༄༅། ། གམ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གི་སྒྲ་བརྙན་སྡེ་ཚན་ནི་༧གོང་ས་མཆོག་གི་གསུང་ཆོས་བརྙན་སྡེར་བཟོ་རྒྱུ་དང། གསུང་ཆོས་བཀའ་དྲིན་སྩལ་བ་རྣམས་རྒྱ་བོད་གཉིས་ཐོག་ཕབ་བཤུས་ཀྱིས་བརྙན་སྡེར་འཕྲོད་མ་རིན་མེད་འགྲེམས་སྤེལ་ཞུ་བ། དེ་བཞིན་གསུང་ཆོས་རྣམས་དེང་དུས་ཚན་རིག་དང་མཐུན་པའི་ཉར་ཚགས་བྱ་ཡུལ་གྱི་སྡེ་ཚན་ཞིག་རེད། ཁོ་བོ་ལས་དོན་ཆེད་སྒྲ་བརྙན་སྡེ་ཚན་དུ་བསྐྱོད་སྐབས། ལས་ཁུངས་དེ་གཙང་སྦྲ་དོད་ཅིང་ལས་ཁུངས་ཀྱི་འཛིན་ཆས་རྣམས་ཀྱང་གཞན་འགྲན་མེད་པ་རྐྱང་གིས་ཁེངས་འདུག
སྒྲ་བརྙན་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་བློ་བཟང་ཀུན་དགའ་ལགས་ཀྱིས་ཁོ་བོར་དེང་དུས་ཚན་རིག་དང་མཐུན་པའི་གསུང་ཆོས་འཁོར་ཐག་ཉར་ཕྱོགས་ཀྱི་ཁང་པའི་ནང་དུ་ཁྲིད་ཅིང། ཤོངས་ཚད་ GB གསུམ་སྟོང་བརྒལ་བའི་འཕྲུལ་ཆས་དེ་དག་པང་རིམ་བཞིན་སྒྲིག་པ་མིག་སྟོན་གནང། གསུང་ཆོས་བཀའ་སློབ་གལ་ཆེའི་རིགས་ཉིས་ལྡབ་དང་གསུམ་ལྡབ་ཀྱིས་ཉར་ཚགས་གནང་འདུག་པས། གཏན་བརླག་མི་ཡོང་པ་ནི་སྔོན་དཔོག་ཐུབ་པ་ལྟ་བུ་ཞིག་རེད།
༧བོད་མི་ཤེས་ཡོན་ཅན་རྣམས་དང་ལྷག་པར་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེས་དུས་རྟག་དུ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཉར་ཕྱོགས་ཐད་ད་བར་འཐུས་ཤོར་ཕྱིན་པ་རྟག་ཏུ་གསུང་གི་ཡོད་ལ། བཙན་བྱོལ་བོད་མིའི་ལོ་རྒྱུས་ཡིག་ཚགས་ཀྱང་དེང་དུས་ཚན་རིག་དང་མཐུན་པར་ཉར་ཚགས་བྱ་རྒྱུར་ཁོང་གིས་བཀའ་ཁྲིའི་ཕྱག་ལས་གནང་སྐབས་དམིགས་བསལ་སྐུ་ངལ་བསྐྱོན་ཡོད། ང་ཚོར་དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་འཛམ་གླིང་གང་སར་གནས་པའི་རང་རེའི་ཤེས་ལྡན་པ་དག་གིས་༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ཡོངས་རྫོགས་ལོ་རྒྱུས་ཡིག་ཚགས་སུ་ཚད་ལྡན་ཉར་འཇོག་བྱ་དགོས་རྒྱུ་དེ་རེད་ཅེས་ཚོར་ཤུགས་ཆེན་པོས་ངོས་འཛིན་གནང་ཡོད།
