ་བརྙས་ནས་བཟུང་བའི་བཙོན་མ་ཉི་ཤུ་དང་ཁོ་ཚོས་ངོ་ཤེས་པའི་བཙོན་མ་བརྩིས་ན་ལྔ་བཅུ་ལྷག་འདུག་ཅེས་བཤད་པ་བདག་གིས་ཐོས། དེ་ལ་དཔགས་ན་མེར་བསྲེགས་གནང་མཁན་གྱི་དཔའ་བོ་རེ་རེའི་ཤུལ་ལུས་ནང་མིའི་སེམས་སྡུག་ཙམ་མིན་པར་ཉེ་འབྲེལ་གྲོགས་འབྲེལ་ཅན་དག་ལ་མནར་གཅོད་གང་འདྲ་ཞིག་གཏོང་གི་ཡོད་པའང་དེ་ལས་དཔོག་ཐུབ་མོད། ང་ཚོས་ད་ལྟའི་བར་དུ་དེ་འདྲི་ཟུར་ཙམ་ཡང་གླེང་མྱོང་མེད་ལ། དེ་ལ་བསམ་གཞིག་བྱེད་མཁན་ཡང་ངས་ཐོས་མ་མྱོང་། བོད་ནང་གི་མནར་གཅོད་དང་གདུག་རྩུབ་སྲིད་བྱུས་ཀྱི་འགྱུར་བའི་སྐོར་ང་ཚོས་ཆ་ཤས་ཙམ་རེ་ལས་ཤེས་ཀྱི་མེད་ལ། ཤེས་འདོད་ཀྱང་མེད་པ་འདྲ་བས་སྙིང་ན་བྱེད་ཅིག་ངོས་འདི་དག་ན་ཡོད།
བཅུ་པ། ཚེ་དབང་ནོར་བུའི་བརྩམས་ཆོས་ཐ་མ།
<<གལ་ཏེ་ཕངས་སེམས་ཡོད་ཀྱང་། ཁུ་སིམ་མེར་མ་འཇོག >> ཅེས་པའི་གཞས་འདི་ནོར་བུའི་གཞས་ཐ་མ་རེད། སྤྱི་ལོ་ ༢༠༢༢ ལོའི་ ༠༢ ཚེས་ ༢༡ ཉིན་ནོར་བུས་རང་ཉིད་ཀྱི་བིས་པཱོ་(微博) དྲ་ངོས་སུ། གཞས་དེའི་ཁྱབ་བསྒྲགས་བརྙན་ཐུང་ཞིག་བཀོད་དེ། སྤྱི་ལོ་ ༢༠༢༢ ལོའི་ ༠༢ ཚེས་ ༢༢ ཉིན་གྱི་སྔ་དྲོ་དུས་ཚོད་ ༡༡:༠༠ སྟེང་གཞས་དེ་དྲ་ལམ་དུ་གཏོང་རྒྱུ་དང་། ༢༠༢༢ ལོའི་ ༠༢ ཚེས་ ༢༤ ཉིན་གཞས་ཀྱི་བརྙན་དྲ་ལམ་དུ་བཀྲམ་རྒྱུ་ཡིན་པར་བཤད་ཡོད། ༢༠༢༢ ལོའི་ ༠༢ ཚེས་ ༢༢ ཉིན་གཞས་དེ་བཀྲམས་རྗེས་མཆན་སྣ་ཚོགས་བྱུང་བ་ལ་ལན་གྱི་ཚུལ་དུ། ༢༠༢༢ ལོའི་ ༠༢ ཚེས་ ༢༢ ཉིན་གྱི་ཕྱི་དྲོར། ནོར་བུས་རང་ཉིད་ཀྱི་བིས་པཱོ་སྟེང་ལ། “ཁ་བྲལ་བ་མ་རེད། འབྲེལ་བ་གཏན་ནས་མེད། ཁྱོད་དྲན་པའི་དུས་སུ་ཁུ་སིམ་མེར་རང་ཉིད་ལ་བཤད་པ་ཡིན། གལ་ཏེ་ཕངས་སེམས་སྐྱེ་ནའང་། ཁུ་སིམ་མེར་འཇོག་འདོད་མེེད་”ཅེས་གསལ་བཤད་བྱས་ཡོད། ད་དུང་ཚེས་ ༢༣ ཉིན་”ཁྱོད་ཚོ་གཞས་འདིའི་ནང་གི་ཚིག་གང་ལ་དགའ་བོ་འདུག་”ཅེས་ཀྱང་དྲིས་ཡོད། ཚེས་ ༢༤ ཉིན་གྱི་ཕྱི་དྲོར་དུས་ཚོད་༠༣ པར་གཞས་དེའི་བརྙན་ཆ་ཚང་བཀོད་ཡོད་ལ་ད་ལྟའི་བར་དུ། ལྟ་མཁན་ཁྲི་༤༧ བྱུང་ཡོད།
ད་དུང་གླུ་ཚིག་རྩོམ་པ་པོ་ཙིན་ཅེ་(曾婕Joey.Z)ལགས་ཀྱིས། “གཞས་འདིས་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་ཅིག་ཁུར་ཡོད། ཐེངས་མང་པོར་བཟོ་བཅོས་བྱས་ཏེ་གྲུབ་མཐར། ཚེ་དབང་ནོར་བུས་བླངས་པ་རེད། ཧ་ཅང་སྙན་པོ་འདུག་”ཅེས་བཀོད་འདུག གཞས་ཚིག་འདི་སྒྱུ་རྩལ་བ་གཉིས་ཀྱི་མཉམ་བྲིས་ཡིན་པར་བརྙན་ནང་ནས་མཐོང་གི་འདུག
གཏམ་རྒྱུད་དེ་ཅི་ཞིག་ཡིན་ནམ། གཞས་འདི་ཁོང་གི་ཁ་ཆེམས་ལྟ་བུ་ཞིག་ཡིན་ནམ་ཞེ་ན། སུས་ཀྱང་ཐག་གཅོད་མི་ཐུབ་ལ་ཚིག་ཁོང་གི་མིན་པས། ཁ་ཆེམས་ཡིན་པར་གླེང་མི་འོས་སྙམ། ཡིན་ནའང་། ནོར་བུས་བརྩམས་ཆོས་འདི་རང་ཉིད་འཇིག་རྟེན་དང་མ་བྲལ་བའི་སྔོན་དུ་འགྲུབ་པར་བརྩོན་ལེན་བྱས་ཤིང་། ལེགས་པར་གྲུབ་དུས་རེ་འདོད་ཅིག་འགྲུབ་པའི་ཚོར་བའང་བྱུང་ཡོད་པ་བིས་པཱོ་ནང་གི་བརྩམས་ཆོས་དག་ལས་དཔོག་པ་ཞིག་རེད། འདི་ནོར་བུ་ཁོང་མི་སྒེར་གྱི་བརྩེ་དུང་དང་འབྲེལ་འདུག་སྙམ་ན། དེའང་མི་འོས་ཏེ། ཚིག་གཞན་གྱིས་བྲིས་པ་མ་ཟད། ཁ་བྲལ་བ་མ་རེད་ཅེས་གསལ་བཤད་ཀྱང་བྱས་ཡོད།
འདི་སྤེལ་བའི་ཕྱི་ཉིན་སྤྱི་ལོ་ ༢༠༢༢ ཟླ་ ༠༢ ཚེས་ ༢༥ ཆུ་ཚོད་ ༠༤:༥༩ སྟེང་རང་ཉིད་ཀྱི་བིས་པཱོ་སྟེང་དུ། “ཚང་མའི་སྐད་ལ་ལྟ་གིན་ཡོད། བཀའ་དྲིན་ཆེ། “ཞེས་དང་། “གལ་ཏེ་ཡིད་ཕམ་པོ་བྱུང་ན། ཁུ་སིམ་མེར་མི་འཇོག་པའི་རེ་བ་ཡོད། “ཅེས་ཚོན་མེད་འདྲ་པར་བཞི་བཀོད་ཡོད། དེ་ནི་ཁོང་གི་འདྲ་པར་ཐ་མ་དང་སྐད་ཆ་ཐ་མའང་རེད།
