རེ་མདོ་སེངྒེ།
༄༅།། མཐུན་ལམ་ནུས་ཤུགས་ཆིག་སྒྲིལ་བྱ་བ་ནི་ཆོས་སྲིད་ཀྱི་ལས་དོན་མཐའ་དག་བདེ་བླག་ངང་འགྲུབ་པའི་ཐབས་མཆོག་དང་མན་ངག་དམ་པ་ཡིན་པས། མིའི་རིགས་ཀྱི་གོང་བུའི་ནུས་པ་གཅིག་ཏུ་སྤུངས་པ་དང་མཐུན་ལམ་ཆིག་སྒྲིལ་བྱ་བ་ནི། གཏན་ཚིགས་ཀྱི་སྒྲུབ་བྱེད་སྣོན་མ་མ་དགོས་པར་ཡོངས་གྲགས་ཀྱིས་གལ་ཆེན་པོར་ངོས་འཛིན་བྱེད་ཐུབ་པའི་གནད་དོན་ཞིག་ཏུ་གྱུར་ཡོད། དེས་ན་རྣམ་དཔྱོད་ལྡན་པའི་རིགས་པ་སྨྲ་བ་རྣམས་དཀྱིལ་འཁོར་གཅིག་ཏུ་གདན་འཛོམས་ནས་ཕན་ཚུན་གོ་རྟོགས་སྤེལ་རེས་བྱ་བ་དང། རྒྱུ་མཚན་དང་གནས་ལུགས་བརྡར་ནས་ཐུན་མོང་བའི་བསམ་བློ་དང་རིག་གཞུང་གི་ལྟ་བའི་འདུ་ཤེས་གཅིག་གྱུར་པ་ཞིག་ཚུགས་ཐབས་བྱེད་པ་ནི། གོང་བུའི་ནུས་པ་གཅིག་ཏུ་སྤུངས་པ་དང་མཐུན་ལམ་གྱི་གཞི་རྩ་བརྟན་པོ་ཚུགས་པའི་གནང་ཐབས་ཡག་ཤོས་སུ་མཐོང་བས། བོད་ཀྱི་ཆོས་སྲིད་ཀྱི་གནས་བབ་གང་ལ་བལྟས་ཀྱང་རྡོར་གདན་དྲང་ངེས་བགྲོ་གླེང་ཆེན་མོ་ལྟ་བུའི་ཕྱོགས་རིས་མེད་ཀྱི་རིགས་པ་སྨྲ་བ་རྣམས་མཉམ་དུ་འཛོམས་ནས་རིགས་པའི་གྲོས་གླེང་བྱ་བར་དོན་སྙིང་ཆེན་པོ་ལྡན་ཞེས་ཐོག་མའི་གླེང་སློང་བའི་ཚུལ་དུ་ཞུ་བར་ཐལ།
༡༽ དྲང་ངེས་བགྲོ་གླེང་ཆེན་མོ་འདི་ཇི་ལྟར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པར་གྱུར་པ། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་རྡོར་གདན་དྲང་ངེས་བགྲོ་གླེང་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ་དང། ཁྲི་ལས་ཟུར་རྣམ་པས་དབུས་པའི་བགྲོ་གླེང་པ་མཁས་དབང་རྣམ་པ་དང་ཟུར་ཉན་པ་སོགས། སྐྱ་སེར་ཕོ་མོ་སྟོང་ཕྲག་མ་ཟིན་ཙམ་འདུས་པའི་ཚོགས་ལ་ལེགས་བཤད་ཀྱི་སྣང་བ་བསྩལ་པ་ནི། དྲང་ངེས་བགྲོ་གླེང་ཆེན་མོ་ཤིན་ཏུ་གཟི་བརྗིད་ལྡན་པར་གྱུར་པ་ཙམ་དུ་མ་ཟད། དྲང་ངེས་བགྲོ་གླེང་ཆེན་མོ་འདི་ལོ་རྒྱུས་ཀྱི་རང་བཞིན་དུ་གནས་པའི་དོན་སྙིང་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། ལྷག་པར་དུ་གནས་འདིར་མ་འོངས་པར་བཞེངས་འཆར་ཡོད་པའི་བོད་བརྒྱུད་ནང་བསྟན་དཔལ་ནཱ་ལེནྡྲའི་ལྟ་གྲུབ་སློབ་གཉེར་ཁང་བསམ་ཡས་གླིང་ཞེས་པའི་རྩིག་རྨང་འཇོག་གནང་མཛད་དེ་ས་གཞི་བྱིན་རླབས་མཛད་པས། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་ཐུགས་རེ་ལ་ཡོད་པའི་ལྟ་གྲུབ་སློབ་གཉེར་ཁང་འདི་མངོན་འགྱུར་ཡོང་བར་ཕན་ནུས་ཁྱད་པར་བ་ཞིག་བྱུང་ཡོད་པ་སྨོས་ག་ལ་དགོས། རྩིག་རྨང་འཇོག་གནང་སྐབས་བཞེངས་འཆར་ཡོད་པའི་སློབ་གཉེར་ཁང་འདི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་བརྒྱུད་ནང་བསྟན་དཔལ་ནཱ་ལེནྡྲའི་ལྟ་གྲུབ་སློབ་གཉེར་ཁང་ཚད་ལྡན་ཞིག་ཡོང་བའི་ཐུགས་སྨོན་རྒྱ་ཆེར་མཛད་པས། ཐོག་མར་དགེ་བ་བཀྲ་ཤིས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བའི་རྟེན་འབྲེལ་རང་འགྲིག་བྱུང་ཡོད།
༢༽ ཆོས་བརྒྱུད་དང་སྐྱ་སེར་ཕོ་མོ་རིས་མེད་ཀྱི་མཁས་པའི་རྣམ་དཔྱོད་བསྡུར་བ། རིགས་པ་དང་གནས་ལུགས་དཔང་པོར་བཞག་ནས་རྣམ་དཔྱོད་བསྡུར་བ་ནི། ཕྱོགས་གཉིས་ཀའི་བློ་གྲོས་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་གཙོ་བོ་དེ་ཡིན་ལ། ཐུན་མོང་གི་བསམ་བློ་དང་རིག་གཞུང་གི་ལྟ་བའི་འདུ་ཤེས་གཅིག་གྱུར་པ་བརྟན་པོ་ཞིག་ཚུགས་པའི་གཞི་རྩ་ཡང་ཡིན། དེས་ན་ཆོས་བརྒྱུད་སོ་སོའི་ཉམས་བཞེས་ཀྱི་ཕྱག་སྲོལ་མ་འདྲ་བ་ཙམ་དང་ལྟ་བའི་བཞེད་མཚམས་མ་འདྲ་བའི་ཚིག་རིས་ཙམ་ལས་བརྒལ་ཏེ། དོན་ཐོག་ཏུ་ལྟ་བའི་དགོངས་པ་གཅིག་ཏུ་འབབ་པའི་གནད་ལ་ངེས་ཤེས་རྙེད་པ་ཞིག་དགོས་པ་ནི། ཆོས་བརྒྱུད་དང་སེར་སྐྱ་ཕོ་མོ་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་འདི་གོ་སྒྲིག་མཛད་པའི་དགོས་དོན་གཙོ་བོ་དེ་ཡིན་ངེས། རྡོར་གདན་དྲང་ངེས་བགྲོ་གླེང་ཆེན་མོའི་སྐབས་ཆོས་བརྒྱུད་རིས་མེད་ཀྱི་སྐྱ་སེར་ཕོ་མོ་རྒྱལ་ཁབ་བཅུ་གཉིས་ནས་ཕེབས་པའི་མཁས་པ་གདན་འཛོམས་པས། རྒྱལ་སྤྱིའི་རང་བཞིན་ལྡན་པའི་དྲང་ངེས་བགྲོ་གླེང་ཆེན་མོ་ཐེངས་དང་པོར་གྱུར་ཅིང། རྒྱལ་ཁབ་དང་ཡུལ་གྲུ་མི་གཅིག་པའི་མཁས་པ་ཐམས་ཅད་ཀྱིས་བོད་སྐད་ཀྱི་བརྒྱུད་ལམ་ནས་ནང་པའི་ལྟ་གྲུབ་ཀྱི་གལ་གནད་ལ་རིགས་པ་དང་གནས་ལུགས་དཔང་པོར་བཞག་པའི་བགྲོ་གླེང་གནད་དུ་ཐིངས་པ་མཛད། འདི་ནི་རྡོར་གདན་དྲང་ངེས་བགྲོ་གླེང་ཆེན་མོའི་དམིགས་བསལ་བའི་ཁྱད་ཆོས་ཤིག་ཡིན་ལ། ལོ་རྒྱུས་ཐོག་ཤིན་ཏུ་མཐོང་དཀོན་པའི་བགྲོ་གླེང་ཚོགས་འདུ་ཞིག་ཀྱང་ཡིན།
