བསྟན་འཛིན་ཚེ་དཔག
༼རང་གི་རྩོམ་འགྲོས་རྙིང་པའི་ལུགས་སུ་བྱས་པ༽
གཅིག གླེང་སློང་བའི་ཚིག་དུམ་གཅིག
ཉིན་མཚན་གྱི་བགྲོད་པ་ནི་གཅིག་ལ་གཅིག་འགྲན་གྱིས་ལྟེབས་ཤིང་རྫོགས། བྱ་ལས་ཀྱི་བྲེལ་བ་ནི་ཁ་ཉིན་ལས་དེ་རིང་འཚུབ་པའི་རྣམ་པར་འཁྱུད། དུས་ད་ལྟ་ན། སུ་དག་ཁོམ་པར་གནས་པ་དེ་དག་ལ་ཡིད་སྨོན་ཅིང་སེམས་འཆོར་གྱིན་ཡོད་པའི་སྐབས་འདིར། བདག་གི་ཀློག་མཁན་ཚོར་འབུལ་བ་ལ་སྤྲོ་བ་ཚད་མེད་པའི་སེམས་ཀྱིས་ཞུ་བ་འདི་ཡོད་དེ། སུ་དག་གིས་ད་ཕན་བདག་གི་ཚིག་དག་བཀླགས་པ་དེ་དང་དེ་དག་གང་ན་སུ་དག་བཞུགས་པ་ཐམས་ཅད་ལ། བསམ་བཞིན་དུ་བྱས། བསམ་བཞིན་མ་ཡིན་པར་བྱས། སྣང་མེད་ཀྱི་ངང་དུ་བྱས་པ་གང་ཡང་རུང༌། སེམས་ཀྱི་གཏིང་ལ་མ་བདེ་བའི་ཕོག་པ་དང་ཐུག་པའི་རིགས་བཟོས་ཤིང་ཡོད་ན། དེ་དང་དེ་དག ད་ཚོད་བདག་གིས་སེམས་དང་བསམ་པ། སྙིང་དང་གློ་བའི་ཁོང་གསེང་དག་ལྷག་བསམ་རླུང་གིས་རྣམ་པར་དག་པར་བཀྲུས་ཏེ་གང་ཞུ་ན། བཟོད་པར་གསོལ་ལོ་ཞེས་ཞུ་བ་འདི་ལགས།
རྣམ་པ་འགའ་ཞིག་ཏུ་བདག་གིས་ཡས་ཀྱི་བཤད་སྣེར་མས་ཀྱི་གླེང་སྣེ་བཏགས་ནས་ཤོམ་གྱི་འགྲོས་ཅི་འདོད་དུ་བསྟར་བའི་བར་གསེང་དག་ན། འཕྱ་ཞིང་དམོད་པར་བྱས་པ་སོགས་ཀྱི་ཆར་གྱུར་པའི་ཚིག་དག་སྤེལ་བས། སུ་དག་གི་དབུ་ཞབས་གང་རུང་ལ་ཕོག་པའང་ངེས་པར་ཡོད་མཆི་ན། དེ་དེར་ཡང་བསམ་པ་རྣམ་པར་དག་པས་བཟོད་གསོལ་ཞུ་བ་ལགས།
འོན་ཏེ། དུས་དེ་རིང་ཞུ་བར་འདོད་པའི་གཏམ་གྱི་ཕྲེང་བ་ཤིན་ཏུ་ནས་ཉུང་ངུར་བྱས་པ་འདི། གོང་གི་སེམས་བསྐྱེད་དག་གཡས་བཞག་གཡོན་བཞག བཀླགས་པ་ཙམ་གྱིས་བདག་གི་ཀློག་མཁན་གང་དག་གི་སེམས་ལ་ངེས་པར་ཕོག་ཐུག་བཟོ་བའི་སྟངས་སྟབས་གཙོ་བོར་བྱས་ཏེ་འབྲི་བར་སྤྲོ་ཞིང༌། ཀློག་པར་བྱེད་པོ་དག་ཞེ་ནས་ཁྲོ་ཞིང་སྡང་བ་ཞིག་ལ་སྨྱུག་ཁ་ལེགས་པར་གཏད། ཡ་ཡོར་མེད་པར་ནན་གྱིས་བཙུགས་ནས་ཞུ་བར་བྱ་བའི་གཏམ་ནི། གཤམ་དུ་རི་མོར་བསྟར་ནས་ཡོད་ལགས་པ་འདིའོ།།
