འབའ་སྲས།
བརྩེ་དུང་ཆུ་གོས་རྩེ་མོ་རུ།།
སྙིང་རྗེ་ཏོག་གི་རྒྱན་བཀོད་པའི།།
འཇའ་འོད་ལྟ་བུའི་སྒྱུ་འཕྲུལ་མ།།
སྒེག་པའི་ལྷ་མོ་དེ་ལ་འདུད།།
ཉིན་གང་ལས་ཀྱིས་ངལ་གྱུར་པའི།།
བསམ་འགྲུབ་མིང་ཅན་སྐྱེ་བོ་དེ།།
ཉི་མའི་དཀྱིལ་འཁོར་མཚམས་སྤྲིན་གྱི།།
མལ་དུ་གཟིམས་པར་ཡང་དག་མཚུངས།།
ནམ་མཁའི་སྐར་ཚོགས་ཚོམ་བུ་ནི།།
ས་ལས་མེ་ཏོག་འཁྲུངས་པ་བཞིན།།
ངལ་བའི་བུ་ལ་ངལ་གསོ་ཡི།།
གསེར་གྱི་སྟེགས་བུ་བརྩིགས་པ་འདྲ།།
ཟླ་བའི་དཀྱིལ་འཁོར་མུན་པའི་སྨག །
སེལ་ཕྱིར་མཁའ་ལ་འཛུམ་དམུལ་ཤར།།
རྒྱུ་སྐར་ཚོམ་བུ་བཀྲ་བ་ནི།།
ཟླ་བར་དགའ་བསུ་བཅར་དང་མཚུངས།།
བསམ་འགྲུབ་སྔས་སུ་བརྟེན་མ་ཐག །
ཁ་པར་དབྱར་གྱི་སྤྲིན་གསེབ་ལས།།
དིར་སྒྲ་འབྲུག་གི་སྒྲ་དབྱངས་གྲགས།།
རྣ་བ་གཙུག་ཕུད་ཅན་གྱིས་ཉན།།
སྔོན་མེད་རྒྱ་མཚོ་འཕྱུར་བ་ཡིས།།
རླབས་ཀྱི་ཕྲེང་བ་འདི་ནི་གང་།།
བཀའ་མོལ་གསུང་གླེང་མ་མྱོང་བའི།།
ཁ་པར་འདི་ནི་སུ་ཡིས་བཏང་།།
བསམ་ཞིང་བསམས་ཤིང་བསམ་འགྲུབ་ཀྱི།།
གཉིད་ཀྱི་བདེ་བའི་མེ་ཏོག་ནི།།
རླུང་བུས་བསྒུལ་བའི་ལྗོན་ཤིང་བཞིན།།
བསམ་བློའི་འདབ་མ་གཡོ་བར་གྱུར།།
དུག་གི་མཚོ་ལ་བརྒལ་བ་ནི།།
སྲོག་དང་ལྡན་པ་སུ་ཡང་འཇིགས།།
མེ་ཏོག་ཚལ་དུ་མི་འགྲོ་བའི།།
བློ་དང་ལྡན་པ་སུ་ཞིག་མཆིས།།
ཁ་པར་འདི་ཡི་བདག་པོ་ནི།།
སུ་ཞིག་ཡིན་ནམ་བསམས་ན་ཡང་།།
རྣག་ཁྲག་འཐིམས་པའི་བརྩེ་དུང་གི །
རྒྱལ་མོ་ཡིན་པ་ག་ལ་ཤེས།།
ཚར་གཏོང་ཁ་པར་སྒུག་པ་ནི།།
ཆར་སྡོད་བྱི་འུ་སྐོམ་པ་འདྲ།།
ཕར་ལ་གཏོང་བར་བློས་མ་ལྕོགས།།
སྡར་མ་རལ་གྲིར་འཇིགས་པ་བཞིན།།
ཤེལ་དཀར་ཕོར་བ་དག་གཙང་དུ།།
མངར་ཇ་ཡང་དང་བསྐྱར་དུ་འཐུང་།།
ཇ་ཤིང་ཕྲ་མོ་རྐང་གཅིག་གིས།།
སེམས་ཀྱི་མི་དེ་མཚོན་པར་བྱེད།།
ཡུན་ཙམ་འགོར་རྗེས་དབྱར་སྐྱེས་ནགས།།
ཁུ་བྱུག་གསུང་སྙན་གྲགས་པ་བཞིན།།
ཁ་པར་དབྱར་ཀྱི་སྤྲིན་གསེབ་ནས།།
འབྲུག་ཆུང་དགོད་སྒྲ་སླར་ཡང་ཐོས།།
ཨ་རོགས་ཁྱོད་ནི་སུ་ཡིན་ནམ།།
ལན་དུ་དགོངས་དག་ནོར་སོང་ཞེས།།
ཤིན་ཏུ་སྙན་པའི་གཞོན་ནུ་མའི།།
གུས་ཞབས་མཚོན་པའི་སྐད་དེ་ཐོས།།
ཕོ་ལ་ཆེས་ཆེར་སྙན་པ་ནི།།
ལང་ཚོ་མ་ཡི་སྐད་ལས་གང་།།
དེ་བཞིན་བུད་མེད་དག་ལ་ཡང་།།
ཕོ་ཡི་སྐད་ནི་བདུད་རྩི་ཉིད།།
ལས་མཇལ་ཐག་པས་མ་བསྡམས་ཀྱང་།།
ལམ་ཐུག་ཁ་པར་སྣེ་ནས་འཕྲད།།
ཚེ་རིང་སྐྱིད་དང་བསམ་འགྲུབ་ཀྱི།།
བརྩེ་དུང་རྣག་ཁྲག་འདི་ནས་བརྡོལ།།
ཁ་པར་ཁ་སྒོ་རྣར་གཏད་ནས།།
ཁ་བརྡ་ཡང་དང་བསྐྱར་དུ་བྱས།།
མི་སེམས་མི་དང་འདྲིས་པ་ཡི།།
བརྩེ་བའི་མྱུ་གུ་འང་འདི་ནས་འཁྲུངས།།
རྩེད་མོ་ཀུ་རེ་དུང་གཏམ་མཚོ།།
འཇིག་རྟེན་སྣང་བས་དཀྲུགས་པ་ལས།།
བརྩེ་དུང་བྱུ་རུའི་འཁྲི་ཤིང་གི །
ཁ་དོག་དམར་བ་གསལ་བར་གྱུར།།
རྟག་ཏུ་བུ་རྣམས་བུད་མེད་ལ།།
ང་ཁྱོད་དགའ་ཞེས་བརྗོད་པ་ནི།།
མེ་ཏོག་མ་ཡིན་སྦྲང་རྩིའི་ཆེད།།
སྦྲང་མ་འཁོར་བ་ཉིད་དང་མཚུངས།།
ཁ་དང་ཁོག་པ་མི་མཚུངས་ཀྱང་།།
བསམ་འགྲུབ་སྐད་ཆ་སྙན་མོ་དེས།།
ཚེ་རིང་སྐྱིད་ཀྱི་སྙིང་གི་བྲག །
བརྟན་པའི་རང་ཚུགས་མེད་པར་བྱས།།
ཕན་ཚུན་མིག་གིས་མ་མཐོང་ཡང་།།
ཚེ་རིང་སྐྱིད་ཀྱི་སྙིང་གཏམ་མེ།།
ཤིན་ཏུ་ཚ་བའི་རེག་བྱ་ཡིས།།
བསམ་འགྲུབ་བརྟན་པའི་གངས་རི་བཞུས།།
ཕན་ཚུན་གཅིག་ལ་གཅིག་ཆགས་ཀྱིས།།
གཉིས་ཀའི་སེམས་ཀྱི་མེ་ལོང་དུ།།
གཟུགས་བརྙན་ར་རི་འཛིན་པ་ནི།།
རི་བོང་ཅན་གྱི་རྗེས་སུ་འགྲོ །
མུན་ནག་ཁྱིམ་གྱི་མེ་ཏོག་ནི།།
མིག་གི་སྤྱོད་བྱ་མ་ཡིན་པས།།
ལག་པས་ཅི་ཙམ་རེག་ན་ཡང་།།
མཛེས་སྡུག་ཁ་དོག་ག་ལ་མཐོང་།།
ཕན་ཚུན་མིག་གི་མཐོང་འདོད་དང་།།
རང་རང་ལོ་རྒྱུས་ཤེས་འདོད་ཀྱི།།
རྒྱ་མཚོ་ཉིན་རེར་འཕྱུར་བ་ཡིས།།
སེམས་ཀྱི་འཇིག་རྟེན་བཟོད་མེད་གྱུར།།
འོན་ཀྱང་ཚེ་རིང་སྐྱིད་ཀྱི་པར།།
བསམ་འགྲུབ་ཁྱོད་ཀྱིས་མཐོང་འོས་མིན།།
ཡུན་རིང་ནད་ཀྱིས་མནར་བ་ཡིས།།
ལོ་རྒྱུས་ཞིབ་ཏུ་ཁོ་མོས་གླེང་།།
བརྩེ་བ་མེ་ཡིས་མི་འཚིག་ཤིང་།།
དུངས་པ་ཆུ་ཡིས་འཁུར་མིན་པས།།
གདོང་གི་མཛེས་སྡུག་ཉམས་པ་ཡིས།།
བདག་ལ་རེ་ཆད་ག་ལ་འབྱུང་།།
བསམ་འགྲུབ་ངག་གི་སྒོ་མོ་ལས།།
དམ་བཅའ་ཚིག་གི་མདའ་མོ་འདིས།།
ཚེ་རིང་སྐྱིད་ཀྱི་རྣ་བ་ནི།།
ཚ་བ་མེད་པར་བདེ་བས་ཕུག །
ཕན་ཚུན་ལོ་རྒྱུས་ཞིབ་གླེང་དང་།།
ཡུལ་ཕྱོགས་རང་མིང་ལས་གནས་སོགས།།
གསང་བ་མེད་པར་འཆད་པ་ཡིས།།
ཡིད་ཆེས་རི་མོ་ཇེ་གསལ་གྱུར།།
ཚེ་རིང་སྐྱིད་ཀྱི་ཕ་ཡུལ་ནི།།
ཁྲི་ཀ་ཡིན་ཞིང་གནས་སྐབས་སུ།།
འབའ་རྫོང་དཀར་མོ་ཇོ་དགོན་དུ།།
སྨན་བསྟེན་ངལ་གསོ་ཚུལ་རྣམས་བཤད།།
བསམ་འགྲུབ་ཕ་ཡུལ་རེབ་གོང་དང་།།
ད་ལྟ་བྲག་དཀར་རྫོང་ཐོག་ཏུ།།
ལས་གནས་ཡོད་པ་མ་གསང་བར།།
ཚེ་རིང་སྐྱིད་ལ་དྲང་མོར་བཤད།།
རི་དྭགས་དྲ་རུ་ཚུད་པའི་དྲ།།
གཅོད་པའི་རྐམ་པ་ཡོད་མོད་ཀྱང་།།
བརྩེ་དུང་དྲ་རུ་ཚུད་པ་ན།།
མྱུར་གཅོད་སྟ་རེ་གང་དུ་འཚོལ།།
ཚེ་རིང་སྐྱིད་ནི་བཟའ་ཟླ་དང་།།
བུ་ཕྲུག་གཉིས་ཀྱི་ཨ་མ་དང་།།
ནད་ཀྱིས་གདུངས་པའི་ནད་པ་ཞིག །
ཡིན་པ་མ་བཤད་མ་ཤེས་མིན།།
འོན་ཀྱང་ཐོག་མའི་བརྩེ་དུང་དང་།།
བར་དུ་སྙིང་རྗེ་མཐའ་མཇུག་ཏུ།།
སྡུག་བསྔལ་རྣག་ཁྲག་ཅན་གསུམ་པོ།།
རིམ་གྱིས་མྱང་དགོས་ལས་སུ་བསྐོས།།
ཉིན་མ་ཞིག་གི་མཚན་མོ་རུ།།
སྔར་བཞིན་སྙིང་གཏམ་བརྗོད་པར་བྱས།།
ཕན་ཚུན་པར་ཡང་བསྐུར་རྒྱུ་བྱས།།
བལྟ་འདོད་ཐུག་འདོད་མང་དུ་གླེང་།།
ང་ཡི་འདྲ་པར་ཁྱེད་རང་ལ།།
བསྐུར་ཏེ་མཐོང་ན་ཁྱེད་ནི་སྐྲག །
མ་བསྐུར་ན་ཡང་མི་འོས་ཞེས།།
ཚེ་རིང་སྐྱིད་ཀྱི་འདྲ་པར་བསྐུར།།
ཡུན་རིང་བསྒུགས་ཤིང་རེ་བ་ཡི།།
ལྷ་ཡི་བདུད་རྩི་བུམ་པ་གང་།།
བསམ་འགྲུབ་མིང་གིས་འཐུང་མ་ཐག །
སེམས་ཀྱི་མགྲིན་པ་སྔོན་པོར་གྱུར།།
ཀྱེ་ཧུད་རིད་ཅིང་སྐམ་པ་ཡི།།
ནད་ཀྱིས་མནར་བའི་བུ་མོ་འདི།།
ཅི་འདྲའི་ཉམ་ཐག་ཡིན་ཨང་ཞེས།།
བརྩེ་སེམས་གདུང་སེམས་ལྷན་ཅིག་སྐྱེས།།
དང་ཐོག་སྙིང་གི་མེ་ཏོག་གང་།།
ད་ལྟ་འདབ་ལོ་རྙིད་པར་མཐོང་།།
འོན་ཀྱང་རྣ་ལ་ཞིམ་པའི་དྲི།།
སྔོན་མ་ལས་ཀྱང་ལྡང་བར་གྱུར།།
ཁ་པར་ནང་དུ་ཡུན་རིང་དུ།།
ཁ་བརྡ་མང་ཙམ་བྱས་པའི་སྐབས།།
ན་ཟུག་ཨུ་ཧུད་འདོན་པ་ནི།།
རྫུན་དུ་མིན་པ་གསལ་བོར་ཤེས།།
བསམ་འགྲུབ་སེམས་ཀྱིས་མ་བཟོད་པར།།
གང་མྱུར་ཁྱེད་ལ་བལྟ་རུ་ཡོང་།།
འགོར་ན་ཉི་མ་གཉིས་ཙམ་ལས།།
མི་འགྱངས་ཚེ་རིང་སྐྱིད་ལ་བཤད།།
ཚེ་རིང་སྐྱིད་ནི་ཡི་མ་ཆེས།།
གལ་སྲིད་ཡོང་ན་ང་ཡི་ལུས།།
ཁྱོད་ལ་སྟོན་སྲོལ་ག་ལ་ཡོད།།
བསམས་ཤིང་འདང་རྒྱག་ནང་དུ་ལྷུང་།།
བྲག་དཀར་རྫོང་ན་བསམ་འགྲུབ་ལ།།
མག་སྤུན་བུ་ཞིག་ཡོད་པ་དེར།།
ཚེ་རིང་སྐྱིད་ལ་བལྟ་ཕྱིར་དུ།།
རོགས་རམ་དགོས་པའི་རེ་སྐུལ་ཞུས།།
གྲོགས་ལ་གྲོགས་ཀྱིས་རྒྱབ་བརྟན་ཅིང་།།
བརྩེ་བ་བརྩེ་བར་འདང་དགོས་པས།།
མག་སྤུན་དེ་ཡི་རླངས་འཁོར་ལས།།
སང་ཉིན་འགྲོ་བར་ཐག་གིས་བཅད།།
ཤ་དང་བཏུང་ཆུ་མང་ཙམ་དང་།།
ལེགས་སྐྱེས་གང་ལ་གང་འཚམས་ཤིག །