དོན་དངོས་ཀྱི་གླེང་ཕྱོགས་དེ་དག་ལ་རྟག་ཏུ་བསམ་མནོ་འཁོར་མཁན་ཞིག་ལ་མཚོན་ན། རྣམ་གྲྭ་སྒྲ་བརྙན་སྡེ་ཚན་གྱི་ལས་ཁུངས་ཆུང་ཆུང་འདིའི་ཕྱག་ལས་གནང་སྟངས་ནི་དངོས་གནས་ཡིད་འགུགས་པ་ཞིག་རེད། སྐབས་དེར་ངའི་སེམས་ལ་༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ཡོངས་རྫོགས་འདི་ལྟར་བརྙན་སྡེར་དང་ཡིག་ཐོག་གཉིས་ཀར་འགོད་ཐུབ་པ་ཡིན་ན། གཏན་དུ་ནུབ་པ་མེད་པའི་༧གོང་ས་བསྟན་འཛིན་རྒྱ་མཚོ་ང་ཚོས་དངོས་གནས་བཞེངས་བསྐྲུན་གནང་བར་སེམས་ལ། མི་རབས་གསར་པ་དང་ང་ཚོའི་མི་རབས་རྗེས་མ་དག་ལའང་འདི་ལས་ལྷག་གི་གྱ་ནོམ་པའི་གསེར་གྱི་ལེགས་སྐྱེས་ཤིག་སྤྲོད་རྒྱུ་གང་ན་ཡོད།
འགན་འཛིན་སྐུ་ཞབས་བློ་བཟང་ཀུན་དགའ་ལགས་ཀྱིས། མཇུག་ཏུ་ཁོ་བོར་ཁོང་ཚོས་གསར་བཟོ་གནང་བཞིན་པའི་དྲ་རྒྱའང་༼ namgyalarchive.com ༽ བསྟན་བྱུང་ལ། བོད་ཡིག་བཟོ་བཞིན་པའི་དྲ་རྒྱ་དེ་ལ་མཚོན་ན། ༧གོང་ས་མཆོག་གི་གསུང་ཆོས་ཡོད་ཚད་ཕབས་བཤུ་བྱས་ཆོག་པ་བཟོས་འདུག་ལ། གསུང་ཆོས་རྣམས་གཟུགས་མེད་སྒྲ་ལྡན་ MP3 རིན་མེད་ཕབས་བཤུ་བྱས་ཆོག་ཆོག་ཀྱང་བཟོས་འདུག འདི་ནི་དངོས་གནས་རིན་པ་མི་དགོས་པའི་གསེར་གྱི་ལེགས་སྐྱེས་དེ་རེད།
ཁོ་བོ་ལས་ཁུངས་དེ་ནས་ཕྱིར་ལོག་འགོ་བརྩམས་མ་ཐག སྒོ་འགྲམ་དུ་བོད་མི་ཚོས་ལག་ཏུ་ཕྲེང་བ་བཟུང་ནས་ཐད་ཀར་གཙུག་ལག་ཁང་དུ་ཤར་བསྐྱོད་བྱེད་པ་ལས། ལམ་ཟུར་འདི་ན་འདི་འདྲའི་ལོ་རྒྱུས་ཡིག་ཚགས་ཁང་ཆེན་པོ་ཞིག་ཡོད་པ་ཅི་ལྟར་ཤེས། ཡིན་ནའང། ཐའེ་ཝན་དང་ཕྱི་རྒྱལ་པ་ཚོས་ལས་ཁུངས་འདིར་གསེར་རྡོག་རྡོག་ཅིག་ཡོད་པ་ཤེས་ཀྱི་འདུག་ལ། ཁོང་ཚོ་༧གོང་ས་མཆོག་གི་གསུང་ཆོས་སྐོར་གྱི་བརྙན་སྡེར་སྐད་ཆ་འདྲི་རུ་རིམ་བསྟུད་དུ་འབྱོར་བཞིན་འདུག