ཨེ་མ་ཧོ།
ཀུན་སྤངས་བྱ་བྲལ་གྱི་བླ་མ་དམ་པ་༧སྐྱབས་རྗེ་ཆོས་དབྱིངས་ཁྱབ་བརྡལ་རིན་པོ་ཆེའི་རྣམ་ཐར་རྗེས་དྲན་རིག་འཛིན་རྣལ་འབྱོར་རྒྱལ་པོ་ཞེས་བྱ་བ།
ཨོཾ་གུ་རུ་ཛྙྰ་ན་དྷརྨྰ་དྷརྟུ་ཡེ།
ཆོས་དབྱིངས་ཁྱབ་པར་བརྡལ་བའི་ཀློང་ཆེན་ནས།།
ཕྱོགས་དུས་རྒྱལ་ཀུན་སྤྱི་གཟུགས་ཀུན་ཏུ་བཟང་།།
རབ་འབྱམས་སྲས་བཅས་སྤྲུལ་པའི་སྐུར་སྣང་བ།།
པཎ་ཆེན་བླ་མས་ཚེ་རབས་ཀུན་ཏུ་སྐྱོངས།།
ངེས་དོན་རྒྱལ་བའི་སྐྱེས་རབས་རྣམ་ཐར་ཉིད།།
ཇི་བཞིན་བརྗོད་པའི་སྐྱེས་སྦྱོང་ན་ཕྲ་ཡང་།།
སངས་རྒྱས་དངོས་སུ་མཇལ་བའི་ལྷག་མཐོང་གིས།།
མ་འདྲིས་རང་གསལ་མེ་ལོང་འདི་ན་འགོད།།
༡༽ ཡབ་མཆོག་རུས་མལ་སྟོབས་ལོ་རིན་ཆེན་དང་།།
ཡུམ་ཆེན་ནོར་བུ་སྐྱིད་ཀྱི་ལྷ་སྲས་སུ།།
རབ་ཚེས་ལྕགས་སྤྲེལ་གཟའ་ཚེས་དགེ་བའི་ཉིན།།
ལྗགས་ལག་རྡོ་ཀླས་གནས་སུ་སྐུ་མཆོག་འཁྲུངས།།
༢༽ ཆུང་ནས་སྐྱེས་སྦྱོང་ལང་ཚོ་ནར་སོན་པས།།
ཤུགས་འབྱུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ་ཡིས།།
ཆོས་དབྱིངས་ཁྱབ་བརྡལ་ཞེས་པའི་མཚན་གསོལ་ནས།།
བཀའ་གཏེར་དབང་ལུང་མན་ངག་གསན་བསམ་མཛད།།
༣༽ གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་ལས།།
རྫོགས་ཆེན་ཆོས་མཛོད་རྒྱ་མཚོའི་གཏེར་རྒྱ་ཐོབ།།
བླ་མའི་བཀའ་བཞིན་སྒྲུབ་པའི་ཐུགས་དམ་ཅན།།
ངེས་དོན་རྫོགས་ཆེན་བསྟན་པའི་རྟེན་འབྲེལ་དབང་།།
༤༽ ཁྱད་པར་བྱ་བྲལ་དམ་པས་བཀའ་གནང་བཞིན།།
བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་བསྟེན།།
སྔ་འགྱུར་བཀའ་གཏེར་མཛོད་ལ་ལོངས་སྤྱོད་ནས།།
མཁས་གྲུབ་རྒྱལ་བའི་གདུང་སྲས་འཁྲུལ་མེད་གྱུར།།
༥༽ གངས་ལྗོངས་བསྟན་པའི་འབྱུང་གནས་སྔ་འགྱུར་བའི།།
ཀུན་མཁྱེན་རོང་ཀློང་འཇམ་མགོན་མི་ཕམ་སོགས།།
བཀའ་བསྟན་གྲུབ་མཐའ་འཛིན་ལ་གཅིག་དཔའ་བའི།།
གསེར་རྟའི་མཁན་པོ་ཆོས་ཁྱབ་ཀུན་ཏུ་གྲགས།།
༦༽ ཁྱད་པར་ཀུན་མཁྱེན་བོད་པ་སྤྲུལ་སྐུ་ཡིས།།
ལྟ་གྲུབ་ཐེག་པའི་གསུང་གི་འཕྲོས་དོན་སྐབས།།