སྤྱིར་ཆོས་བརྒྱུད་སོ་སོ་ལ་ལྟ་བའི་བཞེད་སྲོལ་དང་ཉམས་བཞེས་ཀྱི་ཕྱག་སྲོལ་མ་འདྲ་བ་རེ་དང། ཡིག་ཆ་སོ་སོ་ལ་ཡང་བཞེད་མཚམས་ཐུན་མོང་མ་ཡིན་པ་རེ་ཡོད་པར་མ་ཟད། ཆོས་བརྒྱུད་དང་ཡིག་ཆ་སོ་སོ་ལ་ལུང་ཁུངས་དང་རྒྱུ་མཚན་བརྒྱ་ལྡན་ཡིན། འོན་ཀྱང་ཆོས་བརྒྱུད་རིས་མེད་དང་སྐྱ་སེར་ཕོ་མོ་རིས་མེད་ཀྱི་རིགས་པ་བསྡུར་བའི་བགྲོ་གླེང་ཆེན་མོ་འདི་འདྲ་ལ་བརྟེན་ནས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ངེས་དོན་ལུང་རིགས་ལ་མཁས་ཤིང། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་དང། ཤར་སྐལ་ལྡན་རྒྱ་མཚོས། ཆོས་རང་རང་མོས་པའི་ངོ་ན་ཟབ། །མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །ཅེས་དང། རྡོ་གྲུབ་བསྟན་པའི་ཉི་མས། ལར་རྫོགས་ཆེན་བློ་འདས་རིག་པ་དང། །དཔལ་དུས་འཁོར་རྒྱུད་སྡེའི་རང་ལུགས་ཀྱི། །ལར་མི་འགྱུར་བདེ་བའི་སྒྲུབ་གཞི་གཉིས། །མིང་འདོགས་ཚུལ་ཙམ་ལས་སོ་སོར་མེད། །ཅེས་པ་ལ་སོགས་པའི་མན་ངག་རྣམས་མི་ཐོག་རྗེས་མ་རྣམས་ཀྱིས་ལུང་འདྲེན་བྱས་བསྡད་པ་ཙམ་མ་ཡིན་པར། དཔྱད་ན་དགོངས་པ་གཅིག་ཏུ་འབབ་པའི་གནས་ལུགས་ངོ་མ་དེ་རང་རང་གི་མྱོང་བ་དང་རྒྱུད་ལ་ངེས་ཤེས་འདྲོངས་པ་ཞིག་ཡོང་བར་ཕན་ནུས་ངེས་ཅན་ཐོན་ཡོད་པ་སྨོས་མ་དགོས་ཏེ། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མཇུག་བསྡོམས་མཛད་སྒོའི་སྐབས། རིས་སུ་མ་ཆད་པའི་ཆོས་ལུགས་དང་བཅས་པ་ཡོངས་རྫོགས་མཉམ་དུ་ཚོགས་འདུ་ཚོགས་ཏེ་གསུང་བཤད་གནང་ཡོང་བའི་སྐབས་ལ། ཕྱོགས་ཕན་ཚུན་ལ་བློ་བསྐྱེད་ཡོང་བ་དང། ཆོས་ལུགས་རང་རང་གི་ལྟ་བ་དང་ལྟ་བའི་དཀའ་གནད། གཞུང་གི་དགོངས་པ་འགྲེལ་སྟངས། ཕྱག་སྲོལ་ཉམས་ལེན་གནང་སྟངས་བཅས་ཀྱི་ཐོག་ལ་ཆོས་ལུགས་ཕན་ཚུན་གཅིག་གིས་གཅིག་ལ་བློ་བསྐྱེད་ལེན་རྒྱུ་ཏན་ཏན་ཡོང་གི་རེད། རབ་བྱུང་ན་རིས་སུ་མ་ཆད་པར་ཕན་ཚུན་ལ་གསན་བསམ་སྒོམ་གསུམ་གནང་རེས་གནང། ཀུན་ལ་དག་སྣང་དང་སློབ་སྦྱོང་བྱས་ཏེ་ཆོས་བརྒྱུད་དེ་དང་དེའི་ཐུན་མོང་མ་ཡིན་པའི་བཞེད་སྲོལ་རང་གིས་ཡག་པོ་ཤེས་ཐུབ་པ་བྱུང་ན། གཞི་ནས་ཆོས་བརྒྱུད་རིས་མེད་ལ་དད་པ་སྦྱོང་ཐུབ་པ་ཞིག་ཡོང་གི་རེད། ཅེས་སོགས་གསུངས་པ་ལས་ཤེས་ཐུབ།