ཚིག་པ་དང་བཅས་ཏེ་གཟིགས་རོགས། འཁོན་སེམས་དང་བཅས་ཏེ་གཟིགས་རོགས། ཁྲོ་སྡང་དང་བཅས་ཏེ་གཟིགས་རོགས། ཀློག་མཁན་ཁྱེད་རང་ཞེ་ནས་ཁྲོ་ཞིང་སྡང་བ་ཞིག་བྱུང་ན། དེ་གས་བསམ་པ་རྫོགས་པ་ཡིན། ཐོག་མར་ཞུ་བའི་གཏམ་དུ་འདི་ཙམ་བྱས་སོ།།
གཉིས། ང་ཚོའི་ཁ་སྟབས་ལ་གཟས་པ།
ཁྱོད་དང་ང༌། ཁོང་བཅས་བདག་གཞན་རོགས་གསུམ་ཚང་མ། མཁྱེན་པ་བཤད་ན་ཀློང་བརྡོལ་བ། སྤོབས་པ་བཤད་ན་ས་འདར་བའི་ཚུལ་གྱིས་འགྱིང་ནས་སླེབས། དུས་དེ་ཙ་ན། ཟིན་བྲིས་ཀྱི་ར་བ་འདིར་སོ་སོ་ལ་དཔག་པའི་བཙན་ས་རེ་བདག་གིར་བྱས་པའི་རྔམ་ཟིལ་དག་གིས། སྔོན་གྱི་སྐབས་ན་སེམས་ཀྱི་སྤོབས་པའི་མགོ་བོ་སྨད་པ་ལས་འོས་སུ་ཆེ་བ་གང་ཡང་མི་འདུག་སྙམ་པའི་སེམས་དང་ཚོར་བ་འཕྱུར་བར་བྱས། དུས་ད་ཆར། དཔའ་བཤད་ཀྱིས་འགྱིངས་ནས་སླེབས་མཁན་ཚོའི་མདངས་ཡལ་སོང༌། ཁ་སྤོབས་ཀྱི་རྡུལ་དཀྲིགས་ནས་སླེབས་མཁན་ཚོའི་ཤུགས་འཇགས་སོང༌། གནས་འདིར་བཙན་ས་འཛིན་པ་ལ་ཁས་འཆེ་དཔའ་བསྐྱེད་པའི་སྐད་གྲགས་ཅན་དེ་ཚོས། ལྡིར་བྱས་པའི་འབྲུག་སྒྲའི་བབ་དང༌། ཆར་བྱོ་བའི་བབ་གཉིས་ཀའི་ཁ་དོག་ཡལ་སོང༌། སུ་དག་རང་ཉིད་མཁས་པར་སྒྲོག་པ་དེ་དང་དེ་དག དུས་ད་ཆ། ཚིགས་མལ་གཅིག་རང་ནས་མ་འཕགས་པར་ལུས་དེ་ཧད་ཅིང་སྡོད་པ་འདི་ཅི་རེད་སྙམ་དུ་འདྲི་བར་འདོད་ན། ཁྱེད་དག་ལན་ཅི་ལྡོན་ལ་ངང་སྒུག་གིས་ཡོད་དོ།།
སྐད་འཕང་ཁྱོད་མཐོ་ང་མཐོ་འགྲན་པའི་ཚུལ་གྱིས་གླེང་བྱ་གཅིག་སྟེ། རྨང་རྡོ་གལ་ཆེ་བ་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ། འཕེལ་རྒྱས་གལ་ཆེ་བ་ལ་ཆོས་དང་རིག་གཞུང་ཞེས་ཀུན་གྱིས་ཟློ་བ་དེ། ད་ཆ་གནས་མལ་གང་ཞིག་ཏུ་ཆས། ད་ཆ་ཚིགས་མལ་གང་ཞིག་ནས་ཟགས། ཡས་ཚིག་དག་ཆས་ཕོངས། མས་ཚིག་དག་ཆས་ཕོངས། རྣམ་པ་གཅིག་ཏུ་ན། སྐད་ཡིག་གི་ཚེ་སྲོག་གཅོད་པ་ལ་གཅིག་ལས་གཅིག་ལྷག་གིས་རྔམ་པ་འདྲ་བའི་སྟངས་སྟབས་འདི་སུ་དག་གིས་བྱས་སྙམ་དུ་འདོད་དམ། སུ་དག་