——–རྨོག་རུ་ཚང་།
རྟེན་འབྱུང་ལས་ཀྱིས་འབྲེལ་བའི་ལྷ་ཚོགས་ཀྱི་བྱིན་རླབས།།
སྒོ་གསུམ་སྣོད་ཀྱི་བཅུད་ལ་གངྒཱ་བཞིན་བབས་ཏེ།།
མི་གཙང་ཉོན་མོངས་གདོན་གྱི་འབྱུང་བོ་ཡི་ཚོགས་ཀུན།།
བདག་ལས་རིང་དུ་བཀྱེད་ལ་རམ་འདེགས་ཤིག་གནང་རོགས།།
དབྱར་གསུམ་སྤྲིན་དཀར་འོད་ཀྱི་གུར་ཁང་ན་མཛེས་ཤིང་།།
དགུན་གསུམ་ཁ་བའི་མེ་ཏོག་དབུ་ཞྭ་རུ་གསོལ་བ།།
ས་ཆེན་ཟིལ་གྱིས་གནོན་པའི་འགྱིང་ཉམས་ཀྱི་དབང་པོ།།
ཨ་མྱེས་རྡོ་ལའི་དབུ་འཕང་མཁའ་དབྱིངས་སུ་གསོལ་ལོ།།
སྲ་མཁྲེགས་བྲག་གི་ཕུར་བུ་མཁའ་དབྱིངས་སུ་བརྩེགས་ཤིང་།།
ཉེ་འཁོར་ལྷ་ཡུལ་ཁམས་ཀྱི་མཛེས་སྡུག་སུ་བསྐྲུན་པ།།
དྭངས་གཙང་ཡན་ལག་བརྒྱད་ལྡན་རང་ཆས་སུ་འབབ་པའི།།
གནས་འདིའི་ཆེ་བ་མགྲོན་གྱི་སེམས་ངོགས་སུ་ཐིམ་ཡོད།།
ཤར་ན་གངས་དཀར་རི་བོའི་གཟི་ཉམས་གྱིས་རྒྱན་ཞིང་།
འདབས་སུ་ཞི་བདེའི་ཕོ་བྲང་བརྟན་ཆགས་སུ་མཛེས་པ།།
ཕྱོགས་བཞི་ལྗོན་བཟང་ནགས་ཀྱི་གླིང་ག་རུ་གྲུབ་པའི།།
ཞིང་འདིར་མཇལ་བའི་སྤྲོ་བ་སྨྲ་བརྗོད་ལས་བྲལ་སོང་།།
སྤང་ལྗོངས་སྔོན་པའི་དབྱར་རྩྭ་རྐང་མགོ་རུ་འཁྱུད་ཅིང་།།
ཁྲ་ཚོམ་མེ་ཏོག་དགའ་མའི་མགོ་ལྕོག་ཀུན་ལྡེམ་སྐབས།།
གངས་ལྗོངས་ཕྱུག་མོའི་མཛེས་པ་དྲན་འཛིན་ལས་འཕོས་ཏེ།།
གནའ་བོའི་འཇིག་རྟེན་ཞིག་གི་ཞིང་ཁམས་སུ་ཤོར་འགྲོ།
རབ་དཀར་ཆུ་འཛིན་ཤེལ་གྱི་མེ་ཏོག་བཞིན་འཕྱུར་ཏེ།།
འདབ་ལྡན་ལྗོན་བཟང་ལོ་མའི་མཛེས་པ་ལ་འཁྱུད་དུས།།
སྒྱུ་མ་མཁན་པོས་རྟོག་བཟོས་སུམ་རྩེན་གྱི་གྲོང་ཁྱེར།།
མངོན་སུམ་མིག་ལ་རྒྱུས་སྙམ་དྲན་འཛིན་ཡང་འཕྱོ་ཡོང་།།
རང་དབང་དགའ་བདེའི་གར་གྱི་འཇིག་རྟེན་ལ་རོལ་བའི།།
བྱ་དང་བྱིའུ་ཚོགས་སྤྲོ་བའི་སྣང་བ་ཡིས་མྱོས་ཤིང་།།
ཀྱུར་ཀྱུར་ངག་སྒོ་འཁྲོལ་བའི་འགྱུར་ཁུག་གི་དྭངས་མས།།
ཐག་རིང་མགྲོན་ལ་ཟབ་མོའི་ཚོར་མགུ་ཞིག་སྦྱིན་ཡོང་།།
ཀྱག་ཀྱོག་ཆབ་སྲིད་རྩེ་གྲི་སེམས་རྩ་ལ་བརྡར་ཅིང་།།
ཆོས་ཆོལ་ཕྱོགས་ཞེན་རྒོད་པོས་ཀླད་ཁམས་ཀུན་དཀྲུགས་དུས།།
རི་སུལ་འདི་ཡི་ཁམས་སུ་བག་ཡངས་སུ་གཞོལ་ཚེ།།