ཉོས་ཏེ་ཞོགས་པའི་ཉི་ཟེར་དང་།།
བསྡོངས་ཏེ་འབའ་རྫོང་ཕྱོགས་སུ་བཞུད།།
སེམས་ཀྱི་རྟ་ཕོ་གཤོག་ཐོག་མ།།
ཚེ་རིང་སྐྱིད་ཀྱི་འགྲམ་དུ་ལྡིང་།།
ཀྱག་ཀྱོག་ལམ་གྱི་རླངས་འཁོར་ནི།།
ད་དུང་རིང་བའི་ལམ་དུ་བསྐྱོད།།
སྡོད་མེད་དུས་ཚོད་འཁོར་ལོ་དང་།།
དལ་མེད་རླངས་འཁོར་འཁོར་ལོ་ཡང་།།
ཚེ་རིང་སྐྱིད་ལ་བལྟ་ཕྱིར་དུ།།
ངལ་གསོ་མེད་པར་རྒྱུགས་པ་འདྲ།།
འཁོར་ལོས་བསླངས་པའི་ས་རྡུལ་གྱིས།།
ལམ་འགྲམ་རྩི་ཤིང་སྡོང་བོ་དག །
མི་གཙང་རྡུལ་གྱི་གོས་གྱོན་པ།།
རྨ་ཆུའི་རྒྱུན་གྱིས་འདག་པར་དཀའ།།
དེ་ལྟར་མྱུར་བ་མྱུར་གྱིས་ནི།།
མག་སྤུན་ལྷན་དུ་འབའ་རྫོང་གི །
འཕྲུལ་གྱི་རི་དྭགས་རྙི་བཙུགས་པའི།།
སི་ཏཱ་སྡོད་པའི་ནགས་དེར་བསླེབས།།
འབའ་རྫོང་དཀར་མོ་ཇོ་དགོན་དང་།།
དངོས་སུ་མ་མཐོང་སྙིང་སྡུག་མ།།
བསམ་འགྲུབ་ཡིད་ཀྱི་ནམ་མཁའ་རུ།།
ལྷན་ཅིག་ཤར་ལ་ཉེ་བར་གྱུར།།
ཕྱི་དྲོའི་ཉི་མའི་དཀྱིལ་འཁོར་གྱི །
ཟུར་མིག་འོད་ཟེར་རྗེས་ཆགས་པ།།
ཚེ་རིང་སྐྱིད་དང་བསམ་འགྲུབ་ཀྱི།།
ཐོག་མའི་ཐུག་འཕྲད་མཐོང་འདོད་འདྲ།།
བསམ་འགྲུབ་གྲགས་དཀར་དགོན་པའི་འདབས་།།
བསླེབས་མ་ཐག་ཏུ་ཚེ་རིང་སྐྱིད།།
རྣ་བ་མཛེས་བྱེད་ཁ་པར་གྱི།།
དིར་སྒྲའི་ཨུཏྤལ་རྣ་ལོང་བཏགས།།
མཚན་མོར་གཉིད་ཀྱི་རྨི་ལམ་དུ།།
འཇའ་ཚོན་གོས་སུ་གྱོན་པ་དང་།།
སྤྲིན་གྱི་སྟེགས་བུར་བཞུགས་མཚུངས་ཞེས།།
ཚེ་རིང་སྐྱིད་ནི་ཡིད་མ་ཆེས།།
མནའ་ཚིག་བྲག་ལ་བདེན་པ་ཡི།།
ཐེམ་སྐས་རིམ་པ་དགུ་བརྐོས་རྗེས།།
གང་གི་ནད་གཡོག་བུ་མོ་ཞིག །
ནམ་ལངས་སྐྱ་རེངས་བཞིན་དུ་བསླེབས།།
འདི་ནི་སུ་ཞིག་སྙིང་གི་ངོས།།
བཞད་པའི་མེ་ཏོག་དེ་མ་ཡིན།།
སྔོན་ན་མཐོང་བའི་འདྲ་བར་གྱི།།
སྟེང་གི་བུ་མོ་དེ་མ་ཡིན།།
བསམ་ཞིང་བསམས་ཤིང་བསམ་འགྲུབ་ནི།།
ཐེ་ཚོམ་སྟོང་གི་དྲ་རུ་གྱུར།།
ཁྱོད་ནི་སུ་ཞེས་དྲིས་པ་ན།།
བཞིན་བཟང་དེ་ཡིས་འདི་ལྟར་བསྙད།།
ཚེ་རིང་སྐྱིད་ནི་ཁྱོད་ཀྱི་མདུན།།
འོང་ལ་ངོ་ཚས་གནོངས་གྱུར་པས།།
མོ་ཡི་ཚབ་ཏུ་གུས་མོ་ནི།།
མདུན་བསུ་བཅར་བ་ཡིན་ཞེས་བཤད།།
ཤིང་རྟ་ལ་བཞུགས་ཉི་མ་བཞིན།།
བསམ་འགྲུབ་གདོང་གི་དཀྱིལ་འཁོར་ནི།།
ཚེ་རིང་སྐྱིད་ཀྱི་པད་མའི་ཚལ།།
བཞད་ཕྱིར་རྟ་ལྗང་ཅན་དེས་དྲངས།།
ནད་གཡོག་ཡིད་བདེ་འཇིགས་བདེ་དང་།།
མག་སྤུན་ཧ་ནུ་མན་ཐཱ་བཅས།།
དགའ་བྱེད་དགའ་བའི་རོལ་རྙེད་མ།།
བཞུགས་པའི་ཁྱིམ་དུ་ཉེ་བར་འབྱོར།།
སྨན་དང་ནད་ཀྱི་དྲི་མ་ཡིས།།
བཙན་རྫོང་ལྟ་བུའི་ཁང་ཆུང་དེར།།
ཡོངས་ཁྱབ་བསམ་འགྲུབ་སྣ་བ་ཡི།།
གསེར་གྱི་ཁང་བཟང་སྙིགས་མར་བཏང་།།
རྒྱ་སྐྱེགས་ཤིང་གི་སྐྱེད་ཚལ་དུ།།
སི་ཏཱ་བཙོན་དུ་བཅུག་པ་བཞིན།།
ནད་ཀྱི་སྲིན་པོ་མགྲིན་བཅུ་ཡིས།།
བཟུང་བའི་སི་ཏཱ་མཐོང་མ་གྱུར།།
ངོ་ཚའི་གོས་ཀྱིས་བསྒྲིབས་པ་ཡི།།
ཚེ་རིང་སྐྱིད་ཀྱི་ཞལ་རས་ནི།།
འཕྲུལ་གྱི་རི་དྭགས་བདས་པ་བཞིན།།
བསམ་འགྲུབ་མིག་གི་གཞུ་ལས་འགོངས།།
དེ་ལྟ་ན་ཡང་ནད་གཡོག་མའི།།
ལག་སོར་ཉི་མའི་འོད་ཟེར་གྱིས།།
བསམ་འགྲུབ་མིག་གི་རྒྱ་མཚོ་རུ།།
ཚེ་སྐྱིད་པད་མ་འཛུམ་པར་བྱས།།
རིད་ཅིང་སྐམ་པའི་ལུས་གཟུགས་ལ།།
སྤུས་དག་ལྭ་བས་མཛེས་སྤྲོས་པ།།
མགོ་ཡི་སྐྲ་ནི་བཅད་གྱུར་ཀྱང་།།
རྐང་ལྷམ་ཕྱི་རྟིང་མཐོ་བ་ཅན།།
ཚེ་རིང་སྐྱིད་ཀྱི་ལུས་པོ་དང་།།
རྣམ་འགྱུར་ཉམ་ཐག་ཀྱེ་མ་ཧུད།།
ལྷན་ཅིག་བསམ་འགྲུབ་མིག་གི་མཁའ།།
སྤྲིན་ནག་བཞིན་དུ་འཐིབས་པར་གྱུར།།
ཨ་ཙི་མི་ལུས་རིན་པོ་ཆེ།།
ནད་ཀྱིས་བཟུངས་ན་འདི་ལྟ་སྟེ།།
བསམ་ཞིང་བསམས་ཤིང་བསམ་འགྲུབ་ཀྱི།།
མིག་མཐའ་མཆི་མའི་རྒྱ་མཚོ་འཕྱར།།
ཐོག་མའི་སྙིང་གི་མེ་ཏོག་ནི།།
ད་ནི་མིག་གི་མཆི་མར་གྱུར།།
ནད་མནར་ཚེ་རིང་སྐྱིད་མཐོང་བས།།
བསམ་འགྲུབ་རང་དབང་མེད་པས་གདུངས།།
བརྩེ་དུང་ཆགས་སྲེད་མེ་མ་ཡིན།།
དགའ་སྐྱོ་འདྲེས་མའི་རྒྱ་མཚོ་སྟེ།།
སྙིང་རྗེ་དུང་གི་ཟླ་བ་ནི།།
བྱམས་བརྩེ་ཆུ་གཏེར་གཏིང་ནས་འཛུམ།།
བསམ་འགྲུབ་སེམས་ཀྱི་བཅོ་ལྔའི་ཟླ།།
མིག་གི་མཁའ་རུ་ཤར་བ་ན།།
གཟའ་ཡིས་ཟོས་པའི་ཕྱེད་ཀ་ཙམ།།
བརྩེ་དུང་ཆེད་དུ་གསོན་པ་འདྲ།།
རིད་པའི་རུས་པར་ཤ་པགས་ཀྱིས།།
གྱང་ངོས་ཤོག་བུ་སྦྱར་བ་བཞིན།།
མིག་ཀོང་ཁོག་ཏུ་ལྟུང་བ་ནི།།
སྦྲུམ་མས་བྱིས་པ་བཙས་པ་འདྲ།།
བརླ་གཅིག་ཤིན་ཏུ་སྐྲང་བ་ཡིས།།
གླང་ཆེན་རྐང་པ་ཆུང་བར་བྱེད།།
ཡ་ནི་རིད་ཅིང་ཕྲ་བ་ཡིས།།
ཡི་དྭགས་སྐེ་ནི་ཕྲ་བར་སྟོན།།
མིག་གིས་མཐོང་ན་བཟོད་དཀའ་ཞིང་།།
སེམས་ཀྱིས་མྱངས་ན་ངུ་ཤོར་བའི།།
ཚེ་རིང་སྐྱིད་ཀྱི་ཚེ་འཇུག་ལུས།།
བསམ་འགྲུབ་མཆི་མའི་མཚོ་མོར་གྱུར།།
ལམ་ཐུག་མ་ཡིན་ལས་ཐུག་སྟེ།།
ལས་ཀྱིས་འཕྲད་པ་ཟློག་པར་དཀའ།།
བསམ་འགྲུབ་བློ་ལ་འདི་དྲན་དུས།།
འོད་ཀྱི་སྣང་བ་གསལ་བར་གྱུར།།
མག་སྤུན་ཧ་ཎི་མན་ཐཱ་དང་།།
སྐྱ་རེངས་འདྲེན་པའི་ཤིང་རྟ་གཉིས།།
ཕན་ཚུན་གདོང་ལ་གཞུ་བཀུགས་ནས།།
མིག་ཆུ་མདའ་མོ་སྐྱོ་བས་འཕངས།།
ཚེ་རིང་སྐྱིད་ནི་དགའ་བ་དང་།།
སྐྱོ་བ་ལྷན་ཅིག་འདྲེས་པ་ཡི།།
ངོ་གདོང་ངོ་ཚས་དམར་གྱུར་པ།།
མཚམས་སྤྲིན་གསེབ་ཀྱི་ཟླ་ཕྱེད་འདྲ།།
ཚེ་རིང་སྐྱིད་ཀྱིས་འདི་སྐད་དུ།།
ཁྱོད་ནི་དངོས་སུ་བསླེབས་པ་ནི།།
རྨི་ལམ་ལྟ་བུ་ཡིན་སྙམ་བྱེད།།
བཀའ་དྲིན་ཆེ་ཞེས་ཡང་ཡང་ཞུས།།
ནམ་ཞིག་ཁོ་མོའི་ལུས་པོ་འདི།།
ནད་ལས་ཐར་བའི་དུས་བྱུང་ན།།
ཁྱོད་ལ་དྲིན་ལན་འཇལ་འོང་ཞེས།།
བསམ་འགྲུབ་རྣ་ལ་ཡང་ཡང་གླེང་།།
ལུས་ཀྱི་མེ་ཏོག་རྙིང་གྱུར་ཅིང་།།
བརྩེ་དུང་དྲི་མངར་ལྡང་བ་ཡི།།
ཚེ་རིང་སྐྱིད་ཀྱི་སྐད་ཆ་དག །
བསམ་འགྲུབ་རྣ་བའི་རྒྱན་དུ་གྱུར།།
དོ་ནུབ་བཞུགས་སམ་ཕྱིར་འགྲོ་འམ།།
དྲིས་པའི་ལན་དུ་བསམ་འགྲུབ་ཀྱིས།།
ཁྱེད་དང་ལྷན་ཅིག་འདུག་པར་བྱ།།
སང་ཉིན་སོང་ན་འགྲིག་ཅེས་སྨྲས།།
ཤིན་ཏུ་དགའ་བས་ཚེ་རིང་སྐྱིད།།
རེ་ཞིག་ནད་ཀྱི་གདུང་བ་ཡང་།།
བཟོད་པར་གྱུར་བའི་རྣམ་པ་དེས།།
བསམ་འགྲུབ་ཡིད་ཀྱང་དགའ་བར་བྱས།།
ལུག་ཤ་བཙོས་པའི་ཁུ་བའི་ནང་།།
བསམ་འགྲུབ་ལག་པས་འཐེན་པ་ཡི།།
འཐེན་ཐུག་དཀར་ཡོལ་ཆུང་ཆུང་གང་།།
ཚེ་རིང་སྐྱིད་ཀྱི་ལག་ལ་ཕུལ།།
དཀར་ཡོལ་ཆང་ཕོར་ཙམ་ཞིག་ཏུ།།
བླུད་པའི་འཐེན་ཐུག་ཕྱེད་ཀ་ཙམ།།
ཟས་ཀྱི་ཡི་ག་འཆུས་འགག་པའི།།
ཚེ་རིང་སྐྱིད་ཀྱིས་འཐུང་མ་ཚར།།
བསྐྱར་ནན་ཨུ་ཚུགས་ཅི་བྱས་ཀྱང་།།
ཚེ་རིང་སྐྱིད་ཀྱི་མིད་པ་ལས།།
བསམ་འགྲུབ་ཀྱིས་བླུད་འཐེན་ཐུག་ནི།།
ཕོ་བར་འགྲོ་ལམ་ཡོད་མ་གྱུར།
ཚེ་རིང་སྐྱིད་ཀྱིས་འདི་སྐད་དུ།།
ཁྱོད་དང་འཕྲད་པའི་དགའ་བ་ཡིས།།
ཟས་ལ་དང་ག་ཡོད་པར་གྱུར།།
ནམ་རྒྱུན་འདི་ཙམ་དཀའ་ཞེེས་བཤད།།
ཟས་ཀྱི་ཡི་ག་འགག་གྱུར་ན།།
སྨན་ལ་མ་བསྟེན་མི་འཚོ་བས།།
ཚེ་རིང་སྐྱིད་ཀྱི་ཉལ་ས་རུ།།
སྨན་གྱི་ཤོག་སྒམ་མང་དུ་མཐོང་།།
ན་ཟུག་འཕར་བ་གནོན་བྱེད་དང་།།
ཚ་བ་མར་ལ་གཅོག་བྱེད་ཀྱི།།
སྨན་ལས་མོ་ནད་ཕན་པ་ཡི།།
སྨན་རྐང་གཅིག་ཀྱང་ཡོད་མ་ཡིན།།
ནད་ལ་མི་ཕན་སྨན་འདི་དག །
ཅི་ཕྱིར་བཏུང་བར་བྱ་འང་ཞེས།།