གི་བྱས་ཉེས་རེད་སྙམ་དུ་འདོད་དམ། དྲང་པོར་སྨྲ་བ་ལ་སུ་བྱུང༌། ཡོན་པོར་སྨྲ་བ་ལ་སུ་དག་བྱུང༌། ལེགས་པར་མི་སློབ་པ། རྩིང་ཆོས་ཀྱིས་ཚིམ་པར་སྡོད་པ་འདི་འདྲ་དག་ནི་སུ་ཞིག་གིས་བྱས་སྙམ་དུ་བསམས་པ་ན། ངེད་རང་ཐེ་བའི་འུ་ཅག་གི་ཁ་སྟབས་ལ་གཅིག སྟངས་སྟབས་ལ་གཉིས་འདིས། དམ་པ་རྣམས་ཁྲེལ་བ་ལ་ཚད་མེད་པའི་གནས་སུ་འདུག་པའང་བསམ་པར་རིགས་པ་ནི་ཅི་བས་ཡིན་མཆི་ན། རྣམ་པ་ཀུན་ཏུ་ལས་སུ་བྱ་བ་གང་དག་དོན་དངོས་དང་མཐུན་པ་ཞིག་གལ་ཆེ་བར་ང་ཚོས་སྒྲོག་བཞིན་པའི་མུ་ལ། དེ་དང་གོ་ལོག་གི་བགྱི་བ་ལ་ངེད་ཅག་རྣམས་འཚང་ཁ་ཤིག་ཤིག་གིས་འཇུག་པ་འདི། གང་ཞིག་ཞེ་བློ་ཕམ་པའི་གཞི་རུ་འདུག་ན། ཚུལ་འདིར་དགོངས་སུ་གསོལ་ལོ།། དགོངས་སུ་གསོལ་ལོ་ཞེས་ཞུའོ།།
གསུམ། ང་ཚོའི་བྱས་འབྲས་ལ་གཟས་པ།
གང་བྱས་གནོད་དུ་གྱུར་རོ་ཞེས་སྦྲན་པ་ན། སུ་གང་དག་ཅིག་མི་དགའ་བ་བྱེད། གང་ཞིག་གིས་ཕན་དུ་བྱས་སོ་ཞེས་སྦྲན་ན། དེ་ལས་གཞན་དག་ཁྱུ་ཞིག་མི་དགའ་བ་བྱེད། དཔའ་བ་ལ་སུ་བྱུང་བགྲངས་པས། བཞི་ལྔ་དྲུག་དག་ཏུ་སྐོར་བ་བྱེད་དུ་ངེས། སྟངས་ཀ་མང་པོ་ཞིག་ཡི་གེའི་གད་སྙིགས་སུ་འདུག་ཅེས་ན། ཡི་གེ་བ་ཀུན་གཅིག་ལ་གཉིས་ཀྱིས་འདུས་ནས་ཀྱང་མི་དགའ་བ་ཆེར་བྱེད། ཡིན་རྒྱུ་ནི། བདག་དང་བདག་འདྲ་བ་དག ཡི་གེའི་གད་སྙིགས་སྤུངས་པ་ལ་ཅི་མི་སྙམ་པའི་སེམས་དང་ལྡན་པ་དག་ལ། ལམ་སྟོན་གྱི་མཛུབ་མོ་གདོང་ལ་ཕོད་མཁན་ལེགས་པའི་དཔའ་དང་ལྡན་པ་ཡོད་ན། ཕེབས་དང་གུས་ཕྱག་དང་བཅས་ཏེ་བཀུར་བར་བྱ་བ་ལ་འཇུག་གོ། ངེད་ཅག་རྗེས་སུ་གཟུང་དུ་གསོལ་ཞེས་ཞུ་བ་ལགས།
གཞན་དུ་ན། གྲོས་སུ་འདེབས་པ་ལ་འོས་པའི་ཚད་དུ་བྱས་ན། སུ་དག་རང་གིས་རང་ལེགས་པར་མཐོང་བ་སླ་ཡི། གཞན་གང་ཞིག་གི་བྱས་པ་ལེགས་པ་མཐོང་བ་ལ་མིག་ལྡོང་ལྡོང་དུ་འགྱུར་བ་སྤངས་ནས། གྲོས་ཀྱི་འདུ་བགྱི་བ་འཁོན་སེམས་ཀྱིས་མ་བཟུང་བ་དང༌། ཡོ་བསྲང་གི་འདུ་བགྱི་བ་དག་ཁྲོ་སྡང་གི