རང་བྱུང་ཞི་བདེ་ལྷ་ཡི་དངོས་གྲུབ་ལས་ལྷག་པ།།
དོ་དགོང་ཟླ་བ་མེད་པའི་ནམ་མཁའ་ཡི་ངོས་སུ།།
སྐར་ཚོགས་ཁྲི་མ་འབུམ་ཚོ་བཞད་གད་ལ་རྩེན་བཞིན།།
བ་ལང་ཚོགས་ཤིག་ལྷོད་ཀྱིས་གཉིད་ལྡད་ལ་རོལ་དུས།།
གུར་ཆུང་འདི་ནི་རྒྱུན་སྡོད་ཁང་བཟང་ལས་སྐྱིད་པ།།
སྐར་ཚོགས་ས་རུ་འཕོས་པའི་སྣང་བརྙན་གྱི་གྲུབ་ཆ།།
རྡ་སའི་གློག་འོད་ཚོགས་ཀྱི་མཛེས་སྡུག་ཀུན་མཐོང་དུས།།
ཁེར་རྐྱང་རྣམ་ཤེས་རྒོད་པོས་རི་སུལ་ཀུན་སྐྱུར་ནས།།
སྒྱུ་མའི་གྲོང་དུ་འཕུར་བའི་ལྟ་གོན་ལ་ཆས་འགྲོ།།
ད་ནི་ཀྱག་ཀྱོག་ལམ་ནས་ཕྱིར་བཤིག་ཤིག་བརྒྱབ་ཏེ།།
བདེ་མོའི་ལམ་ཞིག་ཐོབ་པའི་གདམ་ཁ་ལ་ཕྱོགས་ཡོད།།
ཡུལ་ཁམས་རིག་པའི་སྐོར་བའི་རྣམ་དཔྱོད་དེ་མེད་ཀྱང་།།
དབྱངས་ཅན་སྒེག་མོ་སྙིང་གི་ཟབ་ས་རུ་བསྒོམ་ཡོད།།
ད་ནི་རང་དབང་གཏམ་གྱི་སྒོ་མོ་ཞིག་ཕྱེས་ཏེ།།
རི་ངོགས་འདི་ནས་འཕོས་པའི་གཏམ་རྒྱུད་ལ་ཉན་བཞིན།།
ཁ་བ་ཅན་ལ་མཐུད་པའི་ཟུངས་ཁྲག་གི་དྭངས་མའི།།
ཁ་དོག་ནམ་ཡང་མི་འགྱུར་དམ་བཅའ་ཞིག་བཞག་ཡོད།།
ད་ནི་སྙན་ངག་ཞིག་གི་སྲོག་རྩ་ལ་འཇུས་ནས།།
ལོ་རྒྱུས་རིན་ཐང་ཅན་གྱི་དཔེ་དེབ་ལ་ཅེར་བཞིན།།
ཉེ་དགའ་མཐོ་དམའ་མེད་པའི་དྲང་ཚུགས་ཤིག་བཟུང་སྟེ།།
བདག་ཉིད་བདག་གི་མགོན་དུ་ཡིད་རྟོན་ཞིག་བཅོལ་ལོ།།
ད་ནི་མཁས་པའི་ཚོགས་ཀྱི་བཞད་གད་ལ་སྨན་པའི།།
ཐོལ་བྱུང་ཚོར་བ་བརྡར་བའི་གླུ་ཆུང་ཞིག་ལེན་ནོ།།
གཞན་ལ་ཕན་པར་རེ་བའི་འདུན་པ་དེ་མེད་ཀྱང་།།
རང་སེམས་དགའ་བ་མི་ཚེ་ཆ་ཤས་ཤིག་ཡིན་ནོ།།
མཐོ་བའི་སྒང་འདིར་རླུང་རྟའི་དར་ལྕོག་ཅིག་འཐེན་ཏེ།།
བོད་འབངས་བདེ་བ་ཡོང་བའི་སྨོན་ལམ་ཞིག་བཏབ་ཡོད།།
བསོད་ནམས་མེ་དཔུང་བཙན་པོའི་ནུས་མཐུ་ལ་བརྟེན་ཏེ།།
བསམ་དོན་ལྷུན་གྱིས་འགྲུབ་པར་ཀྭི་བསྭོ་ཞིག་འཐེན་ཡོད།།
ཕྱི་ལོ་༢༠༡༥།༩།༡༡ ཉིན་གྱི་དགོང་དྲོར་གྲོགས་པོ་རྡོ་ཁྲ་ཁྲ་དང་ལྷན་དུ་རྡོ་ལ་རི་བོར་སྤྲོ་འཆམ་དུ་ཕྱིན་སྐབས་འཇམ་ཐིང་བའི་མཚན་གཞུང་གུར་སྒོ་ནས་སྐར་ཚོགས་ལ་ལྟ་བཞིན་བྲིས་ཏེ་ཞོགས་པར་ཤོ་ལོ་ཀ་གཅིག་གི་སྣོན་པ་དང་བཅས་ཏེ་སྤེལ་ལོ།