བསམ་འགྲུབ་སེམས་ལ་ཐེ་ཚོམ་གྱི།།
དྲི་བ་སྡོམ་དྲ་བཞིན་དུ་འཐེན།།
བར་སྐབས་ཤིག་ནས་ཚེ་རིང་སྐྱིད།།
གསང་སྤྱོད་ནང་ལ་སོང་ཤུལ་ནས།།
ནད་གཡོག་མ་དེས་མ་གསང་བར།།
བསམ་འགྲུབ་ལ་ནི་དྲང་མོ་བཤད།།
ཚེ་རིང་སྐྱིད་ཀྱི་ན་ཚ་འདི།།
སྨན་ཁང་གང་མང་ཞིག་ལ་བསྟེན།།
གཏན་དུ་དྲག་པ་མེད་པ་ཡི།།
སྲོག་ལ་རྒོལ་བའི་ནད་རྙིང་ཞིག །
དེ་སྔ་ན་འགོ་ཚུགས་དུས་སུ།།
སྨན་པར་བསྟེན་ན་དྲག་འགྱུར་ཀྱང་།།
ཚེ་རིང་སྐྱིད་ཀྱི་ཆོ་ག་ནི།།
སེར་སྣ་ཆེ་བས་མ་བསྟེན་ཟེར།།
རྗེས་སུ་སྨན་ཁང་སོང་ན་ཡང་།།
དྲག་ཐབས་མེད་རྐྱེན་འདིར་ཡོང་ནས།།
སྨན་ཆུ་འཐུང་ནས་སེམས་གཡེང་ཕྱིར།།
བསྡད་པ་ཙམ་ལས་གསོན་ཐབས་བྲལ།།
འདི་ལྟར་བཤད་པའི་བསམ་འགྲུབ་ནི།།
ལྷག་ཏུ་ཚེ་རིང་སྐྱིད་ལ་ནི།།
འདོད་པ་མ་ཡིན་སྙིང་རྗེ་ཡི།།
མིག་ཀོང་མཆི་མའི་རྫིང་བུར་གྱུར།།
ཚེ་རིང་སྐྱིད་ནི་ཁྱ་ཁྱོར་གྱིས།།
ནང་ལ་བསླེབས་ཏེ་སྔར་བཞིན་དུ།།
ས་བརྩིགས་མལ་ཁྲིའི་སྟན་ལ་བསྡད།།
ཁོ་ཚོས་ཁ་བརྡ་མུ་མཐུད་གླེང་།།
ཚེ་རིང་སྐྱིད་ཀྱི་སེམས་གསོ་ཕྱིར།།
མྱུར་ཏུ་ནད་ལས་དྲག་ཡོང་དང་།།
སྐྱེས་ལུས་སྔར་བཞིན་དར་ཡོང་ཞེས།།
བསམ་འགྲུབ་ངག་ལས་ཡང་ཡང་བཟློས།།
དེ་འདྲ་བྱུང་ན་དགའ་བ་ལ།།
ཁྱེད་ཀྱི་དྲིན་ལམ་འཇལ་ཐུབ་ཅེས།།
བཅོས་མ་མ་ཡིན་སེམས་གཏམ་ནི།།
ཚེ་རིང་སྐྱིད་ཀྱིས་བསམ་འགྲུབ་བཤད།།
ལན་རེར་མཚར་བའི་དགོད་གཏམ་དང་།།
མཚམས་རེར་སྐྱོ་བའི་སྡུག་གཏམ་གྱིས།།
བྲག་ཕུག་ལྟ་བུའི་ཁང་རྙིང་དེར།།
དགའ་སྐྱོ་ཟུང་གི་སྨུག་སྤྲིན་འཐིབས།།
ལག་པས་སྒྲ་སྙན་བརྡུངས་ཞོར་ལ།།
ངག་ནས་རི་དྭགས་སྐྱོ་གླུ་གྱེར།།
མཚམས་རེར་ཨ་མདོའི་དམངས་གླུ་བླངས།།
ལན་རེ་ལྷ་སའི་མགུར་གླུ་བཞེངས།།
ཚེ་རིང་སྐྱིད་ཀྱིས་ཨ་ཨ་ཨ།།
དོ་ནུབ་འདི་འདྲའི་སྐྱིད་པ་ཞིག །
མི་ཚེའི་ནང་ལ་མ་བྱུང་ཞེས།།
རིད་པའི་གདོང་ལ་འཛུམ་མདངས་རྒྱས།།
སེམས་པ་སྤྲོ་ན་ལུས་བདེ་བས།།
ཚེ་རིང་སྐྱིད་ཀྱི་རྐང་པ་དང་།།
ཁོག་པར་བསླངས་པའི་ན་ཟུག་ནི།།
དོ་ནུབ་ཅུང་ཙམ་ཉུང་བར་གྱུར།།
དགོད་གཏམ་སྨན་གྱི་སྦྱོར་བ་ཡིས།།
ཚེ་རིང་སྐྱིད་ཀྱི་སེམས་གསོས་ཤིང་།།
ཕན་ཚུན་སྤྲོ་བའི་དགའ་སྟོན་འདི།།
ཡུན་ཏུ་གནས་ན་ཅི་མ་རུང་།།
མཚན་གུང་ཕྱེད་ཀ་ཡོལ་གྱུར་པས།།
ད་ནི་བདག་ཅག་ཉལ་བར་བྱེད།།
གཉིད་ཆག་མང་ན་གནོད་འགྱུར་ཅེས།།
ཚེ་རིང་སྐྱིད་ལ་བསམ་འགྲུབ་སྨྲས།།
འོན་ཀྱང་ཁང་རྙིང་ཆུང་ཆུང་དེར།།
མི་བཞི་མལ་ས་མེེད་པ་ཡིས།།
ཚེ་རིང་སྐྱིད་དང་བསམ་འགྲུབ་གཉིས།།
རུམ་བྱས་མཉམ་དུ་ཉལ་བར་བྱས།།
གྲང་བའི་ལུས་ལ་ཉི་འོད་ལྟར།།
ཚེ་རིང་སྐྱིད་ཀྱི་བྲང་ཁ་ནི།།
བསམ་འགྲུབ་སྙིང་གི་དྲོད་སྦྱིན་པས།།
ལུས་སེམས་གཉིས་ཀ་ཚ་ལམ་ལམ།།
བྱ་མོས་སྒོ་ང་རུམ་པ་བཞིན།།
བསམ་འགྲུབ་ལག་པའི་མཆན་ཁུག་ལ།།
ཚེ་རིང་སྐྱིད་ཀྱི་མགོ་གླན་ཏེ།།
ཉལ་བའི་བདེ་བ་བསམ་མི་ཁྱབ།།
འོན་ཀྱང་འཁྱུད་དང་འོ་བྱ་སོགས།།
འདོད་པའི་བདེ་ཆེན་རོལ་མ་བྱས།།
ཚེ་རིང་སྐྱིད་ཀྱི་མེ་ཏོག་ལམ།།
རྣག་ཁྲག་འཛགཔའི་ཁུང་བུ་ཉིད།།
བུད་མེད་ཕལ་ཆེར་མོ་ནད་ཀྱིས།།
མནར་ན་མཚན་མའི་ཁ་སྒོ་ནས།།
ཆད་མེད་རྣག་ཁྲག་ཟགས་པ་དང་།།
དྲི་ངན་ཁ་བ་སྤྱིར་བཏང་ཙམ།།
རྣག་ཁྲག་གཤེར་ཁུ་ཟགས་པ་ཡིས།།
མལ་ས་བརླན་པར་གྱུར་ན་ཡང་།།
ད་དུང་གཞོན་ནུ་ཟུང་གི་སེམས།།
མེ་ཏོག་ཚལ་དུ་ལྡིང་ཞིང་འཁོར།།
ཇི་ལྟར་ནམ་ཕྱེད་ཡོལ་གྱུར་ཏེ།།
སྐྱ་རེངས་དུས་སུ་ཉེ་བ་ཡང་།།
མ་ཤེས་དོ་ནུབ་དུས་ཚོད་ཀྱང་།།
