༄༅། ། གམ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གི་སྒྲ་བརྙན་སྡེ་ཚན་ནི་༧གོང་ས་མཆོག་གི་གསུང་ཆོས་བརྙན་སྡེར་བཟོ་རྒྱུ་དང། གསུང་ཆོས་བཀའ་དྲིན་སྩལ་བ་རྣམས་རྒྱ་བོད་གཉིས་ཐོག་ཕབ་བཤུས་ཀྱིས་བརྙན་སྡེར་འཕྲོད་མ་རིན་མེད་འགྲེམས་སྤེལ་ཞུ་བ། དེ་བཞིན་གསུང་ཆོས་རྣམས་དེང་དུས་ཚན་རིག་དང་མཐུན་པའི་ཉར་ཚགས་བྱ་ཡུལ་གྱི་སྡེ་ཚན་ཞིག་རེད། ཁོ་བོ་ལས་དོན་ཆེད་སྒྲ་བརྙན་སྡེ་ཚན་དུ་བསྐྱོད་སྐབས། ལས་ཁུངས་དེ་གཙང་སྦྲ་དོད་ཅིང་ལས་ཁུངས་ཀྱི་འཛིན་ཆས་རྣམས་ཀྱང་གཞན་འགྲན་མེད་པ་རྐྱང་གིས་ཁེངས་འདུག
སྒྲ་བརྙན་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་བློ་བཟང་ཀུན་དགའ་ལགས་ཀྱིས་ཁོ་བོར་དེང་དུས་ཚན་རིག་དང་མཐུན་པའི་གསུང་ཆོས་འཁོར་ཐག་ཉར་ཕྱོགས་ཀྱི་ཁང་པའི་ནང་དུ་ཁྲིད་ཅིང། ཤོངས་ཚད་ GB གསུམ་སྟོང་བརྒལ་བའི་འཕྲུལ་ཆས་དེ་དག་པང་རིམ་བཞིན་སྒྲིག་པ་མིག་སྟོན་གནང། གསུང་ཆོས་བཀའ་སློབ་གལ་ཆེའི་རིགས་ཉིས་ལྡབ་དང་གསུམ་ལྡབ་ཀྱིས་ཉར་ཚགས་གནང་འདུག་པས། གཏན་བརླག་མི་ཡོང་པ་ནི་སྔོན་དཔོག་ཐུབ་པ་ལྟ་བུ་ཞིག་རེད།
༧བོད་མི་ཤེས་ཡོན་ཅན་རྣམས་དང་ལྷག་པར་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེས་དུས་རྟག་དུ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཉར་ཕྱོགས་ཐད་ད་བར་འཐུས་ཤོར་ཕྱིན་པ་རྟག་ཏུ་གསུང་གི་ཡོད་ལ། བཙན་བྱོལ་བོད་མིའི་ལོ་རྒྱུས་ཡིག་ཚགས་ཀྱང་དེང་དུས་ཚན་རིག་དང་མཐུན་པར་ཉར་ཚགས་བྱ་རྒྱུར་ཁོང་གིས་བཀའ་ཁྲིའི་ཕྱག་ལས་གནང་སྐབས་དམིགས་བསལ་སྐུ་ངལ་བསྐྱོན་ཡོད། ང་ཚོར་དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་འཛམ་གླིང་གང་སར་གནས་པའི་རང་རེའི་ཤེས་ལྡན་པ་དག་གིས་༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ཡོངས་རྫོགས་ལོ་རྒྱུས་ཡིག་ཚགས་སུ་ཚད་ལྡན་ཉར་འཇོག་བྱ་དགོས་རྒྱུ་དེ་རེད་ཅེས་ཚོར་ཤུགས་ཆེན་པོས་ངོས་འཛིན་གནང་ཡོད།