༣༽ གསར་གཏོད་ཀྱི་རང་བཞིན་ལྡན་ཞིང་མིག་ལྟོས་བཟང་པོར་གྱུར་པ། བར་སྐབས་ཤིག་ནས་བོད་ཕྱི་ནང་གཉིས་ཀར་བརྗོད་གཞི་མ་འདྲ་བ་སྣ་ཚོགས་པའི་ཐོག་བགྲོ་གླེང་ཚོགས་འདུ་སྔ་ཕྱི་རིམ་པ་བསྐངས་དང་སྐོང་བཞིན་པ་ནི། བོད་ཀྱི་སྤྱི་ཚོགས་དད་པའི་རྗེས་འབྲངས་པ་ནས་ཤེས་རབ་ཀྱི་རྗེས་འབྲངས་པའི་ཤེས་དཔྱོད་ལྡན་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་བཞིན་པའི་མངོན་རྟགས་བཟང་པོ་ཞིག་ཡིན་པས་སྤྲོ་བ་འཕེལ་བའི་གཞི་རྩར་གྱུར་ཡོད། ཆོས་བརྒྱུད་དང་སྐྱ་སེར་ཕོ་མོ་མཉམ་འཛོམས་ཀྱི་དཀྱིལ་འཁོར་དུ་ནང་པའི་ལྟ་གྲུབ་ཀྱི་གལ་གནད་དང་བཞེད་མཚམས་ཁག་གི་ཐོག་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པ་དང། རིགས་པས་བརྡར་ཤ་གཅོད་པའི་གྲོས་གླེང་གི་རང་བཞིན་ལྡན་པའི་རྡོར་གདན་དྲང་ངེས་བགྲོ་གླེང་ཆེན་མོ་འདི་འདྲ་ནི། གསར་གཏོད་ཀྱི་རང་བཞིན་ལྡན་ལ་ཕུན་སུམ་ཚོགས་པའི་ཁྱད་ཆོས་སྣ་ཚོགས་མངའ་བ་ཞིག་ཡིན་པས། བསྟན་པ་ལ་ལྷག་བསམ་དག་པའི་སྐྱེས་བུ་རྣམས་ཀྱིས་མིག་དཔེར་བཟུང་སྟེ་མ་འོངས་པར་རྒྱུན་འཛིན་གནང་དགོས་པ་བགྲོ་གླེང་ཚོགས་འདུ་གཞན་དག་ལས་ཀྱང་གལ་གནད་ཆེན་པོར་གྱུར་ཡོད་སྙམ། རྒྱུ་མཚན་ནི། བོད་ཀྱི་དགོན་སྡེ་ཁག་གི་མ་འོངས་པའི་གནས་སྟངས་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་སུས་ཀྱང་ཁ་ཚོན་གཅོད་དཀའ་བས། མ་འོངས་པར་དགོན་པ་ཁག་ལ་བརྟེན་མ་དགོས་པར་མང་ཚོགས་རང་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ཐུབ་པའི་རང་ཚུགས་དང་ནུས་སྟོབས་ཤིག་ད་ལྟ་ནས་བསྐྲུན་དགོས་པ་གལ་ཆེའི་དོན་གནད་དུ་གྱུར་ཡོད་པས་ཡིན་ལ། སྐྱ་བོ་ཕོ་མོ་ཚོ་ལ་ཡང་སེར་མོ་པ་དང་གདན་ཐོབ་གཅིག་མཚུངས་སུ་སྤྲད་པའི་ནང་པའི་ལྟ་གྲུབ་ཀྱི་བགྲོ་གླེང་འདི་འདྲ་ནི། སྐྱ་བོའི་ཕོ་མོ་ཚོར་བསྟན་པ་ལ་འགན་ཁུར་ལེན་པའི་བསམ་བློ་དང་ཤེས་ཡོན་བརྒྱུད་སྤྲོད་བྱེད་པའི་གོ་སྐབས་ལེགས་ཤོས་སུ་མཐོང།