ནོར་བུས་རང་ཉིད་ཀྱི་བརྩམས་ཆོས་ཐ་མ་འདི་ཁྱབ་བསྒྲགས་ཧ་ཅང་ཤུགས་ཆེན་པོ་བྱས་ཡོད། བིས་པཱོ་(微博)གཅིག་བུར་བརྩམས་ཆོས་འདི་དང་འབྲེལ་ཏེ་བརྩམས་ཆོས་ལྔ་སྤེལ་ཡོད། ཁོང་གིས་ ༢༠༡༧ ལོ་ནས་བཟུང་རང་ཉིད་ཀྱི་བིས་པཱོ་སྒོ་འབྱེད་ཡོད་ནའང་། རང་གི་བརྩམས་ཆོས་ཁྱབ་བསྒྲགས་བྱེད་པའི་ལུགས་སྲོལ་ཁོ་ལ་མི་འདུག བརྙན་ཐུང་རེ་འགྲོ་ཞོར་འདུག་ཞོར་སྤེལ་བ་ཙམ་ལས། ཁོང་འགྲན་བསྡུར་ཆེན་པོ་མང་པོར་ཞུགས་ཤིང་བརྩམས་ཆོས་གསར་བའང་མང་པོ་ཐོན་མོད། རང་གི་བརྩམས་ཆོས་ཁྱབ་བསྒྲགས་བྱས་ོ་གཅིག་ཀྱང་བཀོད་མི་འདུག ཡིན་ནའང་། གླུ་དབྱངས་ཐ་མ་འདི་ཁྱབ་བསྒྲགས་མང་པོ་བྱས་འདུག དེའང་དམིགས་བསལ་ཞིག་རེད། ཐ་ན་”ཁྱེད་ཅག་ཚང་མས་ངའི་གླུ་གསར་བར་ཉན་ཟིན་ནམ་”ཞེས་ཀྱང་དྲིས་འདུག
གཞས་འདིའི་བརྙན་རིས་ཀྱི་ཇུས་འགོད་ནས་གླེང་ན། སྤྱིར་ན་ཁ་དོག་སྔོ་སྐྱ་སྟེ་མར་མེ་གཟིམ་ལ་ཁད་ཀྱི་ཁ་དོག་གིས་མང་ཆེ་བ་གྲུབ་ཡོད། དང་པོར་གངས་ཐང་སྨག་འཁོར་བ་རླུང་གི་འུར་སྒྲ་ཅན་ཞིག་ནས་མགོ་བརྩམས་ཏེ། མཁའ་མཐའ་རུ་མཚམས་སྤྲིན་མོག་མོག་ཅིག་འདལ་ཞིང་བུད་མེད་ཅིག་དེའི་ཕྱོགས་སུ་བཞུད་ཅིང་། ནག་ཁུང་ནང་དུ་ནོར་བུས་རྣོ་སྦྲེང་དཀྲོལ་སྐབས་མགོ་ཐོག་ནས་འོད་སྒོར་ཅིག་འཕགས་པ་དང་། སྒོ་ཁའི་འོད་མདངས་སྔོན་པོ་སྒོ་ཚད་ཀྱི་ཤེལ་ཁང་གྲུ་བཞི་ཞིག་གིས་རྣམ་པར་གྲུབ་པ་དང་། བུད་མེད་དེའི་གྲིབ་རིས་ཀྱང་དེར་ལངས། ནོར་བུའང་དེར་ལངས་ཤིང་གདུང་བས་གཞས་གཏོང་བ། བུད་མེད་དེ་མཚམས་སྤྲིན་དང་འོད་སྔོན་པོའི་ནང་དུའང་གསལ་བ། འོད་མདངས་སྔོན་པོ་ལས་ཟླ་འོད་གསལ་བ། ལོ་མའི་ཁུད་དུ་ཉལ་བ། གློག་འཁྱུག་པ། ཉི་འོད་ཀྱང་འཕྲོས་པ། མཐར་སྒོ་ཁ་ལས་ཉི་འོད་འཕྲོས་ཤིང་། ཉི་འོད་གངས་ཐང་ལ་འཕྲོས་ཏེ། ཉི་འོད་ཆེམ་ཆེམ་གྱི་གངས་ཐང་དུ་བུད་མེད་དེ་ཉི་འོད་གྱི་ཕྱོགས་སུ་བསྐྱོད་ཅིང་ཁོང་གིས་མུན་ནག་གི་ནང་ནས་ཉི་འོད་ལ་ལྟ་བཞིན་ག་ལེར་མཇུག་རྫོགས།
བུད་མེད་དེ་ལོ་མ་ལྗང་ཁུའི་དཀྱིལ་དུ་ཉལ་བ་དང་། ཁེར་རྐྱང་གི་གདུང་བས་མནར་བ། ངུ་བ། ངུ་ཞིང་འབོད་པ། སྒུག་པ། མཐར་འཛུམ་པ། ཉི་འོད་ཀྱི་ཕྱོགས་སུ་ཆས་ཤིང་། ཉི་འོད་ཇེ་གསལ་དང་འཇའ་འོད་ཀྱང་འཚེར་བ། ནོར་བུ་ནི་གདུང་བས་ཟུག་ཅིང་། འཛུམ་པའི་ཉམས་མེད་ནའང་མཐར་མུན་པའི་དཀྱིལ་དུ་ཉི་འོད་མཐོང་བ་མ་ཟད། མགོ་ཐོག་ནས་ཀྱང་ཉི་འོད་འཕྲོས་མོད། མུན་ནག་གི་དཀྱིལ་དུ་རེ་སྒུག་གིས་མཇུག་རྫོགས་པར་བྱས་ཡོད།
གླུ་དབྱངས་བསྐྱར་སྐོར་གསུམ་ལ་བླངས་ཡོད་པ་དང་། བསྐྱར་སྐོར་རེ་བཞིན་འོད་མདངས་འགྱུར་བ་མ་ཟད། མཚམས་སྤྲིན་ཡང་འགྱུར། བུད་མེད་དེའི་ཉམས་འགྱུར་ནི་དེ་ལས་ཀྱང་འགྱུར། ཐོག་མའི་གངས་ཐང་མུན་ནག་གི་དཀྱིལ་དུ་ཡོད་མོད། ཐ་མའི་གངས་ཐང་ལ་ཉི་འོད་འཕྲོས་ཤིང་བུད་མེད་ཀྱི་གདོང་ལའང་འཛུམ་མདངས་དོད། ནོར་བུའི་གདོང་ནི་མགོ་ནས་མཇུག་བར་རེ་སྒུག་གིས་ཁེངས་པ་ཞིག་དང་གཞས་ཚིག་རེ་རེ་བཞིན་ན་ཟུག་གིས་ངག་ལ་ལེན་ཞིང་། གདངས་ཀྱིས་འཐེན་པ། ལྷོད་ཀྱིས་འགུག་པ་མ་ཟད། བུད་མེད་ཀྱི་གདོང་ནམ་ཡང་འོད་སྣང་ལ་ཕྱོགས་ཤིང་ནོར་བུའི་གདོང་མུན་ནག་ལ་ཕྱོགས་ནས་གཞས་གཏོང་གིན་ཡོད།