ངའི་སེམས་ལ་མ་འོངས་པར་ལས་ཁུངས་འདིར་གཟིགས་ཞིབ་གནང་མཁན་བོད་མིའང་ཇེ་མང་དུ་གྱུར་ན་ཅི་མ་རུང་བསམས་སོང།
༢༠༡༢། ༤། ༢༦། ཉིན།
ལས་ཁུངས་དེ་གཙུག་ལག་ཁང་གི་ཕྱོགས་གང་དུ་ཡོད་པ་རེད་དམ། དེ་གསལ་བོ་བཟོ་རོགས།
༧གོང་ས་མཆོག་གི་གསུང་ཆོས་དང་བཀའ་སློབ་ཡོད་ཚད་འདི་ལྟར་ཉར་ཚགས་ལེགས་པར་གནང་རྒྱུའི་འགན་ང་ཚོར་ཡོད་ཅིང་ལྷག་པར་སྐུའི་གམ་བཅར་ལས་བྱེད་པ་ཚོར་འགན་འཁྲི་ཡོད་པས། རྣམ་གྲྭས་འདི་ལྟར་བདག་གཉེར་ཕུགས་བརྟན་བྱས་པར་ཡི་རང་ཞུ།
ང་ཚོ་ཡོད་ཚད་༧གོང་ས་མཆོག་ཡིན་ཞིང་། ༧ཁོང་གི་གསུང་ཆོས་དང་བཀའ་སློབ་ཡོད་ཚོད་ང་ཚོས་འདི་ལྟར་ནམ་ཡང་མི་རབས་ནས་མི་རབས་བར་ནུབ་པ་མེད་པར་ཉར་དགོས་པ་ཧ་ཅང་གལ་ཆེའོ། །
ཕྱི་ནས་བལྟས་ན་ཡོད་མདོག་ཁ་པོ། ནང་གི་གནས་ཚུལ་ཞིབ་ཕྲ་རྟོགས་ན་ཉམ་ཆུང་ལ་དེ་དག་རིན་མེད་སྦྱིན་ཡག་བལྟ་ཞོག་གཡར་ཡས་ཀྱང་ཁག་ཙམ་ཡོད། སྐད་སྙན་པོ་དང་ཕྱི་མདོག་མཛེས་ཙམ་ཡོད་ན་རིན་མེད་ནར་གཏོང་བྱེད། དེ་ནི་ཁོང་ཚོའི་གཤིས་ཀ་ངོ་མ་དེ་ཡིན། ༧རྒྱལ་བའི་གྲྭ་ཚང་ལ་བོད་མི་ཕལ་མོ་ཆེས་བརྩི་འཇོག་བྱེད་ཀྱང་དེའི་འོག་གི་བཙུན་གཟུགས་དེ་ཚོར་སྙིང་རྗེ་དང་གཞན་ཕན་དེ་ཙམ་མེད་དུས་སེམས་པ་སྐྱོ་བ་ལ། བཙུན་གཟུགས་ཕལ་ཆེ་བ་འབྱོར་ལྡན་ཡིན་ཡང་བ་ཕྱུགས་འཚོ་མཁན་དང་གད་པ་དེ་དག་བྲན་གཡོག་རང་ཡིན། ཁོང་ཚོ་ནི་དགེ་འདུན་གྱི་སྡེ་ལ་ཞབས་འདེགས་ཞུས་ན་ཕྱི་མ་དག་པའི་ཞིང་དུ་སྐྱེ་གི་རེད་ཅེས་པའི་སྐད་ཆ་སྙན་པོ་དེར་ཡིད་ཆེས་ནས་བསྡད་ཡོད། ཚིག་དེས་ད་ལྟ་བར་མི་མང་པོ་ཞིག་དབུལ་པོའི་གནས་ལས་ཐར་མེད། ཁོང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བདེ་སྐྱིད་ལོས་དགོས། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་གཡོག་ཚོ་འགྲོ་བ་མི་རེད་དཱ་༽