༤༽ ཞིབ་ཏུ་བལྟས་ན་རྒྱུགས་སྤྲོད་ཆེན་མོ་ཞིག་གི་སྣང་ཚུལ་ཤུགས་ཀྱིས་འབྱུང། མི་ཐོག་གསར་རྙིང་འཕོ་འགྱུར་འགྲོ་བའི་བར་བརྒལ་གྱི་དུས་སྐབས་ནི། སྔ་སྲོལ་མང་པོ་ཉམས་དམས་སུ་འགྲོ་བའི་དུས་ཚོད་ཉེན་འཕྲང་ཅན་ཞིག་ཡིན་པར་བརྟེན། བསྟན་པ་དང་འགྲོ་བ་སྤྱི་ལ་འགན་ཁུར་བའི་རླབས་ཆེན་གྱི་སྐྱེས་བུ་མང་པོ་ཞིག་གིས། མི་རབས་རྙིང་པས་དཀའ་སྤྱད་ཀྱིས་བསྐྲུན་པའི་རིན་ཐང་ཅན་གྱི་དཔལ་ཡོན་རྣམས་མི་རབས་ཕྱི་མ་ལ་བརྒྱུད་སྤྲོད་མཛད་ཅིང། ཕུན་སུམ་ཚོགས་པའི་ཆོས་དང་རིག་གཞུང་གི་དཔལ་ཡོན་དེ་དག་མིའི་དཔལ་ཡོན་ཁྲོད་དུ་རྒྱུན་མཐུད་ནས་ཡུན་གནས་ཐུབ་པར་འགན་ཁུར་རྐང་བཞེས་མཛད།
རྡོར་གདན་དྲང་ངེས་བགྲོ་གླེང་ཆེན་མོའི་སྐབས་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་མཆོག་དང། དགའ་ལྡན་ཁྲི་ལས་ཟུར་རྣམ་པ་གཉིས། ཤར་བྱང་གི་ཆོས་རྗེ། དྲང་ངེས་བགྲོ་གླེང་ཆེན་མོ་འདིའི་ཐོག་མཐའ་བར་གསུམ་གྱི་འགན་ཁུར་གཙོ་བོར་བཞེས་པའི་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ། བོན་དང་ཇོ་ནང་ལ་སོགས་པའི་ཆོས་བརྒྱུད་གཞན་དག་གི་དབུ་ཁྲིད་དང་མཁས་པ་བཅས་དབུར་བཞུགས་པའི་མདུན་སར། གདན་ས་ཁག་གི་མི་ཐོག་གསར་པའི་མཁན་རིན་པོ་ཆེ་རྣམ་པས་གཙོ་སྐྱོང་མཛད་པའི་འོག། ཆོས་བརྒྱུད་དང་སྐྱ་སེར་ཕོ་མོ་རིས་མེད་ཀྱི་མཁས་པ་རྣམས་ཀྱིས་ནང་པའི་ལྟ་གྲུབ་ཀྱི་གལ་གནད་ལས་འཕྲོས་པའི་གསུང་བཤད་མཛད་ཅིང། དེའི་ཐོག་དྲི་བ་དྲིས་ལན་དང། དམ་བཅའ་ཆེན་མོ་ཚུགས་ཏེ་རིགས་པས་བརྡར་ཤ་ཆོད་པའི་བགྲོ་གླེང་གནད་དུ་ཐིངས་པ་མཛད། འདི་ནི་མི་ཐོག་གསར་པའི་ཁྲོད་ནས་མཁས་པའི་བྱ་བ་གསུམ་ག་ལ་ཐོགས་རྡུགས་མེད་པའི་དཔུང་ཁག་ནུས་ཤུགས་ལྡན་པ་ཞིག་ཐོན་ནས་ཡོད་པ་དང། མི་ཐོག་གསར་པ་འདི་དག་གིས་བསྟན་པ་ལ་འགན་ཁུར་ཐུབ་ངེས་ཡིན་པའི་རྒྱུགས་སྤྲོད་ཆེན་མོ་ཞིག་གི་རྣམ་པ་ཡང་གསལ་པོ་མངོན་པའི་སྣང་ཚུལ་ཤུགས་ཀྱིས་བྱུང་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་སྟེགས་བུའི་སྟེང་དུ་བཞུགས་པའི་མི་ཐོག་རྒན་པ་རྣམས་ཀྱིས་ཀྱང། རང་རང་གི་སྐུ་ཚེའི་ཐུགས་མྱོང་གཞི་ལ་བཞག་སྟེ་མ་འོངས་པའི་ལམ་སྟོན་དང་འབྲེལ་བའི་ལེགས་བཤད་ཀྱི་སྐྱེས་གྱ་ནོམ་པ་མང་པོ་བསྩལ་པ་ནི། ཕ་མཛངས་པས་ཕྱི་བཞག་གི་རྒྱུ་ནོར་བུ་ལ་འབོགས་པ་ལྟ་བུའི་སྣང་ཚུལ་ཡིད་འགུལ་ཐེབས་པ་ཞིག་འདུག
