བསོད་ནམས་ནོར་བུ།
གཟིགས་དང་འཁྱམ་པོས་རྒྱལ་ཁམས་ཉུལ་བའི་ཚེ།།
དྭངས་གསལ་མིག་ཡིད་ཤེལ་གྱི་མེ་ལོང་ངོས།།
ངོ་མཚར་དགའ་སྐྱོའི་རི་མོ་འཕོས་པའིི་གར།།
རྡོ་རྗེའི་གདན་གྱི་ལྟད་མོ་འདི་ན་བཤམས།།
ཉི་མ་དམར་པོ་ཤར་མཐའི་མཁའ་རུ་འཕགས།
ཐལ་རྡུལ་སྐྱ་བོས་བར་སྣང་མོག་པོར་བསྒྲིབས།།
རྒྱང་གྲགས་གསེང་ནས་ཆོས་ཀྱི་དབྱངས་རྟ་འུར།།
རྐང་གསུམ་འཕྲུལ་གྱིས་ལམ་ཁ་ཡོ་ལང་འཁྲིགས།།
བྱིན་ཆགས་གཟི་འོད་འབར་བའི་མཆོད་རྟེན་གྱི།།
དོག་པའི་སྐོར་ལམ་གཡས་གཡོན་འགྲམ་ངོགས་ན།།
སྐྱ་སེར་གཉིས་གོ་ཆོད་པའི་ཆ་ལུགས་ཀྱིས།།
མོ་པྲ་རྩིས་གསུམ་འདེབས་པའི་ཟོག་པོ་མང་།།
སྔ་དྲོ་ཆོས་གོས་གཟར་ནས་ཚོགས་འཚོགས་ཏེ།།
གྲྭ་པ་ཨ་ནེའི་གསེང་ནས་སྐུ་འགྱེད་བླངས།།
ཕྱི་དྲོ་ཕྱུ་པ་གོན་ནས་ཚོང་རྒྱག་ཏེ།།
མང་ཚོགས་མགོ་བོ་བསྐོར་བའི་གཡོ་ཅན་མང་།།
བླ་སྤྲུལ་མཁན་པོས་གདན་ལ་རྩོད་པ་རྒྱབ།།
གྲྭ་ཆུང་ཕྲུ་གུས་འགྱེད་ལ་ཧབ་ཐོབ་བྱེད།།
དད་ལྡན་ཕོ་མོས་ཚོགས་ལ་མཉམ་དུ་རུབ།།
རྡོ་རྗེའི་གདན་དུ་ཀུན་ཀྱང་བྲེལ་བས་འཚུབ།།
སྐོར་ལམ་འདར་འདམ་ལྕགས་རིའི་དྲ་ཁུང་ནས།།
སྐྲ་ལོ་དྲི་མས་འབྱར་བའི་སྤྲང་ཕྲུག་ཚོས།།
ལག་ནས་ལྕགས་ཕོར་གོར་མོ་རྐྱོང་བཞིན་དུ།།
བདག་ལ་དཔེ་ཤག་སྤྲོད་ཅེས་སྐད་ཅོར་བརྒྱབ།།
མི་ཚོགས་འདུ་འཛི་མང་བའི་ཁྲོམ་ར་ན།།
གཡུ་བྱུར་ཌ་དྲིལ་ཕྲེང་བ་གཅལ་དུ་བཀྲམ།།
དེང་རབས་བོད་ཀྱི་གླུ་དབྱངས་བར་མེད་སྒྲོག།
ཨེ་མ་ལྷ་སའི་བར་སྐོར་སླེབ་པ་འདྲ།།
ལམ་ཟུར་ཕྲེང་བསྟར་འབྲུག་པའི་ཟ་ཁང་སྦུགས།།
གྲྭ་པ་ཨ་ནེའི་སྐུ་མགྲོན་རྒྱག་པ་འགས།།
ཤ་སྐམ་སི་པན་ཁ་ཟས་མ་ཆུན་ནས།།
ཡ་ཐོད་རྔུལ་ནག་ཕྱི་བཞིན་གླལ་བ་འཐེན།།
ཐལ་རྡུལ་སྐྱ་བོ་བརྩེགས་མའི་རྡོ་གཅལ་སྟེང་།།
གོས་ཟད་འོན་ལོང་སྤྲང་པོའི་ཁྱུ་ཤིག་གིས།།
རྔ་དང་གཡེར་ཁའི་སྒྲ་སྐད་ལྷན་བསྡོངས་ནས།།