ལོ་ཁ་ཤས་སྔོན་ལ། ཡིག་ཚགས་ཉར་སྟངས་དང་བེད་སྤྱོད་སྐོར་གྱི་ཟབ་སྦྱོང་ཞིག་ལ་ཞུགས་རྒྱུ་བྱུང་། ཟབ་སྦྱོང་དེ་ལས། ཡིག་ཚགས་རྩ་ཆེའི་རིགས་ཉར་སྟངས་བརྟན་ཤོས་ནི། དཔར་བཤུས་ཀྱི་ངོ་བོ་ནས་ས་གནས་ཁག་ཁ་ཤས་ནས་ཉར་ཚགས་བྱེད་པ་དང་། སྐམ་སའི་ཁུལ་གྱི་ས་གནས་རང་བཞིན་གྱིས་བརླན་གཤེར་ཉུང་ས་དང་། སྲུང་སྐྱོབ་ཀྱི་མཁོ་ཆས་ཚད་ལྡན་ཡོད་པ་བྱས་ནས་ཉར་སྟངས་གཅིག་དང་། ཉར་སྟངས་གཞན་ནི་གོ་ལའི་བྱང་སྣེའི་འཁྱག་རོམ་ཁུལ་དུ་ཡིག་ཚགས་ཉར་སྟངས་ཤིག་རེད། ཡིག་ཚགས་ཉར་སྟངས་ཐད་ནས་ས་ཡོམ་དང་མེ་སྐྱོན། བརླན་གཤེར། འབུ་ཕྲའི་གནོད་པ་སོགས་ལས་སྐྱོབ་ཆེད། ཤོག་བུའི་རིགས་ཀྱི་ཡིག་ཚགས་ཉར་སྟངས། འགྱིག་རིགས་ཀྱི་ཡིག་ཚགས་ཉར་སྟངས། ལྕགས་རིགས་ཀྱི་ཡིག་ཚགས་ཉར་སྟངས། ད་དུང་རས་བྲིས་དང་འོད་སྡེར་སོགས་མཉེན་ཆས་སུ་བསྡུས་པའི་ཡིག་ཚགས་རིགས་ཉར་སྟངས་སོགས་མང་པོ་ཞིག་གི་སྐོར་གོ་ཐོས་དང་། དཔར་རིས་ཀྱི་ལམ་ནས་མཇལ་རྒྱུའང་བྱུང་། ཡིག་ཚགས་ཉར་རྒྱུ་གལ་ཆེ་བ་དང་། དེ་བས་ཀྱང་ཉར་སྟངས་ཀྱི་ཤེས་བྱའི་རིགས་ལ་ང་ཚོས་དོ་སྣང་གནང་དགོས་པ་གལ་ཆེན་པོ་རེད།
རྣམ་གྲྭའི་སྒྲ་བརྙན་སྡེ་ཚན་དེ་ལོ་མང་སྔོན་ནས་ཡོད་པ་རེད། གསུང་ཆོས་བཀའ་སློབ་གལ་ཆེའི་རིགས་ཉིས་ལྡབ་དང་གསུམ་ལྡབ་ཀྱིས་ཉར་ཚགས་གནང་བ་ཡག་པོ་རེད། ཡིན་ནའང་། ཉིས་ལྡབ་སུམ་ལྡབ་བརྒྱ་ལྡབ་ཏུ་ཉར་ནའང་། དེ་ཁང་པ་གཅིག་གི་ནང་ནས་ཉར་བ་ཡིན་ན། དེ་ཚང་མ་ཉེན་ཁ་གཅིག་གི་འོག་ན་ཡོད་པ་རེད། གཏན་བརླག་མི་འགྲོ་བ་ཞིག་བྱེད་ན། ས་གནས་ཁ་ཤས་ནས་ཉར་ཚགས་དགོས་པ་རེད། དཔེར་ན། ཨེ་ཤ་ཡའི་ཁུལ་དང་ ཡུ་རོབ། ལྷོ་བྱང་ཨ་རི་ཁུལ་བཅས་ས་གནས་མི་འདྲ་བ་འགའ་ཤས་ནས་ཉར་ཚགས་བྱས་པ་ཡིན་ན། ཉེན་ཁ་གཅིག་མཚུངས་ཀྱི་འོག་ཏུ་མེད་པས་བཟང་བ་ཡིན།