སྐད་ཅིག་ཙམ་དུ་གཉིས་ཀར་སྣང་།།
ཚེ་རིང་སྐྱིད་ལ་བསམ་འགྲུབ་ཀྱིས།།
ད་ནི་བདེ་བར་གཉིད་པར་བྱ།།
ཧ་ཅང་འགོར་ན་ཁྱོད་ཀྱི་ལུས།།
གནོད་པར་འབྱུང་བས་མི་བཟང་བཤད།།
ནམ་ལངས་སྐྱ་རེངས་ཤར་བ་དང་།།
ཁོ་གཉིས་གཉིད་དུ་རྩོམ་པ་ཡི།།
འགལ་བའི་བྱ་བ་ལྷན་ཅིག་ཏུ།།
བྱུང་འདིས་བཀྲ་ཤིས་སྣ་ནག་འདྲ།།
གཉིད་ཀྱི་བདེ་བ་ལ་ཞུགས་ནས།།
རྨི་ལམ་ཞིང་ནས་ཕན་ཚུན་གྱི།།
མཆུ་སྒྲོས་སྦྲང་རྩི་འཇིབས་པ་ཡི།།
སྐལ་བ་བྱུང་ན་ཆོག་པ་ལ།།
འོན་ཀྱང་ཚེ་རིང་སྐྱིད་ལ་ནི།།
གཉིད་ཀྱི་བདེ་བ་ག་ལ་ཡོད།།
ན་ཟུག་རིམ་གྱིས་འཕར་བ་ཡིས།།
བཟོད་མེད་ངག་ལས་ཨ་ཤུ་འདོན།།
བཟོད་གླགས་མེད་པའི་ན་ཟུག་གྱིས།།
ལག་པས་བྲང་ངོས་སྐྱོར་བ་དང་།།
མལ་ལས་འགྲེ་ལོག་རྒྱག་པ་ནི།།
མེ་རུ་གྲོག་མ་ལྟུང་བ་འདྲ།།
ལངས་མ་གོག་གིས་འཕགས་པ་དང་།།
འཐེང་བོ་བཞིན་དུ་འགྲོ་བ་ཡིས།།
ན་བའི་སྡུག་བསྔལ་འདི་འོ་ཞེས།།
བསམ་བཞིན་བསམ་འགྲུབ་སྟོན་དང་མཚུངས།།
ལྕགས་ཀྱུའི་དྲ་བར་ཚུད་པའི་བྱ།།
འཕུར་ལ་རང་དབང་མེད་པ་ལྟར།།
ནད་ཀྱི་དྲ་བས་ཟིན་པ་ཡི།།
ཚེ་རིང་སྐྱིད་ལ་རང་དབང་ཅི།།
ཟུག་རྔུ་འོ་དོད་འབྱིན་པ་ཡིས།།
གཉིད་བདེ་གཉིད་ལས་སད་བྱས་ཤིང་།།
བསམ་འགྲུབ་མིག་གི་མཁའ་ལ་ཡང་།།
འཇིགས་སྣང་ཐོག་གི་གློག་ཞགས་འཁྱུག །
ཨ་ཙི་དོ་ནུབ་ནད་པ་ལ།།
སྨན་གྱི་རིལ་བུ་མ་སྤྲད་པར།།
བཞད་གད་ཚིག་གིས་སྐྱོན་ཡིན་ནམ།།
བསམ་འགྲུབ་བློ་ནི་བདེ་མ་གྱུར།།
དེ་ལྟར་དགའ་སྐྱོ་སྡུག་བསྔལ་དག །
ཟློས་གར་མཁན་པའི་འཁྲབ་སྟོན་བཞིན།།
དེ་ལ་ལྟ་འདོད་ཉི་མ་ཡང་།།
འོད་ཀྱི་མིག་ཟུང་བགྲད་ནས་བསླེབས།།
ཉི་མའི་འོད་ཟེར་འཕྲོས་པ་ན།།
གནག་པའི་མུན་པ་སེལ་བ་ལྟར།།
ཞོགས་པའི་དུས་དང་མཉམ་དུ་ནི།།
ཚེ་རིང་སྐྱིད་ཀྱང་བདེ་བར་གྱུར།།
འོན་ཀྱང་ཟུག་གཟེར་འཇགས་པ་ལས།།
གཏན་དུ་དྲག་པ་མ་ཡིན་པའི།།
བསམ་འགྲུབ་སྙིང་གི་མེ་ཏོག་ནི།།
མལ་གྱི་ཚལ་ན་རྙིད་པར་གནས།།
སྡོང་ལོ་སྐམ་པ་རྩྭ་ཕྲན་གྱིས།།
ས་རུ་མ་ལྷུང་འཛིན་པ་བཞིན།།
ཚེ་སྲོག་རྟ་རྔ་འདྲ་བོ་ནི།།
བསམ་འགྲུབ་སྙིང་གི་བཟུང་ཐག་གྱུར།།
སྙིང་གི་མི་ལ་སྙིང་ཉེ་ཡང།།
རིང་དུ་འགྲོགས་པའི་ཐབས་མེད་པས།།
བསམ་འགྲུབ་ཉིན་དེར་བྲག་དཀར་རྫོང་།།
མི་ལོག་ག་མེད་བྱུང་སྟེ་གྱེས།།
ཚེ་རིང་སྐྱིད་ཀྱིས་མལ་སའི་ནང་།།
ཤིན་ཏུ་ཉམ་པའི་སྐད་དམའ་མོས།།
ང་ཡི་ལུས་ཀྱིས་མི་ལྕོགས་པས།།
ཁྱེད་ལ་སྐྱེལ་མ་བྱེད་པར་དཀའ།།
མི་རིང་ནད་ལས་གྲོལ་བ་ན།།
སླར་ཡང་མཇལ་བའི་སྨོན་ལམ་ཡོད།།
མི་ཚེ་ཁྱོད་ལ་རེ་ཆེ་ཞེས།།
སྨོན་ལམ་དང་བཅས་བདེ་མོ་བཞག །
སྤྱིར་ན་ཚེ་རིང་སྐྱིད་ལ་ནི།།
གཉེན་སྒྲིག་བཟའ་ཟླ་ཡོད་ན་ཡང་།།
ནད་ལས་ཐར་བ་མེད་པ་ནི།།
ཤེས་རྗེས་ཐང་གི་རྩྭ་བཞིན་དོར།།
རྒྱུ་འབྲས་མི་བརྩི་ཁྱོ་ཀ་དེས།།
སྙིང་སྡུག་དཀའ་མ་གཞན་བཙལ་དེ།།
རང་གི་ཆུང་མར་ཁ་བཟང་གིས།།
སེམས་གསོ་ཚིག་གཅིག་མེད་པར་གྱུར།།
དེ་ལྟར་ལན་ཅིག་མཇལ་བ་ཡི།།
ཚེ་རིང་སྐྱིད་དང་བསམ་འགྲུབ་གཉིས།།
དགའ་སྐྱོ་འདྲེས་མའི་ལམ་ཁ་ནས།།
གྱེས་བྲལ་ཐག་སྣེ་གཉིས་སུ་གྱུར།།
ཚེ་རིང་སྐྱིད་ཀྱི་སེམས་ངོས་སུ།།
བསམ་འགྲུབ་ལུས་གཟུགས་འགུལ་ཞིང་སྐྱོམ།།
བསམ་འགྲུབ་རྣ་ཡི་བུ་ག་རུ།།
ད་དུང་འོ་དོད་འབྱིན་པ་ཐོས།།
ལས་ཀྱི་མདའ་མོ་དྲང་ན་ཡང་།།
ནད་གྱི་གཞུ་ནི་འཁྱོག་པ་ཡིས།།
སི་ཏཱའི་ཡིད་འོང་རི་དྭགས་ནི།།
གཏན་དུ་མཐོང་བ་མེད་པར་གྱུར།།
གཅིག་ནི་ནད་ཀྱིས་མནར་བ་དང་།།