དལ་མེད་སུན་པའི་གླུ་དབྱངས་ཤུགས་ཀྱིས་གྱེར།།
རྐང་རྡུམ་ཡན་ལག་ཆད་པའི་མུ་ལྟོ་བས།།
མི་སྡུག་སྦལ་པ་བཞིན་དུ་ཁྲོམ་ཚོགས་དབུས།།
བྲང་གཞུང་ས་ལ་བྲུད་ཅིང་འཕག་ནུར་གྱིས།།
ལྕགས་ཕོར་གནམ་དུ་བཏེགས་ནས་གདོང་ལ་སྲུང་།།
འདམ་སྙིགས་དྲི་མ་འཐིབས་པའི་སྲང་བར་ངོགས།།
འགྲོ་འདུག་འགུལ་སྐྱོད་དཀའ་བའི་ཁང་བར་ནས།།
མི་ཚོགས་ཇ་རོས་སྦགས་པའི་ཧ་ཡང་ལ།།
ལྟ་བཞིན་ཇ་འདི་ཞིམ་ཞེས་འཚང་ཁ་འཐིབས།།
སླེས་མའི་སྨྱུག་གཟེབ་དྲ་མིག་ནང་རོལ་ནས།།
དཀར་ནག་སྦྲུལ་རིགས་འགའ་ཞིག་ཐང་བཀྲམས་ཏེ།།
རས་དཀར་ཐོད་དུ་བཅིང་བའི་རྒྱ་གར་བས།།
ལྟོ་ལྡིར་གླིང་བུ་འབུད་བཞིན་ལྟད་མོ་བསྟན།།
སྲང་མདོའི་བར་དུ་གཅིན་འདམ་དྲི་མ་འཐབ།།
གད་དོང་སྲུབ་ནས་ཟས་སྙིགས་ལྷན་དུ་འཕྱུར།།
གཞུང་ལམ་ཟུར་ན་སྣབ་ལུད་ཕྲེང་བ་བསྟར།།
རྡོ་རྗེའི་གདན་དུ་ནམ་ཡང་ཡོང་རེ་སྐན།།
ལེགས་སོ་
ད་དུང་།
བོད་པས།
ཨོམ་མ་ཎི་པདྨེ་ཧྰུམ། ཨོམ་མ་ཎི་པདྨེ་ཧྰུམ།
རྒྱ་གར་པས།
ཨ་མ་ལགས། ཉ་ཚེ་ཐར། ཉ་ཚེ་ཐར།
བོད་པས།
སྐྱབས་སུ་མཆིས། དཀོན་མཆོག་མཁྱེན།
རྒྱ་གར་པས།
ཨ་མ་ལགས། པེ་ཤག ཨ་མ་ལགས། པེ་ཤག
སོགས་གོ་རྒྱུ་ཡང་མང་པོ་ཡོད།
རྡོ་རྗེའི་གདན། དེའི་བར་གྱི་འབྲེལ་སྒྲ་དེ་སུ་ཞིག་གི་ལུགས་ལ་དགོས་བ་རེད། བསོད་ནམས་ཀྱི་ནོར་བུ། ཧ་ཧ་ཧ།
རྡོ་རྗེ་གདན་ལ་འབྲེལ་སྒྲ་མི་དགོས་པ་བདེན།
ད་ལོའི་རྙིང་མའི་སྨོན་ལམ་སྐབས་ཀྱི་མཐོང་ཐོས་ཡིན་པ་འདྲ།
འཇམ་དབྱངས་མཁྱེན་བརྩེ་དབང་པོ་མི་ལབ་པར། མཁྱེན་བརྩེའི་དབང་པོ་ཟེར་འབྲེལ་སྒྲ་ག་རེ་བྱས་ནས་སྦྱར་བ་རེད།
འཇམ་དབྱངས་མཁྱེན་བརྩེ་དབང་པོ་མི་ལབ་པར། མཁྱེན་བརྩེའི་དབང་པོ་ཟེར་འབྲེལ་སྒྲ་ག་རེ་བྱས་ནས་སྦྱར་བ་རེད།
འཇམ་དབྱངས་མཁྱེན་བརྩེ་དབང་པོ་མི་བརྗོད་པར། མཁྱེན་བརྩེའི་དབང་པོ་ཞེས་ག་རེ་བྱས་ནས་འབྲེལ་སྒྲ་སྦྱར་བ་རེད།
བཀྲ་ཤིས་བདེ་ལེགས་ཞུ།