རྡོ་རྗེ་ཚེ་རིང་།
…. ཕ་ཡུལ་ཀྱི་ལོ་སར་ལ་གྱེས་སུ་སྟབས་པ།
རྡོར་གདན་གྱི་ཁ་རླངས་དཀར་པོ་དེ་རྔུབ་པར་བསམ་བཞིན་དུ།
རྡོར་གདན་ནས་ཚོར་ཤེས་འཁྱགས་པ་མང་དུ་འཐུང་དགོས་བྱུང་།
ཡིད་ཀྱི་སྐྱོ་བ་དག་གིས་ཀྱང་རང་ཉིད་ཀྱི་མིད་པ་འགག་ཅིང་རྣ་ཁུང་དུ་ཚ་སྦྲིད་བརྒྱབ།
སྔོན་གྱི་ཚེ་ན འདི་ག་ནས་འོད་ཀྱི་མིག་ཟུང་འཐོར་བར་བཤད་ལ།
སྐྱེས་ཆེན་དག་གི་ཞབས་ཀྱིས་བཅགས་པའི་ས་ལེབ་མོ་འདིའང་འོད་ཀྱིས་ཁེངས་པར་གླེང་།
ད་ལྟར་འཚོ་བའི་འགྲུལ་བཞུད་པ་མང་དག་ཅིག་གིས།
རང་ཉིད་དང་ཧམ་པའི་སློང་བཟེད་འདི་རུ་བསྐྱལ་ན་ཡང་།
“བྷིའི་ཧར”བ་དག་གི་ངན་ཇུས་དང་རྣམ་འགྱུར་རེ་རེས་ཡོད་ཚད་ཁོང་ཁྲོར་བསྒྱུར
གནས་མཇལ་ཚོས་ཀྱང་རང་ཉིད་ཀྱི་སློང་བཟེད་དུ་མི་གཙང་བའི་ལྗན་ལྗིན་ཁོ་ན་བཏུས
ད་དུང་ཐད་གར་འགྲོ་མི་ཤེས་པ་དག་ལ་རག་པ་ནི་འཆམ་ནད་ལྕི་མོ་ཞིག་གོ
ཡིད་གཅུགས་མ་ཡིན་པའི་ནག་ནོག་གི་མཛའ་དུང་ཐུང་ངུ་ཞིག་གོ
དུས་ཚོད་དང་འཚང་ཀས་ང་རང་འདི་ནས་ཕར་ཕར་སུ་དེད་ཅིང་འཐེན་པས
རྣལ་འབྱོར་བ་ཞིག་གི་ཞབས་རྗེས་དང་བྱིན་རླབས་པར་ཆས་སུ་ལེན་ཐབས་བྱུང་བ་ཙམ་མོ
2012.01.06
གླུ་བུར་དགའ་མགུར་སྐྱེད་པ་འཇའ་ཚོན་གྱི་རི་མོ།།
རབ་རུབ་མིག་ལ་སྣང་བའི་རྨི་ལམ་གྱི་དགའ་སྟོན།།
གཏོལ་མེད་ལད་ཟློས་བྱེད་པའི་སྟོང་འདང་ལ་རེ་བའི།།
འཆར་ཡན་ཧབ་ཐོབ་ལུགས་ཀྱི་ཨ་གསར་ལ་སྐྱོ་བ།།
རྙེད་པས་རྙེད་པ་འཚོལ་བའི་གོམ་སྟབས་ལ་རོལ་ནས།།
ཡིན་མདོག་གཟི་བརྗིད་ངོམ་པའི་ཟློས་གར་དེ་འཁྲབ་ནས།།
མི་ཡི་ཀུན་སྤྱོད་བརླགས་པའི་ཐོ་ཡོར་གྱི་གཟུགས་བརྙན།།
ཨུ་ཚུགས་རྨོངས་ཞེན་ཆེ་བའི་བརྟུལ་ཞུགས་དེ་སྐྱོ་བ།།
རྡོ་རྗེ་གདན་ལ་རྙེད་པ་མེད། །
རྙེད་པ་ཡོད་ན་སྤྲྲང་དོན་ཅི། །
རྡོ་རྗེ་གདན་ལ་ཆོས་གྲོགས་རྙེད། །
ཆོས་གྲོགས་མ་རྙེད་བྷིར་མོ་རྙེད། །
བྷིར་མོ་ནག་མོ་རྙེད་དུས་སུ། །
སོ་ཐར་སྡོམ་རྙེད་འཆོར་ཡོང་ངོ་། །
ཧ་ཧ་རྡོར་གདན་གྲྭ་བཙུན་ཚོར། །
རྣལ་འབྱོར་ང་ཡིས་་ཚིག་བཀྱལ་ཤོར། །
དུས་དབང་གི་ཉིན་དེ་གའི་རིང་ནམ་མཁའ་སྨིག་སྤྲིན་གྱིས་གཏིམས་ཤིང་འགྲོ་ལམ་ཀུན་ཏུ་འཚང་ཁ་ཤིག་ཤིག་གིས་མི་ཚོགས་མང་བ་དང་། རྡོ་རྗེ་གདན་སྐོར་ལམ་གཡས་གཡོན་དུ་སྤྲང་ཚོགས་ཀྱི་སློང་མོ་བ་དང་དད་ལྡན་གྱི་ཆོས་ཞུ་བ། ཚོང་ཟོག་གི་འདུ་འགོད་རྒྱས་པའི་གནས་མཆོག་དེར་ལན་ཅིག་ལྟ་འདོད་བྱུང་། ངོ་ནོངས་དགོས་པ་ཞིག་ལ། ཉེ་སྔོན་ཆོས་རིག་ལས་ཁུངས་ནས་སྤེལ་བའི་གསལ་སྒྲགས་ནང་དུ་ཆོས་ཞུ་བ་རྣམས་ཀྱིས་གསུང་ཆོས་རིང་དམར་ཟོས་སྤང་དགོས་བའི་འབོད་སྐུལ་རབ་དང་རིམ་པར་གནང་མོད། བོད་ནས་ཕེབས་པའི་ཆོས་ཞུ་བ་ཚོས་གསུང་ཆོས་རིང་དམར་ཟོས་སྤངས་བ་དང་རྒྱ་གར་དང་ཕྱི་རྒྱལ་ནས་ཡོང་བ་དེ་ཚོས་སྤངས་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ། གསུང་ཆོས་རིང་བོད་པའི་ཤ་མེད་ཟ་ཁང་གཅིག་ཀྱང་མཐོང་རྒྱུ་མེད་པ་དང་། ཟ་ཁང་རེ་རེའི་ནང་དུ་ཤ་དྲི་འཐུལ་བའི་དྲི་ངན་དེས་སེམས་ཅན་ག་ཚོད་ཅིག་གི་སྲོག་ཤོར་དགོས་པ་དང་ཚོད་དཔག་ཀྱང་བྱེད་ཐུབ། དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད། ཆོས་ཕྱོགས་ཀྱི་མཛད་སྒོའི་སྐབས་ངེས་བར་ཤ་ཟས་ཙམ་ཞིག་སྤངས་མ་ཐུབ་ན་ཐེག་པ་ཆེན་པོ་བ་ཡིན་མདོག་སྟོན་པ་དེ་ཚོ་དོན་མེད་རེད། རྫུན་མ་རེད། བླ་སྤྲུལ་འབྱོར་ལྡན་དང་གྲྭ་བ་ཕྱུག་པོ་རྣམས་ཀྱིས་གཟབ་རོགས།