སེམས་དགའ་ཡལ་ལེར་འགྲོ་བའི་སྐད་ཆ་ཞིག་བཤད་འདུག རྣམ་གྲྭའི་འབྲེལ་ཡོད་མཆོག་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ།
བདག་པོས་སྐད་ཆ་བཤོདསྟངས་ལྟོས་དང་་ག་འདྲ་འདུག་་་་ག་དུས་ཡིན་ན་དེ་འདྲ་རེད་་་རྣམ་གྲའེི་་འབྲེལ་ཡོད་ལས་བྱེད་མཚོ་ལ་ཐུགས་རྗེ་ཆེ་་་ཉར་ཚགས་ཡག་པོ་གནང་རོགས་
གལ་ཆེན་པོ་རེད་་མི་རབས་རྗེས་མར་ལེགས་སྐྱེས་རང་རེད་ད་་
སྲིན་པོ་རྫ་རྒན་ཟེར་བས་གསུངས་པ་དངོས་གནས་བདེན་པ་རེད། གལ་སྲིད་རྣམ་གྲྭའི་ཡིག་མཛོད་ཁང་ལ་མེ་སྐྱོན་ཞིག་བྱུང་ན་ཚང་མ་དུས་གཅིག་ལ་བརླག་གི་རེད། དེ་དུས་ཉིས་ལྡབ་ལས་ཀྱང་བཅུ་ལྡབ་ཀྱིས་ཕན་ཐོགས་མེད་པ་རེད། དེ་ལས་ས་གནས་ཁ་ཤས་ནས་དེ་ལྟར་ཉར་ཚགས་ཕུན་སུམ་ཚོགས་པ་ཞིག་གནང་ཐུབ་ན་དངོས་གནས་གཏན་བརླགས་མི་ཡོང་བའི་རེ་བ་དེ་བས་ཀྱང་ལྡབ་ཀྱིས་ཆེ་ཀི་རེད། སྐད་ཆ་འདི་འབྲེལ་ཡོད་ཚོས་ཐུགས་ལ་འཇོགས་གནང་ཡོང་བར་ཞུ།
གནས་ཚུལ་དེ་གོ་དུས་ངོས་རང་དགའ་བོ་བྱུང་། གལ་ཆེན་པོ་རེད། རྒྱལ་བའི་གསུང་དེ་གལ་ཆེན་རེད། ངོས་རང་ནས་རྣམ་རྒྱལ་གྲ་ཚང་གི་སྒྲ་སྡེར་མང་དག་གཅིག་ཉོས་མྱོང་ཡོད། ཡག་པོ་འདུག སྤྱིར་བཏང་གོང་ཆེ་ཙམ་འདུག་མོད། འོན་ཀྱང་སྤུས་ཀ་ལ་བལྟས་ན་ཡིན་རིན་ཆོག་པ་འདུག མ་ཟད། རྒྱ་གར་གྱི་སྒྲ་སྡེར་དང་བསྡུར་ན་གོང་ཚད་ཧ་ཅང་ཆེན་པོ་དེ་འདྲ་རང་མ་རེད། ཡིན་ན་ཡང་བོད་པའི་སྤྱི་ཚོགས་ནི་སྒྲ་སྡེར་རྫུན་མ་དང་རིན་མེད་དེབ་ཀྱིས་སྨྱོས་པའི་རྐྱེན་གྱིས་སྒྲ་སྡེར་དང་དེབ་སོགས་ལ་གོང་ཚད་མཐོང་སྐབས་ལམ་སེང་ཧང་སང་མདོག་བྱེད་ཀྱི་ཡོད།
རྣམ་གྲྭ་ལྷན་རྒྱས་ཀྱི་མཆོག་ལ།