༥༽ སྲོལ་རྒྱུན་དང་དེང་རབས་ཟུང་ལྡན་གྱིས་བགྲོ་གླེང་གནད་དུ་ཐིངས་པ་མཛད། སྤྱིར་རྡོར་གདན་དྲང་ངེས་བགྲོ་གླེང་ཆེན་མོ་འདི་དུས་ཡུན་ཉིན་གསུམ་གྱི་རིང་ཡིན་ལ། བགྲོ་གླེང་གནང་སྟངས་ནི་དེང་དུས་ཀྱི་ལུགས་སུ་བྱས་ཏེ། གདན་ཞུས་བགྲོ་གླེང་པ་མཁས་དབང་རྣམས་ཀྱིས་རང་རང་གི་ཆེད་རྩོམ་གྱི་སྙིང་དོན་ངོ་སྤྲོད་མཛད་པའི་ཐོག་དྲི་བ་དྲིས་ལན་གྱི་ལམ་ནས་བགྲོ་གླེང་མཛད་པ་ནི། དུས་ཚོད་རིང་ཤོས་སུ་བསྐྱངས་པའི་བགྲོ་གླེང་ཚོགས་འདུའི་ལས་རིམ་གཙོ་བོ་དེ་ཡིན་ཡང། ཉིན་རེར་དུས་ཚོད་གཉིས་མ་ཟིན་རིང་སྲོལ་རྒྱུན་གྱི་ལུགས་སུ་བྱས་ཏེ་དམ་བཅའ་ཆེན་མོ་ཚུགས། བགྲོ་གླེང་པ་མཁས་དབང་རྣམས་ཀྱིས་རང་རང་གི་ཆེད་རྩོམ་ནང་རྩལ་དུ་བཏོན་པའི་ལྟ་བའི་གལ་གནད་དང། དམ་བཅའ་དམིགས་བསལ་བའི་རིགས་ལ་རྟགས་གསལ་གྱི་ལམ་ནས་བརྒལ་བརྟག་བགྲོ་གླེང་མཛད་པའི་གོ་སྐབས་ཤིག་ཀྱང་བསྐྲུན་ཡོད། འདི་ཡང་རྡོར་གདན་དྲང་ངེས་བགྲོ་གླེང་ཆེན་མོའི་ཁྱད་ཆོས་དམིགས་བསལ་བ་ཞིག་ཏུ་མཐོང་ཞིང། གོ་སྒྲིག་འདི་ལྟར་མཛད་པར་རྒྱུ་མཚན་དང་དགོས་དོན་མང་པོ་ཡོད་ངེས་ཀྱང་འདིར་མངས་སུ་དོགས་ནས་མ་བྲིས། འཆད་རྩོད་རྩོམ་གསུམ་སྟེ་མཁས་པའི་བྱ་བ་གསུམ་ག་འཛོམས་པའི་བགྲོ་གླེང་འདི་འདྲ་ནི་ཤིན་ཏུ་མཐོང་དཀོན་པས། དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས། འདི་འདྲའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་དགོས་པ་༸སྐྱབས་མགོན་རིན་པོ་ཆེས་བཀའ་མང་པོ་གནང་ཡོད་ཀྱང། ང་རང་ཚོ་ཆ་ཚང་འཛོམས་ནས་ཚོགས་ཐུབ་པ་ཞིག་ད་བར་གཏན་ནས་བྱུང་ཡོད་པ་མ་རེད། མིག་ལྟོས་འདི་སྤྱད་ནས་མ་འོངས་པར་ཡང་ཚང་མས་གོ་སྒྲིག་གནང་ཐུབ་པ་བྱུང་ན་རྒྱས་བསྡུས་དང་རྒྱ་ཆེ་ཆུང་ལ་མ་ལྟོས་པར་ཡག་པོ་ཡོང་གི་རེད་བསམས་ཀྱི་འདུག ཅེས་དང། ད་ལྟ་ཀིརྟིའི་དགེ་རྩ་ཚོགས་པ་དང་བྱེས་པ་གྲྭ་ཚང་གཉིས་ནས་གནང་བ་ལྟར་མ་འོངས་པར་ཆོས་ལུགས་རིས་སུ་མ་ཆད་པའི་བགྲོ་གླེང་ཚོགས་འདུ་ཚོགས་དགོས་པ་གལ་ཆེན་པོ་རེད། ཚོགས་པ་སོ་སོ་དང། གྲྭ་ཚང་སོ་སོ། དགོན་པ་སོ་སོས་ཁུར་བཞེས་དགོས། དགོས་ཀྱི་འདུག།དགོས་ཀྱི་འདུག་ཟེར་བ་མ་གཏོགས། ཀིརྟིའི་བྱེས་པ་གྲྭ་ཚང་དང་དགེ་རྩ་ཚོགས་པ་ནང་བཞིན་གྱི་ཁུར་ལེན་མཁན་ཞིག་མེད་པ་ཡིན་ན་ང་རང་ཚོ་ཚོགས་ཐུབ་རྒྱུ་ཧ་ཅང་གི་ཁག་པོ་རེད། ཅེས་སོགས་གསུངས་ཤིང། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་ཀྱང་དེ་ལུགས་ཀྱི་ཐུགས་རེ་མཛད་ཡོད།