ཅིག་ཤོས་སྐྱོ་བས་གདུངས་པ་ཡིས།།
ཅི་བྱ་སྟོབས་མེད་གྱུར་བ་ནི།།
མཚོ་ཁའི་ངང་བ་ཁེར་འགྲོ་འདྲ།།
ཉི་མ་དེ་ཡི་ཕྱི་དྲོ་ལ།།
ནད་གཡོག་མ་དེས་ཁ་པར་ནང་།།
ཁྱོད་གཉིས་འབྱོར་རམ་ངེད་གཉིས་ཀྱང་།།
ཕ་ཡུལ་ལོག་བཞིན་ཡོད་ཅེས་བཤད།།
ཨ་ཙི་ཅི་ཞིག་བྱུང་ངམ་ཞེས།།
བསམ་འགྲུབ་འཚུབ་མ་དངངས་ཀྱིས་དྲིས།།
ནད་པས་ཧ་ལམ་ལྕོགས་པར་དཀའ།།
དེ་བས་འགྲོ་བཞིན་ཡོད་ཅེས་ཟེར།།
བསམ་འགྲུབ་སེམས་པ་ཇེ་སྡུག་དང་།།
སྐྲག་པའི་སྙིང་ཡང་ལྡིང་བར་གྱུར།།
མདང་ནུབ་སྔ་བོར་མ་ཉལ་བར།།
ཧ་ཅང་འཕྱིས་པའི་སྐྱོན་ལས་བྱུང་།།
ད་ཐེངས་མ་བཟང་ང་མ་བཟང་།།
མོ་ལ་ལྟ་རུ་སོང་བ་ནོར།།
དགོད་གཏམ་སྤྱང་རྟུག་འཕངས་པ་ནོར།།
སྐྲག་སྣང་གནོང་འགྱོད་མཉམ་དུ་སྐྱེས།།
དེ་ནས་བཟུང་སྟེ་ཚེ་རིང་སྐྱིད།།
ཕྱི་མའི་འཕྲེང་ལ་བརྒལ་སོང་ངམ།།
འཇིག་རྟེན་འདི་རུ་འཚོ་ཡོད་དམ།།
བཟང་ངན་སྐད་ཆ་ཅང་མ་ཐོས།།
བསམ་འགྲུབ་སྡུག་གི་འཁུར་བོ་ནི།།
ཉིན་རེ་བཞིན་དུ་ལྕི་བར་གྱུར།།
འདུ་བྱེད་འཁྲུགས་པའི་མདུད་པ་ཡང་།།
གྲོལ་བའི་སོར་མོ་ཡོད་མ་གྱུར།།
ཉི་མ་གསུམ་ཙམ་འགོར་བ་ན།།
སླར་ཡང་ཁ་པར་འབྱོར་བའི་ནང་།།
ཚེ་རིང་སྐྱིད་ཀྱི་སྐད་གོ་བ།།
གྲང་བའི་ལུས་ལ་ཉི་འོད་བཞིན།།
དཔྱིད་ཀྱི་མེ་ཏོག་གང་བུ་ཡིས།།
འཁོར་ཡུག་ཀུན་ཏུ་མཛེས་པ་ལྟར།།
ཚེ་རིང་སྐྱིད་ཀྱི་ཁ་བརྡ་ཡིས།།
བསམ་འགྲུབ་རྣ་བ་སྤུད་པར་བྱས།།
ཚེ་རིང་སྐྱིད་ཀྱིས་འདི་སྐད་དུ།།
ཡུལ་ལ་ལོག་པའི་ཕྱི་ཉིན་ནས།།
ཁོ་མོའི་ནད་གཞི་ཇེ་བཟང་དང་།།
ལུས་གཟུགས་ཅུང་ཙམ་བདེ་ཞེས་བཤད།།
རྨ་བྱའི་རྣ་ལ་འབྲུག་སྒྲ་དང་།།
བྱིས་པ་ངུས་ལ་ཨ་མ་ཡི།།
ནུ་མ་བཞིན་དུ་བསམ་འགྲུབ་ཀྱི།།
ཡིད་ནི་རེ་ཞིག་བདེ་བར་གྱུར།།
སྨན་ནི་དུས་ལྟར་བཏུང་བ་དང་།།
སེམས་པ་སྐྱིད་པར་མཛོད་ཅིག་ཅེས།།
བསམ་འགྲུབ་སྙིང་གི་བསླབ་བྱ་ཡིས།།
ཚེ་རིང་སྐྱིད་ཀྱང་དགའ་བར་བྱས།།
ཚེ་རིང་སྐྱིད་ཀྱི་ཡིད་ངོས་སུ།།
བསམ་འགྲུབ་སྙིང་གི་ཐིག་ལེ་སྟེ།།
རྟག་ཏུ་འཛུམ་དྲུག་དགོད་པ་ཡི།།
རེ་བའི་གསེར་ཐག་སུ་ཡིས་གཅོད།།
བསམ་འགྲུབ་སྙིང་གི་མཁའ་ལ་ནི།།
ཟླ་ཕྱེད་ལུས་ལྡན་ཚེ་རིང་སྐྱིད།།
དཀྱིལ་འཁོར་རབ་རྒྱབ་ཉ་གང་བའི།།
རེ་བཞག་སྨོན་པའི་ཟེགས་མ་འཕྱོ།།
དེ་ལྟར་ཉིན་དེར་ཕན་ཚུན་ལ།།
སྙིང་གཏམ་འོ་མའི་དཀར་མཆོད་དེ།།
མི་འགྱངས་སླར་ཡང་འཕྲད་ཆོག་ཅེས།།
ཐ་མའི་གཏམ་གྱིས་བདེ་མོ་བཞག །
དེ་ནས་བཟུང་སྟེ་ཡུན་རིང་ཞིག །
ཁ་པར་གཏོང་རེས་མེད་པར་གྱུར།།
གཅིག་ལ་དྲན་གདུང་ལྕི་བ་དང་།།
ཅིག་ཤོས་ནད་ཀྱིས་སྔར་བཞིན་གདུངས།།
ཀྱེ་ཧུད་ཐེངས་གཅིག་མཇལ་བའི་གྲོགས།།
ཡུན་རིང་སེམས་ཀྱི་སྐྱོ་ངལ་གྱུར།།
གདུང་སེམས་བྲག་རི་འཁུར་ནུས་པའི།།
སྟོབས་ལྡན་གྱད་མི་སུ་ཞིག་མཆིས།།
བསམ་འགྲུབ་ཉིན་མོའི་བདེ་སྐྱིད་ནི།།
རྩྭ་མགོར་གཡེང་བའི་སྒྲོ་སྤུ་གྱུར།།
རྨི་ལམ་བུ་མོའི་མངལ་བཟང་དུ།།
ཚེ་རིང་སྐྱིད་ཀྱི་གཟུགས་བརྙན་སྦྲུམ།།
ཁ་པར་ཐེངས་གཅིག་བཏང་བྱས་ཏེ།།
བདེ་འམ་འདྲི་འདོད་ཤུགས་ཆེ་ཡང་།།
རྒྱུན་དུ་འབྲེལ་འདྲེས་མང་དྲག་ན།།
ཞེ་ཆགས་ཆེ་ལ་འཇིགས་ཏེ་བཞག །
ཤིན་ཏུ་ཉམ་པའི་བུ་མོ་གང་།།
ནམ་ཞིག་ལྔ་བའི་ལམ་ཞུགས་ཚེ།།
རྣམ་ཤེས་རླུང་གསེབ་སྒྲོན་མེ་ནི།།
བདག་ལ་འཚེར་ན་ཅི་ཞིག་བྱ།།
བསམ་ཞིང་བསམས་ཤིང་བསམ་འགྲུབ་ནི།།
འདང་རྒྱག་སྟོང་གི་རྒྱ་མཚོ་གྱུར།།
མཚོ་མོ་རླུང་གིས་བསྒུལ་བའི་རླབས།།
ཚེ་རིང་སྐྱིད་ཀྱི་ཕྱོགས་ལ་འཕྱོ།།
ཉི་མའི་ཤིང་རྟའི་འཁོར་ལོ་ནི།།
ཆུ་ཡི་རང་འཐག་བཞིན་དུ་འཁོར།།
འོན་ཀྱང་གཏམ་བཟང་སྦྲང་དཀར་གྱི །
བྲོ་བ་ཙམ་ཡང་ཚོར་མ་གྱུར།།
བསམ་ན་སྡུག་བསྔལ་ཇེ་ཆེ་ནི།།
བསྐྱིལ་ན་ཆུ་བོ་རྒྱས་པ་བཞིན།།
བསམ་འགྲུབ་སེམས་ཀྱི་སྐྱོ་བ་ནི།།
མེ་ལ་མར་ཁུ་བླུགས་དང་མཚུངས།།
ནགས་སུ་གནས་པའི་དྲང་སྲོང་གིས།།
གཙུག་ཟླ་འཛིན་པའི་ཞལ་མཐོང་ཕྱིར།།
མེ་མཆོད་མེ་ཡི་འཁྱིལ་འཁོར་གྱིས།།
རང་གི་ལུས་ལ་ངལ་བ་སྟེར།།
བསམ་འགྲུབ་ཀྱིས་སྒུག་ཁ་པར་ནི།།
རཱ་མ་ཎ་ཡི་མདའ་རྩལ་ལ།།
སྐྲག་པའི་འཕྲུལ་གྱི་རི་དྭགས་བཞིན།།
རིང་ནས་རིང་དུ་བྲོས་པར་གྱུར།།
རི་བོས་སྤྲིན་ནག་གོས་གྱོན་པས།།
ཉི་མའི་འཛུམ་དཀར་མཐོང་བར་དཀའ།།
ཆུ་བོའི་བཞུར་སྒྲས་མྱ་ངན་ཚིག །
གྱེར་བཞིན་ཐུར་དུ་འབབ་པ་མགྱོགས།།
སྡོང་ལོ་གློ་བུར་རྙེད་གྱུར་པའི།།
ལོ་མ་རླུང་གིས་ཕྱོགས་མེད་བསྐྱོད།།
ཁྭ་ཏ་ནག་པོ་ཁྱུ་ཚོགས་ཀྱིས།།
གཟན་གྱི་དོན་ལ་སྐད་ངན་བསྒྲོགས།།
མཆོག་མིན་དངོས་བསྟན་མདུང་གི་རྩེ།།
བསམ་འགྲུབ་སྙིང་ལ་ཡང་ཡང་བཏབ།།
རྟགས་དང་མཚན་མ་མི་མཁྱེན་པའི།།
བྲག་ཕུག་སྒོམ་ཆེན་ཏིང་འཛིན་བཞུགས།།
ཟླ་གསུམ་འདས་པའི་ཉི་མ་ཞིག །
ཚེ་རིང་སྐྱིད་ཀྱི་ནད་གཡོག་མས།།
ཚེ་རིང་སྐྱིད་ནི་མ་འཚམས་པའི།།
གཏམ་ངན་བསམ་འགྲུབ་རྣ་བར་བསྒྲོགས།།
ཀྱེ་མ་ཀྱེ་ཧུད་དུང་གི་ཟླ།།
ནད་ངན་གཟའ་ཡིས་ཟོས་གྱུར་པས།།
བསམ་འགྲུབ་སེམས་ཀྱི་ནམ་མཁའ་ནི།།
སྡུག་བསྔལ་མུན་པ་སྟུག་པོས་བསྒྲིབས།།
མིག་གི་མཆི་མ་ཆར་ལྟར་འབབ།།
དྲག་པོའི་སྡུག་བསྔལ་སྤྲིན་བཞིན་འཚུབ།།
དྲན་པ་རླུང་གིས་མ་བསྒུལ་བའི།།
ལུས་པོ་རྐང་པས་བཏེག་པ་ཙམ།།
བདེ་བ་བཙལ་ཡང་མི་བརྙེད་ཀྱང་།།
སྡུག་བསྔལ་བཀྲ་ཤིས་སྣ་ནག་མ།།
མ་བོས་ན་ཡང་བསླེབས་པ་ཡིས།།
འཇིག་རྟེན་མི་ལུས་རྣག་གིས་བརྫིས།།
ཐོག་མའི་བརྩེ་དུང་འོ་དཀར་ནི།།
ད་ནི་རྣག་ཁྲག་འཕྱུར་བའི་མཚོ།།
ཁྱབ་འཇུག་རྐང་པས་བསད་པ་ཡི།།
ཀླུ་ཁྲག་བསམ་འགྲུབ་ཡིད་དུ་འཕྱོ།།
ལུས་ཀྱི་གྲིབ་མ་ལུས་ལས་གཞན།།
རྗེས་སུ་འགྲོ་བ་མེད་པ་བཞིན།།
ཚེ་འདས་གང་གི་རྣམ་ཤེས་ནི།།
བསམ་འགྲུབ་ལ་ནི་ཆགས་པ་ཉིད།།
འོན་ཀྱང་སྨག་ལ་ཟླ་འོད་དང་།།
སྐོམ་པ་ཅན་ལ་ཆུ་གཏེར་བཞིན།།
གཤིན་པའི་རྣམ་ཤེས་མཐོ་རིས་སུ།།
བགྲོད་པའི་ཐེམ་སྐས་ཆོས་ཀྱིས་བཙུགས།།
བསམ་འགྲུབ་རང་ལ་གང་འཛོམས་པ།།
མེ་ཏོག་ཆུང་ཡང་ལྷ་རྫས་དང་།།
མཆོད་མེ་ཀོང་བུ་འཚེར་བའི་འོད།།
ཕྱི་མའི་ལམ་གྱི་འོད་ལ་བསྲིངས།།
བྲག་དཀར་དགོན་དང་ཉེ་འཁོར་གྱི།།
བླ་མ་དགེ་འདུན་སྡེ་ལ་སོགས།།
སྐྱབས་སུ་འགྲོ་བ་གང་མཆིས་པར།།
ཆོས་ཀྱི་རྒྱགས་ཕྱེ་ཕྱི་མར་བསྐུར།།
ཚེ་ལས་འདས་མ་ཚེ་རིང་སྐྱིད།།
ད་ལྟ་གང་དུ་ཡོད་ན་ཡང་།།
འཇིག་རྟེན་ཁམས་ལ་མི་ཆགས་པར།།
སངས་རྒྱས་ཞིང་དུ་སྐྱེ་བར་སྨོན།།
འདི་ལྟར་ཆོས་དང་སྨོན་ལམ་གྱིས།།
ཚེ་ལས་འདས་མའི་ལམ་ཡིག་དཀར།།
གོ་ལ་གཞན་གྱི་ཟླ་བ་ནི།།
ཕྱི་མའི་མཁའ་རུ་འཛུམ་ཞིང་དགོད།།
ང་རོ་ཅན་གྱི་དངོས་སྒྲུང་འདི།།
མ་ཧཱ་བྷ་ར་ཏཱ་རུ་གསུངས།།
སྙན་ངག་ཚིགས་སུ་གཅོད་པ་པོ།།
ཁ་སྒང་བསམ་གཏན་རྒྱ་མཚོ་འོ།།
དོན་ལ་དམིགས་ཏེ་དགོས་དབང་གིས།།
ཡུལ་སྐད་གོ་སླ་ཚིགས་སུ་བྱས།།
སྐབས་རེར་སོར་མོ་འཁྱུག་རྩལ་གྱིས།།
འཁྱོག་པོའི་རྒྱན་དུ་སྤྲས་པ་ཡོད།།
འདི་ལྟར་བྲིས་པའི་དགེ་བ་ཡིས།།
ནད་ཅན་ནད་ལས་ཐར་བར་ཤོག །
རྣག་ཁྲག་མཚོ་མོ་སྐམ་གྱུར་ནས།།
འོ་མའི་ཆུ་གཏེར་འཕྱུར་བར་ཤོག །
༢༠༡༧/༠༣/༠༣ ཉིན་གྲུབ།
ཡག་གི།