གཙུང་བུ
རྣམ་རྟོག་མིག་ཤེལ་ནག་པོས་འདྲེན་བྱེད་དེ་བཀག་ཅིང༌། །
གྲོགས་ལ་ཞགས་གསུམ་འགྲོགས་པའི་འགྲོན་པོ་ཡི་འདུ་ཤེས། །
བཅོས་མའི་འཛུམ་དང་སྙིང་གཏམ་བཤད་ཁུལ་ལ་འབད་ཀྱང༌། །
ལྷད་མེད་བརྩེ་དུང་སྐྱེ་བའི་དུས་ཚོད་ཅིག་མི་འདུག །
རྣམ་རྟོག་རབ་རིབ་ངན་པས་མིག་དབང་དེ་བསྒྲིབས་ཅིང༌། །
ཡོད་ཚད་ངོ་བོར་ལོག་པའི་བག་ཆགས་རེ་འཇོག་བཞིན། །
མི་འདོད་བཙན་གྱིས་སྒྲིག་པའི་ཆོ་ཤུག་ལྟར་འདྲིས་ཀྱང༌། །
བཅོས་མིན་འཛུམ་དང་བདེ་སྐྱིད་རྒྱ་ཁབ་ལས་ཕྲ་བ། །
རྣམ་རྟོག་ད་དུ་ར་ཡིས་མིག་ཤེས་དེ་བསྒྲིབས་ཅིང༌། །
དྲི་བྲལ་གཡའ་དག་གྲོགས་བཟང་ཆོས་དུང་དེ་དཀར་པོར།།
ལན་བརྒྱར་བལྟས་ཀྱང་དཀར་གཙང་བཞིན་རས་ཀྱི་རང་མདོག །
འཇལ་སྐལ་དབེན་ཞིང་མགོ་བོ་མུན་ནག་ཏུ་ཚུད་ངེས། །
ཐམས་ཅད་རྣམ་རྟོག་ངན་པའི་གཞན་དབང་དུ་གྱུར་ནས། །
ཕ་དང་བུ་གཉིས་བར་ལ་མནའ་མ་ཡི་རྩོད་གཞི། །
མ་དང་བུ་མོའི་དབར་ལ་མག་པ་ཡི་རྙོག་གླེང༌། །
ཁྱིམ་གཞིས་ཞི་བདེ་གནས་པའི་སྐལ་བཟང་དེ་ཕྲ་བ། །
མི་གཙང་སྐྱག་པས་བརྒྱངས་པའི་གྲོད་ཁོག་གི་རྒྱུ་ཐག །
གཤོག་ལྡན་ཐང་དཀར་རྒོད་པོ་བརྒྱ་ཕྲག་རེ་ཡོང་ནས། །
གཡས་ནས་འཐེན་ཞིང་གཡོན་ནས་དྲུད་པ་ཡི་ངང་ཚུལ། །
མ་སླེབས་བར་དུ་རྣམ་རྟོག་ཟད་རྒྱུ་ཞིག་མི་འདུག །