མཁས་བཙུན་བཟང་པོའི་གསེར་རྟ་ཆོས་ཁྱབ་འདི།།
རོང་ཟོམ་རྣམ་སྤྲུལ་ཡིན་པར་ལུང་གིས་བསྔགས།།
༧༽ རྒྱལ་བ་ཞེ་ཆེན་ཀོང་སྤྲུལ་ཡོན་ཏན་སོགས།།
བཤེས་གཉེན་མང་བསྟེན་བཀའ་གཏེར་དག་སྣང་སྐོར།།
དབང་ལུང་མན་ངག་ཐོས་བསམ་སྒོམ་པའི་རྒྱུན།།
གསན་བསམ་ཚུལ་བཞིན་མཛད་པའི་བླ་མ་རྒྱལ།།
༨༽ ང་བརྒྱད་དུས་འགྱུར་ངན་པའི་གནར་གཅོད་སྐབས།།
ལོ་འཁོར་ཉེར་གཅིག་དབེན་པའི་རི་སུལ་དུ།།
ཀློང་ཆེན་བརྒྱུད་པའི་གདམས་ངག་ཁྲིད་སྦྱོང་གི།།
རྩ་རླུང་འཕྲུལ་འཁོར་དཀའ་སྤྱད་བདག་གིར་བཞེས།།
༩༽ འདུལ་ཁྲིམས་རྣམ་དག་ཤཱཀྱའི་རྒྱལ་བའི་སྲས།།
ཏིང་འཛིན་ཡང་དག་རྒྱལ་སྲས་སེམས་དཔའ་ཉིད།
ཤེས་རབ་མིག་དག་རྫོགས་ཆེན་རྣལ་འབྱོར་པ།།
ཀུན་སྤངས་བྱ་བྲལ་དམ་པའི་རྟུལ་ཞུགས་མཛད།།
༡༠༽ སྐུ་མཆོག་མཚན་དཔེའི་ལང་ཚོ་རྣམ་པར་བཞད།།
གསུང་དབྱངས་རྒྱུན་ཆད་མེད་པར་ཆོས་འཁོར་བསྐོར།།
ཐུགས་རྗེ་མཚུངས་མེད་སྤངས་རྟོགས་ཡོན་ཏན་རྫོགས།།
མཁས་གྲུབ་རྣལ་འབྱོར་རྒྱལ་པོ་ཁྱེད་མིན་སུ།།
༡༡༽ གངས་ལྗོངས་གསེར་ཡུལ་རྔ་ལ་སྟག་རྩེ་རུ།།
དོན་དགུ་ནས་བཟུང་སློབ་ཚོགས་སྨིན་གྲོལ་ཕྱིར།།
ཆོས་སྦྱིན་བཀའ་གཏེར་བསྟན་བཅོས་འཆད་ཉན་དཔལ།།
སྐལ་བཟང་སློབ་འབངས་དགྱེས་པའི་དགེ་ལེགས་ཤར།།
༡༢༽ ཐུགས་རྗེ་བྱིན་རླབས་འཛད་མེད་ཆར་དུ་བསྙིལ།།
སྐལ་ལྡན་སྙིང་གི་པདྨོའི་གེ་སར་བཞད།།
ཕུན་ཚོགས་བཤད་སྒྲུབ་སྣང་བའི་དྲི་བཟང་ཁྱབ།།
རྒྱལ་བསྟན་ཀུན་ཕན་མཛད་པའི་རྣལ་འབྱོར་རྒྱལ།།
༡༣༽ བྱམས་བརྩེའི་ངོ་བོ་སྤྱན་རས་གཟིགས་དབང་མཆོག།
མཁྱེན་རབ་རང་བཞིན་རྗེ་བཙུན་འཇམ་དཔལ་དབྱངས།།
མཐུ་སྟོབས་ཐུགས་རྗེ་གསང་བདག་དཔའ་བོའི་ཉིད།།
ཀུན་འདུས་བྱ་བྲལ་དམ་པའི་སྐུ་རུ་གསལ།།
༡༤༽ ཆོས་བརྒྱད་བསླུ་བྲིད་དྲི་མས་མ་གོས་ཞིང་།།
གཞན་ཟེར་རྨོངས་པའི་མུན་པར་མ་ཚུད་པའི།།
ཕན་བདེའི་བདུད་རྩིའི་ཆོས་ཆར་འབེབས་མཁས་པ།།
རྣལ་འབྱོར་དབང་ཕྱུག་རྒྱལ་པོའི་ངེས་ཤེས་ཅན།།
༡༥༽ རིས་མེད་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཕྱིན།།