དོན་དངོས་ཀྱི་གླེང་ཕྱོགས་དེ་དག་ལ་རྟག་ཏུ་བསམ་མནོ་འཁོར་མཁན་ཞིག་ལ་མཚོན་ན། རྣམ་གྲྭ་སྒྲ་བརྙན་སྡེ་ཚན་གྱི་ལས་ཁུངས་ཆུང་ཆུང་འདིའི་ཕྱག་ལས་གནང་སྟངས་ནི་དངོས་གནས་ཡིད་འགུགས་པ་ཞིག་རེད། སྐབས་དེར་ངའི་སེམས་ལ་༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ཡོངས་རྫོགས་འདི་ལྟར་བརྙན་སྡེར་དང་ཡིག་ཐོག་གཉིས་ཀར་འགོད་ཐུབ་པ་ཡིན་ན། གཏན་དུ་ནུབ་པ་མེད་པའི་༧གོང་ས་བསྟན་འཛིན་རྒྱ་མཚོ་ང་ཚོས་དངོས་གནས་བཞེངས་བསྐྲུན་གནང་བར་སེམས་ལ། མི་རབས་གསར་པ་དང་ང་ཚོའི་མི་རབས་རྗེས་མ་དག་ལའང་འདི་ལས་ལྷག་གི་གྱ་ནོམ་པའི་གསེར་གྱི་ལེགས་སྐྱེས་ཤིག་སྤྲོད་རྒྱུ་གང་ན་ཡོད།
འགན་འཛིན་སྐུ་ཞབས་བློ་བཟང་ཀུན་དགའ་ལགས་ཀྱིས། མཇུག་ཏུ་ཁོ་བོར་ཁོང་ཚོས་གསར་བཟོ་གནང་བཞིན་པའི་དྲ་རྒྱའང་༼ namgyalarchive.com ༽ བསྟན་བྱུང་ལ། བོད་ཡིག་བཟོ་བཞིན་པའི་དྲ་རྒྱ་དེ་ལ་མཚོན་ན། ༧གོང་ས་མཆོག་གི་གསུང་ཆོས་ཡོད་ཚད་ཕབས་བཤུ་བྱས་ཆོག་པ་བཟོས་འདུག་ལ། གསུང་ཆོས་རྣམས་གཟུགས་མེད་སྒྲ་ལྡན་ MP3 རིན་མེད་ཕབས་བཤུ་བྱས་ཆོག་ཆོག་ཀྱང་བཟོས་འདུག འདི་ནི་དངོས་གནས་རིན་པ་མི་དགོས་པའི་གསེར་གྱི་ལེགས་སྐྱེས་དེ་རེད།
ཁོ་བོ་ལས་ཁུངས་དེ་ནས་ཕྱིར་ལོག་འགོ་བརྩམས་མ་ཐག སྒོ་འགྲམ་དུ་བོད་མི་ཚོས་ལག་ཏུ་ཕྲེང་བ་བཟུང་ནས་ཐད་ཀར་གཙུག་ལག་ཁང་དུ་ཤར་བསྐྱོད་བྱེད་པ་ལས། ལམ་ཟུར་འདི་ན་འདི་འདྲའི་ལོ་རྒྱུས་ཡིག་ཚགས་ཁང་ཆེན་པོ་ཞིག་ཡོད་པ་ཅི་ལྟར་ཤེས། ཡིན་ནའང། ཐའེ་ཝན་དང་ཕྱི་རྒྱལ་པ་ཚོས་ལས་ཁུངས་འདིར་གསེར་རྡོག་རྡོག་ཅིག་ཡོད་པ་ཤེས་ཀྱི་འདུག་ལ། ཁོང་ཚོ་༧གོང་ས་མཆོག་གི་གསུང་ཆོས་སྐོར་གྱི་བརྙན་སྡེར་སྐད་ཆ་འདྲི་རུ་རིམ་བསྟུད་དུ་འབྱོར་བཞིན་འདུག ངའི་སེམས་ལ་མ་འོངས་པར་ལས་ཁུངས་འདིར་གཟིགས་ཞིབ་གནང་མཁན་བོད་མིའང་ཇེ་མང་དུ་གྱུར་ན་ཅི་མ་རུང་བསམས་སོང།
༢༠༡༢། ༤། ༢༦། ཉིན།