ཞོར་དུ་ཞུ་བ་ནི། རྡོར་གདན་དྲང་ངེས་བགྲོ་གླེང་ཆེན་མོའི་སྐབས་ཀྱི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སོགས་གསུང་བཤད་ཁག་ཡིག་འབེབས་ཕྱོགས་བསྒྲིགས་ཞུས་ཡོད་པས། དགོས་མཁོ་ཅན་ཚོས་གཤམ་གྱི་ཁ་བྱང་ཐོག་འབྲེལ་བ་གནང་ན་འབུལ་ངེས་ཡིན། sangey88@yahoo.com
དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་ཡག་བྱུང་། དྲ་ལམ་ནས་ཆ་ཚང་མཇལ་བ་ཡིན། གཞོན་སྐྱེས་མཁས་པའི་ཚོགས་དེ་མཇལ་ནས་དགའ་སྤོབས་གཉིས་འགྲན་ལྟ་བུ་བྱུང་། དགོན་སྡེ་ཁག་གིས་མཁས་པ་བསྐྱེད་བསྲིང་གནང་འདུག་ཨང་སྙམ་པ་བྱུང་། ཧ་ལས་པ་རེད། དགའ་འོས་པ་ཞིག་རེད།
ཉིན་གསུམ་གྱི་བགྲོ་གླེང་གྲུབ་འབྲས་ཕྱོགས་བསྡོམས་གནང་བཞག་པའི་ཡིག་ཚགས་དེ་འདྲ་ཡོད་དམ། ཡོད་ན་ལན་ཞིག་གནང་རོགས།
༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་ཐུགས་འགན་གཙོ་བོར་བཞེས་པའི་ཆོས་བརྒྱུད་རིས་མེད་ཀྱི་རྡོར་གདན་དྲང་ངེས་བགྲོ་གླེང་ཆེན་མོར་དངོས་སུ་བཅར་རྒྱུའི་སྐལ་བ་བཟང་པོ་བྱུང་། བགྲོ་གླེང་ཤིན་ཏུ་གཟི་བརྗིད་ལྡན་པ་འདུག་ལ། མཁས་བརྒྱ་འགྲན་གླེང་ཞེས་པ་ནི་ཕལ་ཆེར་འདི་འདྲ་ཞིག་ལ་ཟེར་བ་ཡིན་རྒྱུ་རེད་བསམས། ༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་མི་རབས་རྒན་པ་ཚོ་ལ་མཛད་རྗེས་ཤིན་ཏུ་མང་པོ་ཡོད་པའི་གྲས་ནས་ཆོས་བརྒྱུད་རིས་མེད་ཀྱི་གདན་ས་ཁག་ཏུ་མཁས་པ་དང་དཔེ་ཆ་པ་མང་པོ་གསོ་སྐྱོང་གནང་འདུག་པ་ནི་ངག་གི་བརྗོད་པས་མཚོན་མི་ཐུབ་པའི་མཛད་རྗེས་ཆེན་པོ་ཞིག་ཡིན། ཀིརྟི་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཐུགས་འགན་བཞེས་ནས་མཁས་པ་འདི་འདྲ་མང་པོ་མཉམ་འཛོམས་ཐུབ་པ་བྱུང་བ་རེད། རེ་མདོ་སེངྒེས་ཁ་གསལ་གཏིང་གསལ་བྱས་ཏེ་བྲིས་པ་བཞིན་ང་ཚོའི་ད་ལྟའི་སྤྱི་ཚོགས་ལ་ཕྱོགས་རིས་མེད་ཀྱི་མཁས་པའི་འདུ་འཛོམས་འདི་འདྲ་དགོས་པ་ཤིན་ཏུ་གལ་ཆེན་པོར་གྱུར་འདུག