ཤིན་དུ་ལེགས་པོ་འདུག ཐུགས་རྗེ་ཆེ། ཡིན་ནའང་། མང་ཆེ་བ་དབྱིན་ཇིའི་སྐད་ནང་ལ་ཡིན་པ་དང་། སྐད་སྒྱུར་གྱི་སྐད་ལས་གོང་ས་མཆོག་གི་སྐད་མི་གོ་བ་འདུག དཔེར་ན། རྒྱལ་བའི་ལེགས་བཤད་སྙིང་པོའི་ཁྲིད་དེ་ཤིན་དུ་ཉན་འདོད་ཆེན་པོ་བྱུང་རུང་། ངེད་ལ་སྐད་སྒྱུར་གྱི་སྐད་དེ་ལས་རྒྱལ་བའི་གསུང་གོ་རྒྱུ་མིན་འདུག སྐད་གཉིས་ཁག་ཁག་བཟོ་རྒྱུར་ཐབས་ཤེས་ཨེ་ཡོད།
གསུང་ཆོས་གཞན་པ་ཚོ་ཡང་དེ་ལྟར་སྣང་། གུས་པའི་ཚོར་སྣང་ལ་དྲ་རྒྱ་དེ་ཕྱི་རྒྱལ་བ་ཚོ་ལས་བོད་ལ་ལ་ཕན་ཐོག་ཨེ་ཡོད་སྙམས། རྒྱུ་མཚན་ནི་གོང་གི་གནད་དོན་འདི་ཡིན།
ངེས་པར་དུ་དགོངས་བཞེས་ཡོད་པ་ཞུ།
ནོར་བཅོས།
“བོད་ལ་ལ།” དེ་ “བོད་པ་ལ་”གྱུར་རོགས།
དྲ་འབུ་ཁ་ཤས་ཀྱིས་བསམ་ཚུལ་གནད་སྨིན་པ་དེ་འདྲ་བཏོན་འདུག ཡག་པོ་འདུག
སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ནས་དཔར་བསྐྲུན་ཞུས་པའི་མདོ་ཕྱོགས་དང་སྔགས་ཕྱོགས་ཀྱི་དེབ་གཟུགས་བཅུ་ལྷག་ཅིག་ཟིན་པ་དེ་དག་རིན་མེད་ཐོག་གནང་སྩོལ་དང་གདན་ས་ཁག་གི་དགེ་བཤེས་རྣམས་ལ་སྔགས་ཕྱོགས་ལྟ་ཀློག་ཐད་ཕན་རླབས་རྒྱ་ཆེན་པོ་བྱུང་འདུག་ལ། སླད་ནས་ཡི་གེའི་དག་ཆ་ལ་ཤིན་ཏུ་ནས་གཟབ་དགོས་པ་གལ་ཆེན་པོ་མཐོང་གི་འདུག །ད་ཕན་ཡིག་ནོར་མང་པོ་ཞིག་མཐོང་མྱོང་ལ་དེ་རིགས་སྤྱིར་བཏང་རྩོམ་ཡིག་ལྟ་བུར་མ་ཡིན་པར་ཡིག་ཆ་གལ་ཆེན་ཡིན་སྟབས་ཞུས་དག་དང་གཅེས་གཉར་ཡག་པོ་གནང་དགོས་པ་སྨོས་མ་དགོས་པ་རེད། ཐུགས་རྗེ་ཆེ།
བཀའ་སློབ་རྣམས་ཀྱི་མ་དཔེ་གཅེས་ཉར་ཞུ་ཕྱོགས་དང་། ཞུ་དག་འདྲོངས་ངེས་དགོས་སྐོར་གྱི་གལ་ཆེའི་ལམ་སྟོན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་མ་ཟད། མ་འོངས་གནད་དོན་འདི་རིགས་ལ་འབད་བརྩོན་ངེས་པར་དུ་ཞུ་ཆོག་པ་ཞུ།