གླུ་དབྱངས་འདིའི་གཞས་ཚིག་དང་གཞས་གདངས་དང་། བརྙན་མདངས་དང་བརྙན་རིས་སུ་ཤར་བའི་མཚམས་སྤྲིན་དང་གངས་ཐང་། ཉི་འོད་དང་ལོ་མ་ལྗང་ཁུ། བུད་མེད་དང་ཁོ་རང་བཅས་པ་ལས་ང་ལ་སྨྲ་བརྗོད་བྲལ་བའི་སྣང་བརྙན་རེ་འདྲེན་པས། འདིས་དེ་མཚོན་གན་མཚོན་ཞེས་དམར་འགྲེལ་བྱས་ན་སྒྱུ་རྩལ་བརྩམས་ཆོས་ལོག་འགྲེལ་ལ་འགྱུར་ཉེན་ཆེ་བས། བརྙན་དཔྱད་པ་དག་གི་སྐལ་དུ་འཇོག་པར་བྱ། རྒྱ་རྒན་ཞིག་གིས་གླུ་དབྱངས་འདི་ལ་དཔྱད་བརྗོད་བྱེད་ཁུལ་གྱིས། གླུ་འདི་ཁོང་གི་ཨ་མར་ཕུལ་བ་ཞིག་ཡིན་རབས་གླུ་ཚིག་ལས་གསལ་རབས་ཀྱི་གླེན་བཤད་བྱས་པའང་མཐོང་རྒྱུ་འདུག གང་ལྟར་མཐའ་མཇུག་གི་གླུ་དབྱངས་འདི་ལ་དོ་སྣང་བྱེད་དགོས་ངེས་སུ་མཐོང་། དེར་བརྟེན། གླུ་དབྱངས་འདིའི་ཚིག་རྒན་ཟླ་བ་ཚེ་རིང་ལགས་སུ་བོད་བསྒྱུར་གྱི་རེ་བ་བཏོན་པ་བཞིན་བསྒྱུར་གནང་སོང་བར་བཀའ་དྲིན་ཆེ་ཞུ་བ་དང་ཆགས་ཅིག་གཤམ་དུ་འདྲེན་བཀོད་བྱེད།
བཅུ་གཅིག་པ། ཆེས་མཐའ་མཇུག་གི་རྨོངས་འཆར།
ངས་འདི་ལྟར་བོད་ཀྱི་གཞོན་སྐྱེས་གླུ་བའི་སྡེར་མིག་བཤེར་ཅིག་བྱས་ན། ལྷན་སྐྱེས་ཀྱི་འཇོན་ནུས་ཅན་དང་བོད་ཀྱི་རིག་གནས་ཅན་ཚོར་མནན་ཡང་ནོན་གྱི་མེད་པའི་ངོས་ཤིག་མཐོང་གི དཔེར་ན། མནན་ཡང་མ་ནོན་པའི་བཀྲ་ཤིས་ཕུན་ཚོགས་དང་བསྟན་འཛིན་ཉི་མར་མཚོན་ནའང་། བོད་ཀྱི་རིག་གནས་ཀྱི་ཆ་དེ་གནོན་མ་པར་རྒྱལ་སོང་བ་རེད། འཇོན་ནུས་ཆེས་ཁྱད་འཕགས་མ་གསེར་ལྡན་སྨན་འཚོར་མཚོན་ནའང་། བོད་ཀྱི་རིག་གནས་ཀྱི་ལྗིད་ཤུགས་མེད་པ་དེ་རྐྱེན་གྱི་རྩ་བར་གྱུར་ནས་ཕམ་ཐལ་སྙམ་སོང་། གླུ་བའི་སྡེ་ཙམ་མིན་པར་གློག་བརྙན་གྱི་སྡེ་ནས་དཔྱད་ནའང་རྐང་ན་བོད་ཀྱི་རིག་གནས་ཅན་གྱི་གློག་བརྙན་དག་མནན་ཡང་ནོན་གྱི་མི་འདུག