མཁས་པ་ཚོའི་བར་གྱི་འབྲེལ་བ་དང་མཐུན་ལམ་བརྟན་པོ་བྱུང་ན་སྤྱི་ཚོགས་རང་བཞིན་གྱིས་བརྟན་པོ་དང་མཐུན་པོ་ཡོང་རྒྱུ་ཡིན་པ་གསལ་པོ་ཡིན། སྤྱི་ཚོགས་མི་མཐུན་པའི་གཞི་རྩ་གཙོ་བོ་མཐོ་རིམ་མི་སྣའི་བར་གྱི་འགལ་བ་དང་བྱེད་སྤྱོད་ངན་པ་ལ་བརྟེན་ནས་ཡོང་གི་ཡོད་པ་གསལ་པོ་ཡིན། དེར་བརྟེན་ཀིརྟི་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཆོས་ལུགས་དང་རིག་གཞུང་ཙམ་མ་ཡིན་པར་ད་ལྟའི་སྤྱི་ཚོགས་ཆབ་སྲིད་ལ་ཕན་ཐོགས་ཆེན་པོ་ཡོད་པའི་ཕྱག་ལས་ཡག་པོ་གནང་བྱུང་བར་རྗེས་སུ་ཡི་རང་ཞུའོ། །
བྱང་ཆུབ་ལོ་མ་ཕེབས་པར་དགའ་བསུ་ཞུ། ཁྱེད་ཀྱིས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ། བགྲོ་གླེང་གནང་མཁན་གྱི་མཁས་པ་ཚོའི་ཆེད་རྩོམ་དང་འགྲན་རྩོམ་སོགས་ཡོངས་ཁྱབ་ཏུ་དཔར་བསྐྲུན་འགྲེམས་སྤེལ་ཞུས་པ་དེ་སྐུ་ཉིད་ལ་ལག་སོན་བྱུང་ཡོད་དམ། དེ་མིན་རྡོར་གདན་དྲང་ངེས་བགྲོ་གླེང་ཆེན་མོའི་ཉིན་གསུམ་གྱི་བགྲོ་གླེང་གྲུབ་འབྲས་ཕྱོགས་བསྡོམས་བྱས་པའི་ཡིག་ཚགས་འབུལ་བདེ་བ་ཁམས་གཙང་ཞིག་ད་ལྟ་མི་འདུག བགྲོ་གླེང་དབུ་འཛུགས་སྐབས་༸གོང་ས་མཆོག་གི་བཀའ་སློབ་དང། དགའ་ལྡན་ཁྲི་རིན་པོ་ཆེའི་བཀའ་སློབ། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་བཀའ་སློབ། དེ་བཞིན་མཇུག་བསྡོམས་མཛད་སྒོའི་སྐབས་ཀྱི་དགའ་ལྡན་ཁྲི་རིན་པོ་ཆེའི་བཀའ་སློབ། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་བཀའ་སློབ་བཅས་ཡིག་འབེབས་ཀྱིས་ཕྱོགས་བསྒྲིགས་ཞུས་ཏེ་འཕྲུལ་དེབ་བཟོས་ཡོད། ངས་རྩོམ་ཡིག་གི་མཇུག་ཏུ་དགོས་མཁོ་ཅན་ལ་འབུལརྒྱུ་ཡིན་ཞེས་ཁ་བྱང་ཕུལ་བའི་ཐོག་འབྲེལ་བ་གནང་མཁན་མང་པོ་བྱུང་ལ། འབྲེལ་བ་གནང་མཁན་ཡོངས་རྫོགས་ལ་འཕྲལ་དུ་ཕུལ་བ་ཡིན། འོན་ཀྱང་མང་པོ་ཞིག་གིས་འཕྲུལ་དེབ་སྒོ་ཕྱེ་ཐུབ་ཀྱི་ཡོད་ཚོད་མི་འདུག གནད་དོན་འདི་ང་རང་གིས་འཕྲུལ་དེབ་བཟོ་སྟངས་མ་འགྲིག་པའི་སྐྱོན་ཡིན་ནམ། ཡང་ན། ཁོང་ཚོའི་ཁ་པར་དང་གློག་ཀླད་སོགས་ལ་མཉེན་ཆས་མ་ཡོད་པའི་སྐྱོན་གང་ཡིན་མ་ངེས། མདོར་ན། གོང་གསལ་གྱི་བཀའ་སློབ་ཁག་ཡིག་འབེབས་ཕྱོགས་བསྒྲིགས་ཞུས་པ་ཡོད། དེ་མིན་ཕྱོགས་བསྡོམས་ཀྱི་ཡིག་ཆ་འབུལ་བདེ་པོ་དེ་འདྲ་མེད།
མ་ཡོད་པའི་ཞེས་པ་འདི་བོད་ཡིག་གི་དགག་སྒྲ་འབྲི་སྟངས་གསར་བ་ཞིག་ཡིན་པ་འདྲ། ཡོངས་གྲགས་སུ་མེད་པའི་ཞེས་འབྲི།
རེ་མདོ་སེང་གེ་ནས་ལན་གནང་བར་ཐུགས་རྗེ་ཆེ་ཞུ།