རྣམ་གྲྭའི་སྒྲ་བརྙན་སྡེ་ཚན་གྱི་ལས་བྱེད་ཚོས་ཡིག་ཚགས་ཉར་བ་ཡག་པོ་འདུག འོན་ཀྱང་ཉར་སྟངས་དེ་གོང་ནས་སྲིན་པོ་རྫ་རྒན་ནས་བཤད་པ་དེ་བདེན་པ་རེད། ཡིག་ཚགས་གལ་ཆེན་རིགས་ས་གནས་ཁག་ཁ་ཤས་ལ་ཉར་རྒྱུ་དེ་སྤྱིར་བཏང་གི་ཡིག་ཚགས་ཉར་འཇོག་བྱེད་སྟངས་ཀྱི་རྒྱུན་ཤེས་ཤིག་ཡིན་ཚོད་རེད། ཡིག་ཚགས་ཉར་སྟངས་དེ་ལ་རིགས་མང་པོ་ཞིག་ཡོད་ཀྱང་གཙོ་བོ་ཡིག་ཚགས་གང་ཡིན་ཀྱང་སྐམ་སར་ཉར་ཚགས་བྱེད་རྒྱུ་འདི་གལ་ཆེན་པོ་རེད། ང་རང་ཡང་ཡིག་ཚགས་རིགས་ཉར་འཇོག་བྱེད་མཁན་གྱི་རིགས་གཅིག་ཡིན། ཡིག་ཚགས་ཉར་འཇོག་བྱེད་རྒྱུ་དེ་སྔ་ཕྱིའི་ལོ་རྒྱུས་གང་ལ་བལྟས་ཀྱང་ཤིན་ཏུ་གལ་ཆེན་པོར་མཐོང་། ལས་དོན་བྱེད་ཕྱོགས་ཀྱི་ཐད། ལོ་རྒྱུས་ཞིབ་དཔྱོད་ཀྱི་ཐད། གནད་དོན་ཐག་གཅོད་ཀྱི་ཐད། ལས་རིགས་ཚགས་ཚུད་ཀྱི་ཐད། བྱ་བའི་གྲུབ་འབྲས་ཀྱི་ཐད། ལས་ཀའི་མགྱོགས་ཚད་ཀྱི་ཐད། ལོ་རྒྱུས་སྲུང་སྐྱོབ་ཀྱི་ཐད༌སོགས་གང་ལ་བལྟས་ཀྱང་ཡིག་ཚགས་ཉར་རྒྱུ་འདི་དགོས་གལ་ཆེན་པོ་ཞིག་ཏུ་མཐོང་། མི་རིགས་གཞན་དང་མི་འདྲ་བར་ང་ཚོ་བོད་པའི་གཤིས་ཀ་ལ་དང་པོ་ལས་ཀ་ཞིག་གི་འགོ་བཙུགས་པ་ནས་བཟུང་ལོ་རྒྱུས་ཡིག་ཚགས་ཉར་འཇོག་མི་བྱེད་པར། བར་སྐབས་ཤིག་ནས་ཡིག་ཚགས་རིགས་ཉར་འཇོག་བྱེད་པའི་ལམ་སྲོལ་ཞིག་འདུག་པ་འདི་མི་ལེགས་པ་ཞིག་རེད། འདི་འདྲ་བྱས་ན་ལོ་རྒྱུས་ཡིག་ཚགས་དེ་གཞན་དང་འདྲ་བའི་འཐུས་སྒོ་ཚང་བ༌ཞིག་བདག་ཉར་བྱེད་མི་ཐུབ་པར་མ་ཟད། ཇི་ལྟར་ཉར་ཚགས་བྱེད་དགོས་མིན་གྱི་ཐད་ནས་ཀྱང་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སྲིད་པས། དང་ཐོག་ལས་ཀའི་འགོ་བཙུགས་པ་ནས་ཡིག་ཆ་གལ་ཆེ་ཆུང་གི་རིགས་ཅི་ཞིག་ཡོད་ན་དེ་སྡེ་ཚན་སོ་སོ་དང་། ལས་རིམ་འདྲ་མིན་ཡོད་པ་བཞིན་ཉར་ཚགས་བྱས་ན་ད་གཟོད་ཉར་ཚགས་བྱེད་སྟངས་ཏེ་ཞིབ་ཚགས་ལ། བྱ་བར་ལྟོས་ནས་ཡིག་ཚགས་དེ་དག་གིས་ཕན་ཐོགས་ཤིག་ཀྱང་ཡོང་ཐུབ།