བྱེ་བྲག་ནོར་བུའི་སྟེང་དུ་བབས་ན། ངས་ནོར་བུའི་སྐོར་གྱི་ཡིག་ཆ་དང་སྐད་ཆ་རག་ཚད་ཅིག་ལ་བསྐྱར་དུ་ལྟ་ཉན་བྱས་པའི་རྗེས་སུ། ནོར་བུ་ནི་མི་ལ་རྒྱ་ཅན་དང་བརྩེ་བ་ཅན། སྙིང་རྗེ་ཅན། བོད་ཀྱི་རིག་གནས་ཅན། ད་དུང་བསམ་གཞིག་ལ་དགའ་བ། གསར་གཏོད་ལ་དགའ་བ། དྲང་བདེན་ལ་དགའ་བ། གཞན་ཕན་ལ་དགའ་བ། སློབ་སྦྱོང་ལ་དགའ་བའི་མི་ཞིག་ཡིན་པའི་ངེས་པ་རྙེད་སོང་། དེ་དག་ཚང་མ་ངའི་རྩོམ་ཡིག་ཞིབ་པར་བཀླགས་ན་ངེས་པ་འདྲེན་ཐུབ། དཔེར་ན། ཁོང་གི་བིས་པཱོ་བཀླགས་ནའང་བྱ་གསོ་ར་བའི་པར་རིས་བཀོད་ནས་དུད་འགྲོའི་སྡུག་བསྔལ་གླེང་བ་སོགས་མཐོང་རྒྱུ་ཡོད། ད་དུང་གླུ་སྐད་སྙན་མོར་ཞུགས་སྐབས། ངས་ལིས་རོང་ཧོ་དགེ་རྒན་ལ་ངའི་ཡར་རྒྱས་སྤྱན་འབུལ་ཞུ་རྒྱུ་ཡིན་ཞེས་བཤད་དེ། གར་སྟེགས་སུ་བུད་ཅིང་མཐར་སྤྱི་ལོ་ ༢༠༡༩ ལོའི་一起乐队吧 སྟེང་ཁོང་ལ་རང་གཤིས་མཁྲེགས་པོ་འདུག རང་གཤིས་མཁྲེགས་པོ་ཅན་ལ་བཅོས་ཐབས་མི་འདུག་ཅེས་སྡིགས་མྱོང་མཁན་གྱི་དགེ་རྒན་ལིས་རོང་ཧོ་(李荣浩) ཡིས་ཀྱང་། ༢༠༢༡ ལོར་ནོར་བུ་ནི་སྐད་ཆ་མང་པོ་བཤད་པར་མི་དགའ། སྐད་ཆ་བཤད་པར་མི་དགའ་བའི་མི་ནི། གཟབ་ནན་གྱིས་ལྟ་ཞིབ་དང་བསམ་གཞིག་བྱེད་པར་དགའ། རྗེས་སུ་གླུ་དབྱངས་མང་ཙམ་འབྲི་རོགས། གཅིག་བྱས་ན། གླུ་ཞིག་མ་འོངས་པར་ཤར་ལྷོ་ནུབ་བྱང་གི་མི་ཚང་མའི་རྣ་བར་ལྷང་ལྷང་གྲགས་ནས་འགྲོ་དུས། ངེད་ཚོས་དེ་ཚེ་དབང་ནོར་བུས་བྲིས་པ་རེད་ཨང་། ཅེས་པའི་དུས་ཤིག་ཡོང་སྲིད་ཅེས་བསྟོད་པ་དང་སྐུལ་མ་བྱས་པ་རེད། མདོར་ན། ནོར་བུས་མེར་བསྲེགས་བཏང་བ་དེས། རྒྱ་ནག་ནང་དང་དེ་ལས་ཀྱང་རྒྱ་ནག་གི་གཞོན་རབས་པའི་སྡེར་ཁུ་སིམ་སིམ་གྲགས་འགུལ་ཆེན་པོ་བསླངས་ཡོད། ཕྱི་ལོགས་ཀྱི་གཞོན་རབས་པའམ་ཚོར་བ་མེད་པའི་རྡོ་ཡི་ཚོགས་ལའང་ད་རེས་ཚོར་བ་ཅུང་སྟེར་གྱིན་པའི་སྣང་བ་བྱུང་ནའང་། ཚེ་དབང་ནོར་བུ་ངོས་ཟིན་གྱི་མེད་པའི་ཚོར་བ་སྐྱེས། ཕྱི་ལོགས་ཀྱི་བོད་པའི་བརྒྱུད་ལམ་ཁག་གི་དོ་སྣང་ཡང་ཆུང་དྲག་པའི་ཚོར་བ་སྐྱེས་མོད། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་། ཐེ་ཝན་ནང་ཡོད་པའི་རྒྱ་མིའི་ཁྲོད་ན་ནོར་བུ་གླེང་སློང་མཁན་མང་པོ་ཡོད་པའི་སྣང་བ་བྱུང་། བོད་པའི་ནང་དུའང་བདེ་ཆེན་སྤེན་པ་ལགས་དང་གཞན་ཞིག་གིས་བགྲོ་གླེང་བྱས་པ་མཐོང་མོད། འདོད་པ་ཁེངས་པ་ཞིག་མ་རེད། མདོར་ན། མེར་བསྲེགས་གནང་མཁན་གྱི་དཔའ་བོ་ཚོའི་སྙིང་སྟོབས་དང་བདེན་པ་གསལ་འདོན་བྱེད་ན་ནོར་བུ་དཔེར་བཀོད་ནས་བརྒྱུད་ལམ་གང་ཞིག་ནས་གླེང་ནའང་ངོ་འཕྲོད་བདེ་ཞིང་། བདེན་པར་འཇུག་ཐུབ་པ་ཞིག་རེད་སྙམ།
སྤྱི་ལོ་ ༢༠༢༢ ལོའི་ཟླ་ ༠༥ ཚེས་ ༠༡ ཉིན།
བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་ཕ་རེ་སིར།
རྡོ་བཀད་ནས་སྐྱེས་པ་ཟེར་དུས་སྤྲེལ་མགོ་ཅན་དྲན་སོང་། ཞིབ་ཏུ་བཀླགས་དུས་གངས་ལྷ་མེ་ཏོག་ཅིག་ཡིན་པ་རྙེད་སོང་། དཔའ་རྒོད་ཚེ་དབང་ནོར་བུ་ལགས་ལ་སང་ཉིན་གྱི་སྐར་ཆེན་ཞེས་པ་དེ་ནས་དོ་སྣང་བྱུང་ལ་རྗེས་ནས་ཉམས་འཇོག་སའི་གཞོན་སྐྱེས་གླུ་བ་ཞིག་ཡིན། ཁོང་གི་རང་གཤིས་དྲིང་མི་འཇོག་པ་དེ་དང་ལ་རྒྱའི་དབུ་འཕང་དགུང་ལ་འཕྱུར་བའི་རིགས་ཞེན་དེར་ཡི་རངས་ཤིང་བསྔགས་བཞིན་ཡོད། དེ་རིང་དཔའ་རྒོད་ཁོང་གི་སྐོར་གླེང་བའི་རྩོམ་ཡིག་འདི་བཀླགས་པས། དེ་ལས་ཀྱང་ཁོང་ལ་རང་བཞིན་གྱིས་དུང་བ་ཞིག་དང་ཕངས་སེམས་ལྷག་མ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས་ཡོང་། ད་ནི་ཁོང་གི་བྱས་པ་ཡིད་ལ་བཅུགས་ནས་ཁོང་གི་བློ་སྤོབས་ཁྱེར་ནས་རང་ཉིད་ཀྱི་ལམ་དུ་ཞུགས་པར་ལྷག་ཏུ་བརྩོན་པར་བྱ།