་སེམས་ཀྱིས་མི་འཛིན་པ་ཞིག་དམ་དུ་བྱས་པའི་ཕན་དེ་ནས། གཟོད་ང་ཚོས་ཁ་ནས་སྒྲོག་པའི་ཚིག་དག་དང༌། ཞེ་ནས་སྨོན་པའི་དོན་དག་དང༌། ལག་ལེན་གྱི་གོམ་པ་དག་སྙོམས་པ་ལ་རེ་བས་བལྟས་ཆོག་ཏུ་མཐོང་ན། ཀུན་གྱི་ཡིད་སྤྲོ་བ། སེམས་མགུ་བ་ལ་ཚད་མེད་པའི་གྲུབ་པའི་མཐའ་དོན་རང་གཞན་གཉིས་དགེའི་རིན་ཐང་རི་བ་ཞིག་ཡི་གེ་བ་ཀུན་ལ་སྐྱེས་སུ་འདེགས་པ་ལ་དཔའ་གདེང་གཉིས་རྙེད་དུ་འགྱུར་བ་ལགས་ན། ཚུལ་འདིར་དཔའ་ཉམས་བསྐྱེད་པ་རེ་ཐུགས་ལ་འདོགས་འཚལ་ཞེས་ཀྱང་ལྷད་མེད་ལྷག་པའི་བསམ་པས་ཞུ་བར་ཐལ་ལོ།། །།
༼བོད་ཀྱི་དུས་བབ་དྲ་ཚིགས་ལས་བཤུ་འགོད་བྱས།༽
ད་རྩོམ་འདི་འདྲ་ཞིག་དབྱིན་ཡིག་ལ་སྒྱུར་དང་དཀའ་ངལ་ཡོད།
སྔོན་མ་བོད་ཀྱི་སྐྱབས་ཞུ་རྙིང་པ་ཞིག་དབྱིན་ཡིག་ལ་སྒྱུར་མྱོང་། འོ་དོན་དག་འདི་ཡིན་ཟེར་རྒྱུ་མེད་པར། ཚིག་ཚོགས་ཀྱིས་ཤོག་བུ་ཆ་ཚང་བཀང་ནས་དབྱིན་ཡིག་ལ་སྒྱུར་དུས་དོན་འདི་ཡིན་ཅི་ཡིན་མེད་པས། ཉིན་གང་པོ་སྒྱུར་བའི་འབྲས་བུར་སྐུ་མཁྱེན་སྐུ་མཁྱེན་ཟེར་བ་འདི་རེད།
ང་རང་ཡང་ཁོང་ཁྲོ་དང་དུས་ཚོད་ཟད་སོང་སྙམ་པའི་འཚོར་བ་སྐྱེས། སྦྱིན་བདག་ཕྱི་གླིང་བའི་དགེ་རྒན་ཆེན་མོ་ཞིག་ཡོད་པ་དེ་ཡང་ཐང་ཆད་ནས། ད་ཡིག་ཆ་འདི་ཚོ་ང་ཚོས་རྩ་ཆེན་ལ་བརྩིས་ནས་དཔེ་མཛོད་ཀྱི་སྦུག་སྦྒུག་ལ་བཅུག་ཡོད་ཟེར།
ངའི་ཡང་དོན་དག་ཆ་ཚང་ཞིག་མ་གོ་ཡང་། སྤྱིར་རང་སེམས་ལ་སྒྲུབ་པ་མེད་ན་བར་དོ་ལ་འཇིགས་སྐྲག་མེད་ཟེར་སྲོལ་འདི་དོན་དངོས་ཤིག་རེད་ལ། དེ་བའི་རྣམ་རྟོག་ལ་སྟངས་འཛིན་ཞིག་མེད་ན་སྣང་སྲིད་དགྲ་རི་སྣང་ཟེར་སྲོལ་འདི་ཡང་བདེན་གཏམ་ཞིག་མ་ཡིན་ནམ།
བརྗོད་བྱ་ཧ་ཅང་ཆུང་ཆུང་ཞིག་ལ་རྗོད་བྱེད་ཚིག་གི་རྒྱན་ཆས་རིང་དུ་བཏང་བ་ཙམ་རེད། ངས་རྒྱུན་དུ་ནས་ཡིག་རྒྱུགས་སྐབས་སུ་ཚད་བཀག་གི་ཡིག་འབྲུས་མ་ལོངས་ན་གཞི་ནས་འདིར་ལྟར་དོན་མེད་ཀྱི་ཚིག་སྐམ་དག་བར་བཅུག་གིས་རྒྱུགས་ཤོག་གི་སྟོང་ཆ་སྐོང་གི་ཡོད།