གང་ལ་ཕན་པ་བདེ་ལེགས་འབྱུང་བའི་གཞི།།
ལམ་བཟང་ཇི་བཞིན་སྟོན་པའི་བཀའ་དྲིན་ཅན།།
སྙིགས་དུས་འཇིག་རྟེན་སྒྲོན་མེ་རྣམ་པར་རྒྱལ།།
༡༦༽ ཁམས་གསུམ་མུན་ནག་བསལ་བའི་རྟ་བདུན་དབང་།།
འགྲོ་ཁམས་ཐུགས་བརྩེས་བྱམས་པའི་ཀུ་མུད་གཉེན།།
ཕྲིན་ལས་རབ་འབྱམས་བརྡལ་བའི་རྒྱུ་སྐར་ཚོགས།།
སྣོད་བཅུད་འོད་གསལ་སྙིང་པོ་ཁྱེད་མིན་སུ།།
༡༧༽ ལྟ་བ་ཀུན་མཁྱེན་ཡབ་སྲས་དགོངས་པར་འཛིནྃ།།
སྒོམ་པས་ཉིན་མཚན་རྒྱུན་སྐྱོངྃ་ཆོས་དབྱིངས་ངང་།།
སྤྱོད་པ་ཁྱབ་བརྡལ་རིག་པའི་རྟུལ་ཞུགས་སྤེལྃ།།
འབྲས་བུ་རྫོགས་པའི་སངས་རྒྱས་མངོན་སུམ་བཞུགས།།
༡༨༽ མདོ་སྔགས་རིག་གནས་མཁས་པའི་པཎ་ཆེན་དང་།།
ཉེས་ལྟུང་ཕྲ་མོས་མ་གོས་བཙུན་པའི་དཔལ།།
བཟང་དགུའི་ཡོན་ཏན་ཕྱུག་པའི་གྲུབ་ཆེན་སོགས།།
དངོས་སློབ་མཁས་གྲུབ་རྣལ་འབྱོར་བགྲང་ཡས་བསྐྲུནད།།
༡༩༽ སྐུ་གསུམ་རྒྱལ་བའི་རྒྱལ་ས་བརྙེས་པའི་བརྡར།།
རབ་གནས་མེ་གླང་ནག་ཟླའི་ཡར་ཚེས་ཀྱི།།
རྒྱལ་བ་དང་པོར་དགོངས་པར་ཆོས་དབྱིངས་བསྡུས།།
ངོ་མཚར་རྟགས་བཟང་གདུང་དང་རིང་བསྲེལ་བཞགས།།
༢༠༽ དེ་བཞིན་མཁན་རབས་གསེར་རིའི་ཕྲེང་བའི་འོད།།
གསེར་ལྗོངས་ལི་མདོ་ངེས་དོན་མདོ་སྔགས་དཔལ།།
ཆོས་འཁོར་བཤད་སྒྲུབ་ཕྲིན་གླིང་བའི་གར།།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་སྨོན།།།
ཞེས་པ་རབ་གནས་ཤིང་ལུག་ལྷ་བབས་ཟླ་བའི་དུས་ཚེས་དགེ་བར་གསེར་ལྗོངས་ལི་མདོ་ངེས་དོན་མདོ་སྔགས་ཆོས་འཁོར་གླིང་གི་དུས་སྟོན་དང་འབྲེལ་ཆོས་མཆེད་དུ་མས་འཕྲིན་ཕྲན་གྱི་བརྡ་དོན་རྟགས་སྐུལ་གྱི་རྐྱེན་ལས་རང་སྣང་གང་ཤར་གླུ་རུ་ལེན་པར་མཁས་པའི་དཔལ་དགྱེས་པ་འམ་སྐྱབས་རྗེ་དམ་པ་གང་གི་སློབ་བུ་གྲལ་མཐར་འཛིན་པ་རྨོངས་རྟུལ་གྱི་ན་བ་རྒྱལ་ཁམས་གྱི་འཁྱམས་པོ་ཤྲྰི་ཨེ་མ་ཧོ་འབོད་པས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་ཆོས་ཚོགས་ཀྱི་ཐུན་མཚམས་སྐབས་སུ་སྙིང་ནས་གསོལ་བ་འདེབས་པར་དགེའོ། དགེའོ། དགེའོ།། །།
ཞེ་དྲག་ཡག་པོ་བྲིས་གནང་བཞག མངོན་པར་བསྟོད་དོ།